ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་འབྲི་དཔེ།

ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅེས་པ་ནི་སློབ་ཕྲུག་ཚོས་བྲི་བྱའི་མི་དང་བྱ་བ། ཡུལ་ལྗོངས། དངོས་དབྱིབས་ལ་སོགས་པ་གང་དང་གང་ཡིན་པ་དེ་དག་ཇི་ལྟ་ཇི་ལྟར་ཡོད་པའི་རྣམ་པ་དང་ཁྱད་ཆོས་རྣམས་དོན་དངོས་བཞིན་དེ་ལྟ་དེ་ལྟར་བཀོད་པའི་རྩོམ་གྱི་རིགས་ཤིག་ཡིན། གཤམ་དུ་ང་ཚོས་གཙོ་བོར་དཔེ་བརྗོད་ཀྱི་ལམ་ནས་འབྲི་ཐབས་མི་འདྲ་བ་རེ་རེ་བཞིན་ངོ་སྤྲོད་པར་བྱ།

བདག་གི་ཨ་མ།

བདག་གི་ཨ་མའི་མིང་ལ་འབྲུག་མཚོ་རྒྱལ་ཟེར་ལ། ཁོ་མོ་ནི་ད་ལོ་ལོ་བཞི་བཅུ་ཞེ་དྲུག་ཡིན། ཁོ་མོ་ལ་ཕྲ་ཞིང་རིང་བའི་གཟུགས་དང་སྒོར་ཞིང་དཀར་བའི་གདོང་། གཞུ་ལྟར་འཁྱོག་པའི་སྨིན་མའི་འོག་ན་ཁྲ་རིག་རིག་བྱེད་པའི་མིག་ཟུང་ཡོད། ཁ་ནི་ཆུང་ཞིང་སྒོར་ལ་མཆུ་སྒྲོས་ཅུང་ཟད་ཡར་བརྫེས་ཡོད། ད་དུང་རྒྱ་ལྕང་གི་ལོ་མ་ལྟར་ཐུར་དུ་དཔྱངས་པའི་སྐྲ་ལོ་ཡིས་ཁོ་མོ་མཛེས་པར་བརྒྱན་ཡོད།
བདག་གི་ཨ་མ་ནི་མི་གཞན་ལ་རོགས་རམ་བྱེད་པར་ཧ་ཅང་དགའ་ལ་རྒན་པ་རྣམས་ལ་བརྩི་བཀུར་བྱེད་པར་དེ་བས་ཀྱང་དགའ་རྐྱེན། རྒྱུན་པར་ནུ་མོ་དང་ངེད་གཉིས་ལ་མ་འོངས་པ་ན་རང་གཞན་ཀུན་ལ་ཕན་པའི་མི་ཞིག་བྱེད་དགོས་པའི་ཁ་ཏ་སློབ་གསོ་གཏོང་གིན་ཡོད།
ནམ་མཁའི་དབྱིངས་སུ་སྤྲིན་པ་བྱེའུ་མགོ་ཙམ་ཡང་མེད་པའི་ཉིན་ཞིག་ལ། ང་རང་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་ཞིང་མེ་ཏོག་སྣ་ཚོགས་སྡུག་གུར་བཞད་པའི་ནགས་ཚལ་དུ་རྩེད་མོ་རྩེ་རུ་འགྲོ་སྐབས། ཨ་མས་ཆར་ལྭ་ཞིག་ཁྱེར་ཡོང་ནས་བདག་ལ་སྤྲད་མོད། འོན་ཀྱང། ངས་དེ་རིང་གནམ་ངོ་འདི་འདྲ་ཞིག་ལེགས་པས་ཆར་བ་ཞིག་འབབ་རྒྱུ་གང་ན་ཡོད་སྙམ་སྟེ། ཨ་མས་བཤད་པའི་སྐད་ཆ་དེ་རྣ་རྒྱབ་ཀྱི་རླུང་བུར་བཏང། དེ་ནས་ཕྱི་དྲོ་ལོན་པ་ན། གློ་བུར་དུ་སྤྲིན་ནག་ལང་ལོང་དུ་འཁྲིགས་ཤིང་འབྲུག་སྒྲ་འུར་འུར་དུ་གྲགས་ཏེ། བསམ་དབང་དྲན་དབང་མེད་པར་ཆར་པ་ཤག་ཤག་ཏུ་བབས་བྱུང། སྐབས་དེར་ང་རང་ནི་ཆུ་ཡིས་བྲན་པའི་བྱེའུ་ཞིག་དང་འདྲ་བར་གྲང་འདར་བརྒྱབ་ནས་སྐད་ཆའང་བཤད་མི་ཐུབ་པར་གྱུར།
ཆར་བའི་འབབ་རྒྱུན་གྱི་ཁྲོད་དུ་གསལ་ལ་མི་གསལ་བའི་གཟུགས་རིས་ཤིག་ངའི་ཕྱོགས་སུ་འོང་བཞིན་པ་མཐོང་བས། སྤྲོ་བ་ཞིག་སྐྱེས་ནའང་དེ་ནི་བདག་གི་ཨ་མ་ཡིན་པ་སེམས་ལའང་མ་ཤར། གམ་དུ་སླེབས་དུས་མ་གཞི་དེ་ནི་གཞན་མ་ཡིན་པར་ཨ་མ་ཡིན་ལ། མོས་ད་དུང་ཆར་ལྭ་ཞིག་བཟུང་ནས་ང་རང་ལེན་དུ་སླེབས་པས་ང་ལ་དགའ་བ་སྨྲ་མི་ཤེས་པ་ཞིག་སྐྱེས་བྱུང།
ཕྱི་ཉིན། བདག་ལ་ཆམ་པ་བྱུང་བས་ཨ་མ་དུས་ཚོད་སྐར་ཆ་གཅིག་ལའང་མ་བྲལ་བར་སྦྱོར་བ་སྨན་དང་བྱམས་པའི་སེམས་ཀྱིས་གཉོར་སྐྱོང་གང་ལེགས་མཛད། ཉིན་འགའ་འགོར་རྗེས་ངའི་ཆམ་པ་རིམ་གྱིས་སངས་དྲག་ཏུ་སོང།
རེད་ཡ། འཇིག་རྟེན་ན་ཆེས་གཟི་བརྗིད་ལྡན་པ་ནི་ཨ་མའི་བྱམས་བརྩེ་ཡིན་ལ། ཆེས་གཞལ་བར་དཀའ་བའང་ཨ་མའི་དྲིན་ལན་རེད། དེ་བས་ཆུང་ཆུང་བྱིས་པ་ཚང་མས་ཕ་མའི་རེ་བ་སྟོང་ཟད་དུ་མི་གཏོང་བར་ལྔ་རིག་ཤེས་བྱའི་ལང་ཚོ་དར་བའི་སློབ་རའི་པདྨའི་ཚལ་དུ་རིག་པའི་ཡོན་ཏན་ལེགས་པར་སྦྱངས་ཏེ། ཕ་མའི་དགོངས་པ་ཇི་བཞིན་བསྒྲུབ་རྒྱུ་ནི་ང་ཚོས་དྲིན་ཆེན་གྱི་ཕ་མ་ལ་འཇལ་བའི་དྲིན་ལན་ཡིན་ལ། ཕ་མའི་བྱམས་བརྩེ་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན་ནོ། །

རྩོམ་ཡིག་གི་དཔྱད་མཆན།

རྩོམ་ཡིག་འདི་ལ་མཚོན་ན། རྩོམ་པ་པོས་རང་གི་ཨ་མ་བརྗོད་སྙིང་དུ་བཟུང་ནས་ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་ཐབས་ལས་མི་སྣ་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་རྣམ་པ་སྤྱད་པ་སྟེ། འདི་ལས་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་རྒྱུ་རྐྱེན་དྲུག་པོ་རེ་རེ་བཞིན་མཚོན་ཐབས་ནི། དུས་ཚོད་ནི་ནམ་མཁའི་དབྱིངས་སུ་སྤྲིན་པ་བྱེའུ་མགོ་ཙམ་ཡང་མེད་པའི་ཉིན་ཞིག་དང་ས་གནས་ནི་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་ཞིང་མེ་ཏོག་སྣ་ཚོགས་སྡུག་གུར་བཞད་པའི་ནགས་ཚལ། མི་སྣ་ནི་བདག་དང་ཨ་མ་གཉིས་ཡིན།
བྱ་བའི་དོན་དག་སྟེ། དང་པོ་བྱ་བའི་འབྱུང་རྐྱེན་ནི། ང་རང་ནགས་ཚལ་དུ་རྩེད་མོ་རྩེ་རུ་འགྲོ་སྐབས། ཨ་མས་ངག་བཞིན་ཆར་ལྭ་མ་ཁྱེར་བ། གཉིས་པ་བྱ་བའི་བརྒྱུད་རིམ་ནི་ཕྱི་དྲོའི་དུས་སུ་ཆར་བ་གློ་བུར་དུ་བབས་པ། ཆར་བའི་ཁྲོད་དུ་མི་ཞིག་མཐོང་བ་དེ་ནི་རང་གི་ཨ་མ་ཡིན་པར་མ་ཟད། མོས་ད་དུང་ཆར་ལྭ་ཞིག་བཟུང་ནས་ང་རང་ལེན་དུ་སླེབས་པས་ང་ལ་དགའ་སྤྲོ་སྐྱེས་པ་དེ་ཡིན། གསུམ་པ་བྱ་བའི་མཇུག་འབྲས་ནི་ཕྱི་ཉིན་བདག་ལ་ཆམ་པ་བྱུང་བས་ཨ་མ་དུས་ཚོད་སྐར་ཆ་གཅིག་ལའང་མ་བྲལ་བར་སྦྱོར་བ་སྨན་དང་བྱམས་པའི་སེམས་ཀྱིས་གཉོར་སྐྱོང་གང་ལེགས་མཛད་པས། ཉིན་འགའ་འགོར་རྗེས་ངའི་ཆམ་པ་རིམ་གྱིས་སངས་དྲག་ཏུ་སོང་བ་དེའོ། །
སྙིང་ཉེ་བའི་སློབ་གྲོགས་ཚོ། ཁྱོད་ཀྱིས་ཀྱང་རྩོམ་ཐུང་འདིར་ལད་ཟློས་བྱས་ཏེ་བདག་གི་ཨ་མ་ཟེར་བའི་རྩོམ་ཡིག་ཅིག་བྲིས་ཏེ་སྦྱོང་བརྡར་བྱོས་དང་། རྩོམ་ཡིག་འདིའི་ནང་གི་བྱ་བའི་འབྱུང་རྐྱེན་དང་བྱུང་རིམ་འདི་འདྲ་ཞིག་གི་འོག་ནས་ཁྱོད་ཀྱི་ཨ་མ་ནི་རྩོམ་ཡིག་འདིའི་ནང་གི་ཨ་མ་དང་གཅིག་ཡིན་སྲིད་དམ། དེ་འདྲའི་གནས་བབ་འོག་ནས་ཁྱོད་དང་ཁྱོད་ཀྱི་ཨ་མ་གཉིས་ཀྱི་བར་དུ་ཅི་ཞིག་བྱུང་བའི་གནས་ཚུལ་ངོ་མ་དེ་བྲིས་ཏེ། རྩོམ་པ་པོ་ཆུང་ཆུང་འདིས་ཡུལ་དུས་གནས་བབ་འདི་འདྲ་ཞིག་བདམས་གསེས་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་ལ་བསམ་གཞིགས་ཤིག་གྱིས་དང་། ད་དུང་རྩོམ་ཡིག་གི་མཇུག་གི་དུམ་ཚན་དེ་བཀོད་མེད་ན་ལེགས་ཉེས་ཀྱི་ཆ་ཅི་ཞིག་འབྱུང་མིན་ལའང་ཚོད་དཔག་ཅིག་བྱོས། དེ་ནས་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་དང་རྩོམ་ཡིག་འདི་གཉིས་བསྡུར་ནས་སུའི་རྩོམ་ཡིག་ལ་ཆད་ལྷག་གི་སྐྱོན་དང་། གཅིག་སྡུད་ཀྱི་རང་བཞིན་མེད་པ་ལ་སོགས་པའི་སྐྱོན་ཡོད་མེད་ལ་རང་ནུས་ཀྱིས་དཔྱད་པ་རེ་ཐོངས།

བརྗེད་དཀའ་བའི་འདས་དོན།

བདག་གིས་རྒྱུན་པར་ཨ་མ་ནི་ཀུན་ལ་མཐུན་ཞིང་སྙིང་ཉེ་བ། དཀའ་སྤྱད་འབད་བརྩོན་ལ་གོམས་པའི་བུད་མེད་སེམས་བཟང་ཞིག་ཡིན་འདོད་མོད། འོན་ཀྱང་ན་ནིང་བྱུང་བའི་དོན་དག་ཅིག་གིས་བདག་གི་ལྟ་ཚུལ་དེ་རྩ་བ་ནས་བསྒྱུར་སོང་། ཡིན་ནའང་། ཕྱིས་སུ་ཨ་མས་སྐྱོན་ཆ་ཤེས་ནས་བཅོས་སྒྱུར་བྱས་པ་ལ་ང་རང་དགའ་སྤྲོ་སྐྱེ་བཞིན་འདུག
དོན་དག་དེ་ནི་དབྱར་ཚ་གདུག་ཆེ་བའི་ཉི་མ་ཞིག་ལ་བྱུང་བ་ཡིན། ཉི་མ་དེར་ཚ་ཟེར་གྱིས་ས་གཞི་ཆེན་པོ་གཞོབ་འགྲོ་བའི་སྣང་བ་ཞིག་སྟེར་ལ། ཕྱི་དྲོའི་དུས་ཚོད་གཉིས་ཡས་མས་སུ་བདག་ཨ་མ་དང་མཉམ་དུ་ཁྲོམ་ལ་སོང་། ཁྲོམ་ལམ་ན་ཆུ་ག་གོན་ཉོ་མཁན་སྐོར་སྐོར་བྱས་ནས་ཡོད་ལ། ཆུ་ག་གོན་འཚོང་མཁན་གྱི་འབོད་སྒྲ་ནི་གཅིག་ལས་གཅིག་མཐོ་བར་འདུག ཆུ་ག་གོན་ཉོ་མཁན་རྣམས་ཀྱིས་འཚང་ཁ་ཤིག་ཤིག་བྱས་ཏེ་ཆུ་ག་གོན་འདེམས་བཞིན་ཡོད་སྐབས། ཨ་མས་ཀྱང་ཆུ་ག་གོན་རེ་རེ་ལ་ཐལ་ལྕག་གིས་བརྡུངས་ནས་ཕྱིར་བཞག དེ་ནས་ཨ་མས་ཆུ་ག་གོན་ཆེས་ཆེ་བ་ཞིག་བདམས་ཏེ་འཚོང་མཁན་གྱིས་རྒྱ་མ་གཞལ་བར་བྲེལ་བའི་གོ་སྐབས་དང་བསྟུན་ནས་བདག་ལ་ཆུ་ག་གོན་ལྐོག་ཁྱེར་གྱིས་ཞེས་མིག་བརྡ་བསྟན། བདག་གིས་ཆུ་ག་གོན་ལ་རིན་པ་བྱིན་མེད་སྙམ་ནས་ཡུད་ཙམ་ལ་ངོ་ཚ་དང་བཅས་ལངས་ནས་བསྡད། ཨ་མས་བདག་ལ་ཡང་ནས་ཡང་དུ་ཆུ་ག་གོན་ཁྱེར་ཞེས་རྣམ་འགྱུར་བསྟན་བྱུང། ཨ་མར་དེ་རིང་ཅི་ཞིག་བྱུང་ངམ། བདག་ཨ་མས་བདག་གི་སྟེང་ལ་མིག་ཟུང་བགྲད་པ་ལ་སྐྲག་ནས་ཆུ་ག་གོན་དེ་ཁ་རོག་གེར་ཁྱེར་ཏེ་མི་ཚོགས་ལས་ཕྱིར་བུད། ལམ་བར་དུ་བདག་གི་སྙིང་དྲག་ཏུ་ལྡིང་ཞིང་གོམ་མཚམས་ཀྱང་དབང་མེད་དུ་འཇོག་དགོས་པ་བྱུང་། བདག་ལ་མཚོན་ན་སློབ་གྲྭར་རྒན་བདག་ཅིག་གི་མིང་ཡོད་པས་འདི་འདྲའི་ངོ་ཚ་དགོས་པའི་དོན་དག་ཅིག་བསྒྲུབ་ག་ལ་རུང། ད་ཅི་བྱ། ཆུ་ག་གོན་ཕྱིར་ཁྱེར་ན ••• ••• ། ཨ་མས་བདག་གི་སྟེང་ལ་བགྲད་པའི་མིག་ཟུང་དེ་ཡིད་ལ་ཤར་ཡོང། དེ་ནས་གོམ་པ་ཇེ་མགྱོགས་སུ་བཏང་སྟེ་ཁྱིམ་ལ་སླེབས་མ་ཐག་ཆུ་ག་གོན་སྨིན་ཡོད་མེད་ལ་ཡང་བལྟ་འདོད་མེད་པར་འཕྲལ་དུ་མལ་ཐུལ་ནང་ལ་འཛུལ་ནས་མིག་ཆུ་ཤོར་བྱུང་། ཨ་མ་ཡ། ཨ་མ། ཁྱོད་ཀྱིས་ཆུ་ག་གོན་ཞིག་གི་དོན་དུ་བརྐུས་བྱེད་དོན་ཅི་ཡིན། ཆུ་ག་གོན་འདེབས་པ་དེ་སླ་མོ་ཞིག་ག་ལ་ཡིན། དེ་རེ་རེ་བཞིན་དུ་འཛུགས་དགོས་ཤིང་ཆུ་གཏོང་བ། ལུད་འཇོག་པ། ད་དུང་ཆར་རླུང་གི་ཁྲོད་དུ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་པ་སོགས་དཀའ་ལས་མང་པོ་བརྒྱུད་ནས་ད་གཟོད་ཆུ་ག་གོན་ལ་ལོ་ཡག་བྱུང་བ་མ་ཡིན་ནམ། ཨ་མས་“ཅི་རེད། མི་བདེའམ། ལོངས་དང་ཆུ་ག་གོན་ཟ”ཟེར་བཞིན་ཆུ་ག་གོན་གཙབས། ཆུ་ག་གོན་གཙབས་མཚམས་ནི་དམར་ཤིགས་སེ་དང་ཆུ་ཙར་རེ་འདུག ནམ་རྒྱུན་ཡིན་ན་ངས་སྔ་མོ་ནས་ཆུ་ག་གོན་དུམ་བུ་འགའ་ཟོས་ཚར་ཡོད། ཡིན་ནའང་དེ་རིང་ཆུ་ག་གོན་ཟ་འདོད་ཅིག་གང་ན་ཡོད། ངས་མགོ་ན་འདུག་ཅེས་བཤད། ཆེས་གཟི་བརྗིད་ལྡན་པའི་དགེ་རྒན་གྱི་གཟུགས་བརྙན་དང་བདག་རྒན་བདག་རུ་བདམས་པར་དགའ་སྤྲོ་སྐྱེ་བའི་རྣམ་པ། སློབ་གྲོགས་ཚོའི་ཡིད་ཆེས་ཀྱི་མིག་མདངས་སོགས་བདག་གི་མིག་ལམ་དུ་རེ་རེ་བཞིན་ཤར་ཡོང། གནམ་རྒན་མས་མཁྱེན། བདག་གི་ཨ་མ་ལ་འདི་འདྲའི་གོམས་འདྲིས་ངན་པ་ཞིག་ཡོད་དོན་ཅི་ཡིན་ནམ། མི་བསམ་ཤེས་ལ་སྐྱོན་ཡོད་ན་ང་ཚོ་བྱིས་པ་ཚོས་སློབ་གསོ་བཏང་ན་ལོས་འགྲིག སྙིང་ཉེ་བའི་ཨ་མ་ནི་བལྟས་བལྟས་རིག་རིག་ལ་མི་ངན་པ་ཞིག་ཏུ་འགྱུར་མི་རུང་སྙམ་སྟེ། འཕྲལ་དུ་ཡར་ལངས་ནས“ཨ་མ་ལགས། ཆུ་ག་གོན་འཚོང་མི་ཚོས་དཀའ་ལས་སྨྲ་མི་ཤེས་པ་ཞིག་མྱངས་ཏེ་ད་གཟོད་ཆུ་ག་གོན་སྨིན་པ་དེ་ཁྱོད་ཀྱིས་ཨེ་ཤེས། ངས་འདི་ལྟར་བརྐུས་བྱས་ན་ང་ནི་མེས་རྒྱལ་གྱི་མི་རབས་གསར་པ་ཞིག་ཏུ་འགྱུར་ཐུབ་བམ”ཞེས་སེམས་བསམ་པའི་གཏིང་ནས་གནས་ལུགས་ཡང་དང་ཡང་དུ་བཤད་པ་ན། ཨ་མར་སེམས་འགུལ་ཐེབས་པ་དང་མཐར་ངོ་ཚ་སྟེ་སྐད་ཆ་ཅི་ཡང་མི་བཤད་པར་སྒོར་མོ་བླངས་ནས་བདག་གི་ལག་ལ་བཞག་པ་དང། བདག་བྱ་འཕུར་བ་བཞིན་ཆུ་ག་གོན་བཙོང་སར་བརྒྱུགས།
དོན་དག་དེ་བྱུང་ནས་དུས་ཡུན་རིང་བོ་ཞིག་འགོར་ནའང་བདག་གི་ཡིད་ལ་དྲན་ཐེངས་རེར་རྣོ་ཁབ་ཅིག་གིས་སྙིང་མགོར་གཙགས་པ་ནང་བཞིན་ཧ་ཅང་དོགས་མི་བདེ་ཞིང་བརྗེད་དཀའ་བ་ཞིག་རེད།

རྩོམ་ཡིག་གི་དཔྱད་མཆན།

སེམས་ཁམས་འབྲི་བ་ནི་མི་སྣའི་ནང་སེམས་ཀྱི་འཇིག་རྟེན་དེ་མཚོན་པར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་མ་ཟད། མི་སྣའི་གཤིས་ཀ་ཞིབ་བརྗོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། མི་སྣའི་གཟུགས་བརྙན་དང་སྐད་ཆ། བྱ་སྤྱོད་བཅས་ནི་ཕྱིའི་རྣམ་པ་ཙམ་ཡིན་མོད། འོན་ཀྱང་མི་སྣའི་སེམས་ཀྱི་འགུལ་སྐྱོད་ནི་མིག་གིས་མི་མཐོང་ཞིང་། རྣ་བས་མི་གོ་བ། ལག་པས་མི་ཟིན་པ་ཞིག་ཡིན། གསོན་ཉམས་ལྡན་ཞིང་ཡིད་དབང་འགུགས་པའི་མི་སྣ་ཞིག་འབྲི་ན། མི་སྣའི་ཕྱི་གཟུགས་དང་སྐད་ཆ། བྱ་སྤྱོད་བཅས་བྲིས་པ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་མི་སྣའི་ནང་སེམས་ཀྱི་འཇིག་རྟེན་དེ་མཚོན་ཅི་ཐུབ་བྱས་ན། ད་གཟོད་མི་སྣ་བྲིས་པ་དེ་ཤ་ཁྲག་ཡོད་པ་དང་། གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་སྲིད། དེ་བས་ང་ཚོས་མི་སྣ་འབྲི་ན་སེམས་ཁམས་འབྲི་བ་དེ་སྣང་མེད་དུ་འཇོག་མི་རུང་།
རྩོམ་ཡིག་འདིར་སེམས་ཁམས་འབྲི་ཚུལ་སྔ་རྗེས་སུ་ཐེངས་འགར་སྤྱད་ཡོད། སེམས་ཁམས་བྲིས་པ་དེས་རྩོམ་ཡིག་ནང་གི་“བདག་”གིས་རང་ཉིད་ལ་རེ་བ་ནན་མོ་བཟུང་བ་དང་ཨ་མར་དགའ་བ། ཨ་མར་སྐྱོན་ཆ་ངོས་ཟིན་དུ་བཅུག་པའི་སྤྱོད་བཟང་མཚོན་འདུག་པས་རྩོམ་ཡིག་ལ་གསོན་ཉམས་ལྡན་པར་བྱས་ཡོད།
རྩོམ་ཡིག་འདིའི་ནང་དུ་ཨ་མ་དང་འབྲེལ་བའི་དོན་དག་ཅིག་བྲིས་ཡོད། འོན་ཀྱང། དེ་ནི་རྩོམ་ཡིག་གོང་མ་དེ་དང་ཅུང་ཟད་མི་འདྲ་སྟེ། འདིར་འཁོད་པ་དེ་ནི་ཨ་མའི་སྐྱོན་ཆ་ཡིན། ཁོས་བརྗེད་མི་ཐུབ་པའང་དོན་དག་དེ་ཡིན་པ་བརྗོད་དོན་དུ་བཟུང་ནས་བྲིས་ཡོད། གོང་གི་རྩོམ་ཡིག་འདི་གཉིས་ཀྱི་བརྗོད་དོན་ཨ་མ་དང་འབྲེལ་བ་ཞིག་ཡིན་པ་འདྲ་ནའང་། རྩོམ་ཡིག་གཉིས་ཀྱི་ཁ་བྱང་མི་གཅིག་པའི་ཁར། རྩོམ་ཡིག་ཏུ་བཀོད་པའི་ཨ་མ་གཉིས་ལའང་ཁྱད་པར་ཅུང་འདུག། གནད་དོན་འདི་དག་གི་བར་ན་འགལ་འབྲེལ་གྱི་ཆ་ཡོད་དམ། ཁ་བྱང་མི་གཅིག་དོན་ཡང་དེ་འདྲ་ཞིག་གི་དབང་གིས་ཨེ་རེད།སློབ་གྲོགས་ཚོས་བསམས་གཞིགས་ཤིག་གྱིས་དང་།

བྱམས་ལྡན་ཨ་མའི་བརྩེ་སེམས།

ང་ལའང་བྱིས་པ་ཕལ་མོ་ཆེ་དང་འདྲ་བར་རང་ལ་བརྩེ་དུང་གིས་ཀུན་ནས་ཕྱུག་པའི་མ་ཡུམ་ཞིག་ཡོད། ནམ་རྒྱུན་ང་རང་དགའ་སྐྱོ་ཡི་གནས་སྐབས་གང་འདྲ་ཞིག་ལ་ཐུག་ཀྱང་བྱམས་ལྡན་སྐྱེད་མའི་ཞལ་རས་དེ་ཡིད་ལ་གསལ་གྱི་ལེར་ཤར་བ་དང་། ཁོང་གི་དཔྲལ་བའི་དཀྱིལ་ལ་ཡོད་པའི་སྨེ་བ་ལྗང་ཁུ་དེའང་ཝ་ལེར་གསལ་འོང་། དོན་དམ་པར་ངའི་མ་ཡུམ་ནི་ཤེས་བྱའི་མཁྱེན་རྒྱ་ཡངས་ཤིང་རྒྱུ་ནོར་ཕུན་སུམ་ཚོགས་པ་ལྡན་པའི་ཨ་མ་ཞིག་མིན་ཡང་། ཁོང་ལ་ཞི་དུལ་གྱི་གཤིས་རྒྱུད་བཟང་པོ་ཞིག་ལྡན་ཞིང། རང་ཁྱིམ་གྱི་ནང་ལས་ལྟ་ཅི་རྒྱལ་ཁབ་ཀྱི་རྩ་དོན་ལའང་གཞོལ་ཆེ་བ་དང་། ལྷག་པར་དུ་ཁོང་ལ་རང་གི་བུ་ཕྲུག་ལ་བཅངས་པའི་ལྷད་མེད་དྭངས་གཙང་གི་བརྩེ་སེམས་ཤིག་ཡོད། ཕྱིར་འདང་ཞིག་བརྒྱབ་ན། ང་རང་བྱིས་པ་སྣབས་ལུག་གི་སྐབས་སུ་བསམ་མ་ཤེས་པར་གྲོང་པ་ཁྱིམ་མཆེས་ཀྱི་ནང་དུ་བསམ་བཞིན་རྐུ་རྒྱག་ཏུ་སོང་། བརྐུས་བྱས་ནས་རིང་པོ་མ་ལོན་པར་ང་རང་ལ་ཇག་པ་ཆུང་ཆུང་ཞེས་པའི་ཉེས་མིང་ཞིག་ཐོགས་ཤིང། ཁྱིམ་མཆེས་ཀྱི་གནས་མོས་ཞེ་སྡང་གི་མཛུབ་མོ་ངའི་གདོང་དུ་བཙུགས་བྱུང་། དེ་དུས་ང་རང་ལོ་ན་ཧ་ཅང་ཕྲ་ནའང་སེམས་ལ་རང་བཞིན་གྱིས་ནོངས་འགྱོད་ཆེན་པོ་ཞིག་སྐྱེས། གང་ལགས་ཤེ་ན། ངའི་ཨ་མས་གནས་ཚུལ་དེ་གསལ་པོར་མཐོང་རྗེས་མིག་མཐར་མཆི་མས་བརླན་ནས་ང་རང་ནང་ལ་བཅུག་ནས་རྡུང་བར་བརྩམས་མོད། འོན་ཀྱང་ཁོང་གིས་ང་ལ་འགྲམ་ལྕག་གཅིག་ཀྱང་གཞུས་མ་ནུས་པར་རང་སར་ངུས་སོང་། ད་ལྟ་གནས་ཚུལ་དེ་དྲན་འཛིན་དུ་འཆར་སྐབས་སྐྱོ་ལྷང་ལྷང་གི་ཚོར་སྣང་ཞིག་དང་། ཨ་མས་ང་ལ་བཅངས་པའི་བརྩེ་སེམས་དེའང་ལྷང་ངེར་དྲན་ཡོང། དོན་ངོ་མར་ཁོང་གིས་ང་ལ་གཞུས་བསམ་པ་གཏན་ནས་མེད།
ང་རང་ནམ་རྒྱུན་སློབ་གྲྭར་འགྲོ་ཐེངས་རེར་ཁོང་གིས་ཞོགས་པ་སྔ་མོ་ལངས་ཏེ་ཧུར་བརྩོན་ཆེན་པོས་ནང་ལས་མཐའ་དག་གནང་སྟེ་ང་རང་སློབ་གྲྭར་བསྐྱལ། སློབ་གྲྭ་གྲོལ་རྗེས་ང་ཁོང་གི་སྒལ་སྟེང་དུ་བཞོན་ནས་ཉིན་དེར་རྒན་ལགས་ཀྱིས་སློབ་ཁྲིད་གང་བྱས་པ་རྣམས་ཁོང་གི་རྣ་བ་ཚ་ཚ་བར་བཤད་ཀྱི་ཡོད། ཁོང་གིས་ད་དུང་འཛུམ་མདངས་དང་བཅས་ཏེ་ང་ལ་འོ་ཞིམ་པོ་བསྐྱལ་བར་བྱེད། ཆུང་དུས་སུ་ང་རང་ལ་དེ་འདྲའི་གནས་ཚུལ་མང་པོ་ཞིག་བྱུང་མྱོང་མོད། ད་ལྟ་ང་རང་ལང་ཚོ་དར་བབ་ཀྱི་གཞོན་ནུ་ཞིག་ཡིན་པས་དྲིན་ཅན་གང་གི་སྐྲ་དཀར་གྱི་ཉག་མ་རེ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་མཐོང་དུས་སྙིང་ལ་བསྲན་མ་ཚུགས་པའི་ན་ཟུག་བསྐྱེད་ཅིང། ད་དུང་བོད་རང་བཙན་གྱི་ལས་འགུལ་གང་ལའང་ཁོང་ལྷག་བསམ་རྣམ་དག་གིས་སེམས་ཁྲལ་ལྕི་མོ་ཞིག་རྟག་ཏུ་ཡོད་མྱོང་ཨང་། ཁོང་ད་ལྟ་ལོ་ན་ལྔ་བཅུའི་གྲངས་སྣེ་བརྒལ་ཟིན། མི་ཞིག་ལ་མཚོན་ན་ལོ་གྲངས་མཐོན་པོ་དེར་འཆི་བདག་གི་བཀའ་ཡིག་ཕབ་རན་ཡིན། ངའི་ཉམ་ཆུང་གི་ཨ་མ་རྒན་མོ་དེས་ང་ལ་གནང་བའི་བྱམས་བརྩེ་ཡོད་ཚད་བསྣམས་ནས་ཕེབས་སོང་ན། ངའི་སེམས་ཁོང་གི་འཇིག་རྟེན་དེའི་སྣོད་བཅུད་ཐམས་ཅད་སྟོང་འགྲོ།
བྱམས་ལྡན་གྱི་སྐྱེད་མ། ཁྱེད་ད་ལྟ་འཚོ་གཞེས་ཀྱི་སྐབས་འདིར་ངས་ཐབས་ཤེས་ཡོད་དགུ་རྩལ་དུ་སྤྲུགས་ནས་ཁྱེད་ལ་སྐྱིད་སྣང་ཞིག་ཨེ་ཡོང་བལྟ། ངས་འཇོན་ཐང་ཆེན་པོས་ཁྱེད་ཀྱི་སེམས་ནང་བག་ཏུ་ཉལ་བའི་གཅེས་ཕྲུག་བཟང་པོ་ཞིག་ཨེ་འཁྱོངས་བལྟ། ངའི་མི་ཚེ་ཧྲིལ་པོའི་མཐར་ཐུག་གི་དམིགས་བྱ་མ་ཁྱེད་ཀྱི་རྒྱ་མཚོ་ལྟར་ཟབ་པའི་དྲིན་དེ་འཇལ་ཕྱིར་ཡིན་པས། ཁྱེད་ཀྱིས་ནམ་རྒྱུན་མ་ཎི་ཡིག་དྲུག་གི་དབྱངས་རྟ་འགུགས་བཞིན། ཐང་དཀར་རྒོད་པོའི་གཤོག་རྩལ་ལ་འགྲན་པའི་བུ་ཕྲུག་ངའི་གཤོག་འགྱུར་རྩེན་པ་ལ་གཟིགས་པར་ཞུ། ཁྱེད་ཀྱིས་མགྱོགས་མྱུར་བྱ་ངང་ངུར་འཕུར་ལྡིང་བྱེད་པ་དང་། འབྲོག་ཡུལ་གྱི་མཐིང་སྨུག་སྦྲ་ཆུང་མཐོང་ཐུབ་ཅིང། ཁྲི་ཤོར་རྒྱལ་མོའི་རླབས་རིས་དང་མ་ཕམ་གཡུ་མཚོའི་དྭངས་གཙང་སོགས་མངོན་སུམ་དུ་མཐོང་ངེས།
བྱམས་ལྡན་གྱི་སྐྱེད་མ་ལགས། ད་ལྟ་ཁྱེད་ཀྱི་མཛེས་པའི་ལང་ཚོ་གཉེར་མས་གཡོགས་ཟིན་ནའང། ངའི་སེམས་ཁོང་ན་མེ་ཏོག་སེར་ཆེན་བཞིན་བཀྲ་ཞིང་། རང་དབང་མེད་པར་དྲན་གདུང་གི་མིག་ཆུ་སེམས་ཁོང་དུ་བཞུར། ཨ་མ་ལགས། བཀའ་དྲིན་ཆེ།

རྩོམ་ཡིག་གི་དཔྱད་མཆན།

རྩོམ་ཡིག་འདི་ནི་ཕྱིར་དྲན་དང་ལྷུག་བརྗོད་སྤེལ་མས་བྲིས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་རེད། ལྷུག་བརྗོད་དང་ཕྱིར་དྲན་གང་ཡིན་ཡང་དུངས་སེམས་ཤིག་གིས་ཡོངས་སུ་འཁྱུད་འདུག
འོན་ཀྱང་བསམ་བློ་གཏོང་དགོས་པ་ཞིག་ལ། རྩོམ་ཡིག་འདིའི་ཁ་བྱང་གི་བླང་བྱ་ནི་བྱམས་ལྡན་ཨ་མའི་བརྩེ་སེམས་ཞེས་པའི་”བརྩེ་སེམས་”ཀྱི་སྟེང་ན་ཡོད། དེར་བརྟེན། རྩོམ་ཡིག་གི་འགོ་མཇུག་གཉིས་ཀའི་སྐད་ཆ་མང་པོ་ཞིག་གིས་བརྩེ་སེམས་མཚོན་པ་ལ་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་མི་འདུག ཨ་མའི་བརྩེ་སེམས་མཚོན་པ་ལ། ཨ་མའི་སྐད་ཆ་དང། བྱ་སྤྱོད། སེམས་ཁམས་བཅས་ཀྱིས་མཚོན་པར་བྱེད་དགོས། འདི་དག་ཞིབ་འབྲི་བྱས་པ་དེ་གོ་རིམ་ཡོད་པ་དང་གསོན་ཉམས་ལྡན་པ་ཞིག་ཡོང་ན་ཨ་མ་ལ་བརྩེ་བ་ག་ཚོད་ཅིག་ཡོད་པ་ཡང་རང་ཤུགས་ཀྱིས་མངོན་ཐུབ་པ་རེད།