དཔེ་དེབ་ཀྱི་རིགས།

༩ དཔེ་ཆ་དང་དུས་དེབ་ཀྱི་རིགས།

དཔེ་ཆ་དང་དུས་དེབ་སོགས་གསལ་བཤད་བྱེད་ན། མཉམ་འཇོག་བྱེད་ས་གཙོ་བོ་ནི་དཔེ་ཆ་དང་དུས་དེབ། གློག་བརྙན། སྤྲོ་གར་སོགས་ཀྱི་རྩོམ་པ་པོ་དང། བརྩམས་པའི་དུས་ཚོད། བརྩམས་ཆོས་ཁྲོད་ཀྱི་མི་སྣ་གཙོ་བོ། གཏམ་རྒྱུད་ཀྱི་ནང་དོན་མདོར་བསྡུས། བསམ་བློའི་སྙིང་པོ། སྒྱུ་རྩལ་གྱི་ཁྱད་ཆོས་དང་མི་རྣམས་ལ་སློབ་གསོའི་ཕན་ཡོན་ཅི་བྱུང་སོགས་ངོ་སྤྲོད་གསལ་པོ་བྱེད་དགོས། པར་སྐྲུན་གྱི་གསལ་བཤད་དང་པར་སྐྲུན་བྱས་པའི་དམིགས་ཡུལ་དང་དེབ་དེའི་ནང་དོན་གཙོ་བོ་གསལ་པོར་འབྲི་དགོས། འབྲེལ་ཡོད་ཀྱི་རྒྱུ་ཆར་དཔྱད་སྡུར་བྱས་པ་ཡིན་ན་ཚུལ་དེ་མཆན་དུ་འགོད་དགོས་ལ། གཞན་གྱིས་རམ་འདེགས་ཐོབ་པ་ཡིན་ན་ཡང་གསལ་བཤད་བྱ་དགོས། གལ་སྲིད་ངོ་སྤྲོད་བྱ་དགོས་པའི་དེབ་དེ་བཟོ་བཅོས་བྱས་ཏེ་བསྐྱར་དུ་པར་སྐྲུན་བྱས་པའི་རིགས་ཡིན་ན། སྔོན་གྱི་མ་དཔེ་དང་ཁྱད་པར་ཅི་ཞིག་ཡོད་མེད་ཀྱང་གསལ་པོར་བཤད་དགོས།
དཔེ་དེབ་དང་དུས་དེབ་ཀྱི་རིགས་གསལ་བཤད་བྱེད་པའི་རྩོམ་ཡིག་གི་ཁ་བྱང་ལ་མཐའ་གཅིག་ཏུ་གཏན་ཁེལ་མེད་པས་རྣམ་པ་སྣ་ཚོགས་སུ་སྣང་།
སྤྲོ་གར་རམ་གློག་བརྙན། བརྩམས་སྒྲུང་སོགས་ཀྱི་དེབ་ངོ་སྤྲོད་བྱེད་ན། གཙོ་བོར་གཏམ་རྒྱུད་ཀྱི་བྱུང་རིམ་ངོ་སྤྲོད་གསལ་པོར་བྱེད་པ་དང་ཆབས་ཅིག མཚོན་བྱེད་ཀྱི་ཚིག་སྦྱོར་ལ་གསོན་ཉམས་ཡོང་ཅི་ཐུབ་བྱས་ཏེ་ལྟ་མཁན་དང་ཀློག་མཁན་མང་པོ་འགུག་ཐུབ་དགོས།
རྩོམ་ཡིག་འདིའི་རིགས་འབྲི་ན། མཚོན་བྱེད་ཀྱི་ཚིག་སྦྱོར་ནི་ངེས་པར་དུ་ཁ་གསལ་གོ་སླ་དང་། སྙིང་བསྡུས་དང་གནད་བསྡུས་ཤིག་ཡིན་དགོས། དཔེར་ན།

《བཙན་བྱོལ་བོད་མིའི་བཅའ་ཁྲིམས། 》

《བཙན་བྱོལ་བོད་མིའི་བཅའ་ཁྲིམས།》 ཞེས་པའི་དེབ་འདི་ནི་ཕྱི་ལོ་༡༩༩༡ ལོར་ལྡི་ལིར་ཡོད་པའི་ཤེས་རིག་པར་ཁང་ནས་པར་དུ་བསྐྲུན་པའི་ཁྲིམས་ལུགས་སྐོར་གྱི་དེབ་ཅིག་ཡིན། འདིའི་རྒྱབ་ཤའི་ཁ་དོག་ནི་ལྗང་ནག་ཅིག་དང་། མདུན་ངོས་ཀྱི་སྟེང་ཕྱོགས་ན་སྲིད་གཞུང་གི་ཐམ་ཀ་དང་བར་དུ་དེབ་འདིའི་ཁ་བྱང་དབུ་ཅན་གྱིས་བྲིས་ཡོད། དེའི་གཤམ་དུ་གུག་རྟགས་ཤིག་ཏུ་བོད་རྒྱལ་ལོ་ ༢༡༡༨ ཕྱི་ལོ་༡༩༩༡ ཅེས་བྲིས་ཡོད། མདུན་ངོས་ཀྱི་རི་མོ་དང་ཡི་གེའི་མདོག་དཀར་པོ་ཡིན།
དེབ་འདི་ནི་ལེའུ་ཆེན་པོ་བཅུ་གཅིག་དང་ཟུར་སྣོན་ཡིག་ཆ་ཞེས་པའི་ས་བཅད་གཅིག་གིས་གྲུབ་ཡོད། གཞུང་དངོས་ཀྱི་ལེའུ་བཅུ་གཅིག་པོར་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་ཅིང་ཟུར་སྣོན་གྱི་ས་བཅད་དུ་བོད་ཀྱི་ཨང་གྲངས་ཀྱིས་རྟགས་བརྒྱབ་པའི་དུམ་ཚན་ལྔ་འདུག
ལེའུ་དང་པོའི་ནང་དོན་གཙོ་བོ་ནི་གཞི་རྩའི་ལམ་སྟོན་གྱི་སྐོར་ཡིན། ལེའུ་གཉིས་པར་གཞི་རྩའི་ཐོབ་ཐང་དང་ལས་འགན་གྱི་སྐོར་འཁོད་ཡོད། ལེའུ་གསུམ་པ་ནི་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་གྱི་སྐོར་ཡིན། ལེའུ་བཞི་པ་ནི་གཞུང་གི་འགན་འཛིན་གྱི་སྐོར་དང་ལེའུ་ལྔ་པ་ནི་ཁྲིམས་བཟོའི་དབང་འཛིན་གྱི་སྐོར། ལེའུ་དྲུག་པར་ཁྲིམས་ལུགས་དབང་འཛིན་གྱི་སྐོར་དང་ལེའུ་བདུན་པར་བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས་ཀྱི་སྐོར་བྲིས་ཡོད། ལེའུ་བརྒྱད་པ་ནི་འོས་བསྡུའི་ལས་དོན་གྱི་སྐོར་ཡིན་ཞིང་ལེའུ་དགུ་པ་ནི་གཞུང་ཞབས་འདེམས་བསྐོའི་ལས་དོན་གྱི་སྐོར་ཡིན། ལེའུ་བཅུ་པར་རྩིས་ཞིབ་ལས་དོན་གྱི་སྐོར་འཁོད་ཡོད་ལ་ལེའུ་བཅུ་གཅིག་པ་ནི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྐོར་བཅས་ཡིན། དེའི་མཇུག་ཏུ་ཟུར་སྣོན་གྱི་ས་བཅད་བཀོད་ཡོད།
བཅའ་ཁྲིམས་འདི་ནི་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་ཁྲིམས་བཟོའི་འགན་འཁུར་ཏེ་བོད་རྒྱལ་ལོ་༢༡༡༨ ཟླ་༥ ཚེས་ ༢ ཕྱི་ལོ་ ༡༩༩༡ ཟླ་༦ ཚེས་༡༤ ལ་བཅའ་ཁྲིམས་སུ་གཏན་ལ་ཕབ་པ་ཞིག་རེད།
འདིའི་དམིགས་ཡུལ་ནི་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མང་གཙོའི་ལམ་སྟོན་འོག བཙན་བྱོལ་བོད་མི་ཡོངས་ནས་བོད་ཀྱི་གནའ་བོའི་གོམས་གཤིས་བཟང་པོ་དང། འཚེ་མེད་ཞི་བའི་ལྟ་བ་གཞིར་བཟུང། ཆབ་སྲིད་དང། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་རང་དབང་དང། འདྲ་མཉམ་དྲང་བདེན་ཡོང་བ། མ་འོངས་ཆོལ་གསུམ་ཡོངས་རྫོགས་མང་གཙོ་དང། མཉམ་འབྲེལ། རང་སྲིད་རང་སྐྱོང་གི་ཡུལ་མིའི་རྒྱལ་ཁབ་ཅིག་དང་ཞི་བདེའི་བསྟི་གནས་སུ་བསྒྱུར་རྒྱུ། ལྷག་པར་བོད་ཀྱི་རྩ་དོན་སྒྲུབ་ཐབས་ལ་འབད་བརྩོན་གོང་མཐོར་གཏོང་བ་དང་ཆབས་ཅིག། གཞིས་བྱེས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་དང། མང་གཙོའི་ལམ་སྲོལ་སྲ་བརྟན་ཡོང་ཐབས་བཅས་ཡིན་པ་དེབ་འདིའི་སྔོན་གླེང་དུ་གསལ་པོར་འཁོད་ཡོད། དེར་བརྟེན་སྤྱི་ཚོགས་དང་འབྲེལ་བའི་གནད་དོན་ཆེ་ཕྲ་ཀུན་བཅའ་ཁྲིམས་འདི་གཞིར་བཞག་གིས་ཐག་གཅོད་ཀྱིན་ཡོད།

དཔྱད་མཆན།

རྩོམ་ཡིག་འདིས་ངོ་སྤྲོད་བྱས་ཡོད་པ་ནི་དེབ་ཅིག་ཡིན། དེབ་ཀྱི་མིང་ལ་ཅི་ཟེར་བ་དང་དེབ་གཟུགས་ཅི་འདྲ་ཞིག་ཡིན་པ། གང་ནས་པར་དུ་བསྐྲུན་པ། ནང་དོན་གཙོ་བོ་ཅི་ཞིག་ཡིན་པ། དགོས་པ་དང་དམིགས་ཡུལ་ཅི་འདྲ་ཡོད་པ་སོགས་གོ་རིམ་ལྡན་པའི་ངང་གསལ་བཤད་བྱས་ཡོད་པས། བཀླགས་ཚར་བ་དང་མཉམ་དུ་དེབ་དེ་མངོན་སུམ་དུ་ལག་ཏུ་བླངས་མྱོང་བ་དང་འདྲ་བ་ཞིག་ངོ་སྤྲོད་ཐུབ་ཡོད། དེར་བརྟེན་རྒྱ་ཆེའི་ཀློག་པ་པོ་སྤྱི་དང་སྒོས་སུ་བོད་རིགས་ཡོངས་ཀྱིས་ཁྲིམས་ལུགས་ཀྱི་དེབ་དེ་ཀློག་པ་བརྒྱུད་རང་རེའི་ཁྲིམས་ལུགས་ལ་མཐོང་ཆེན་དང་བརྩི་འཇོག་བྱས་ཏེ་མིང་དོན་མཚུངས་པའི་བོད་མི་ཤིག་བྱེད་རྒྱུ་གལ།
ཁྱོད་ཀྱིས་རྩོམ་ཡིག་འདི་བཀླགས་རྗེས། རང་ཉིད་ཀྱི་ངོ་སྤྲོད་བྱ་འདོད་ཡོད་པའི་དེབ་ཅིག་བརྗོད་གཞིར་བཟུང་སྟེ། རྩོམ་ཡིག་འདིའི་འབྲི་ཐབས་ལ་ལད་ཟློས་བྱས་ཏེ་གསལ་བཤད་རྩོམ་ཡིག་ཅིག་བྲིས་དང། རང་གི་བསམ་ཚུལ་དང་སྒྱུ་རྩལ་གྱི་ལྷན་ཐབས་མ་ཞུགས་པའི་རྩོམ་ཡིག་འབྲི་རྒྱུ་དེ་ལས་སླ་མོ་ཞིག་ཡིན་མིན་ངེས་ཤེས་རྙེད་ཀྱང་སྲིད།

༡༠ འཛུགས་སྐྲུན་དངོས་པོའི་རིགས།

འཛུགས་སྐྲུན་གྱི་དངོས་པོ་གསལ་བཤད་བྱེད་ན། འཛུགས་སྐྲུན་དངོས་པོའི་རྣམ་པ་དང་ཆེ་ཆུང་། གྲུབ་ཆ། ཕན་ནུས་དང་འཛུགས་སྐྲུན་གྱི་ལོ་རྒྱུས་གསལ་པོར་ངོ་སྤྲོད་དགོས། འཛུགས་སྐྲུན་གྱི་དངོས་པོ་ཡོད་ཚད་ལ་རང་ཉིད་ཀྱི་སྤྱིའི་གྲུབ་ཆ་ཞིག་དང་ཆ་ཤས་སོ་སོ་རེ་ཡོད་པ་རེད། གསལ་བཤད་བྱེད་སྐབས་ཆ་ཤས་སོ་སོའི་བར་གྱི་འབྲེལ་བའི་ཁྲོད་ནས་འཛུགས་སྐྲུན་དངོས་པོ་རང་སྟེང་གི་གོ་རིམ་རྙེད་ཐུབ་པ་དགོས། གོ་རིམ་འདི་ནི་གསལ་བཤད་ཀྱི་གོ་རིམ་ཡིན། དཔེར་ན། གོང་ནས་འོག སྔོན་ནས་རྗེས། ཕྱི་ནས་ནང་། ཆེ་བ་ནས་ཆུང་བ། གཙོ་བོ་ནས་ཕལ་བ་ལ་སོགས་ཡོད་པ་ལྟ་བུ་ཡིན། འཛུགས་སྐྲུན་དངོས་པོ་ཁ་ཤས་མི་རྣམས་ཀྱིས་ལྟ་སྐོར་གྱི་གོ་རིམ་ལྟར་གསལ་བཤད་བྱས་ཆོག རྙོག་འཛིང་ཆེ་བའི་འཛུགས་སྐྲུན་གྱི་དངོས་པོ་ཞིག་ཡིན་ན། གསལ་བཤད་ཀྱི་ནང་དོན་ཁག་འགར་བགོས་རྗེས་ངེས་གཏན་གྱི་གོ་རིམ་བསྒྲིགས་ཏེ་འབྲི་དགོས། འདི་ལྟར་བྱས་ན་ད་གཟོད་གོ་རིམ་གསལ་པོ་དང་མགོ་རྔ་མི་འཁྲུགས་པ་རེད།

ཊོག་ཡོ(Tokyo)ལྕགས་སྒྲོམ་མཐོན་པོ།

ཉི་ཧོང་གི་རྒྱལ་ས་ཊོག་ཡོ་ཡི་མེ་ན་ཊོ་ས་ཁུལ་གྱི་སྤྱི་གླིང་ཞིག་ན། འཛམ་གླིང་ན་ཆེས་མཐོ་བའི་ལྕགས་སྒྲོམ་ཞིག་ཡོད། དེའི་མིང་ལ་ཊོག་ཡོ་ལྕགས་སྒྲོམ་མམ་འཇར་པན་ལྕགས་སྒྲོམ་མཐོན་པོ་ཟེར།
ཊོག་ཡོ་ལྕགས་སྒྲོམ་འདི་ནི་སུག་བཞིས་གྱེན་དུ་བཏེགས་ཡོད་ཅིང་སུག་པ་གཉིས་རེའི་བར་ཐག་ལ་མི་ཊར་བརྒྱད་ཅུ་ཡོད་པ་དང་། ལྕགས་སྒྲོམ་གྱི་མཐོ་ཚད་ལ་མི་ཊར་སུམ་བརྒྱ་སུམ་ཅུ་ཐམ་པ་ཡོད་པས་འཛམ་གླིང་ན་སྐད་གྲགས་ཀྱིས་ཆོད་པའི་ཧྥ་རན་སིའི་རྒྱལ་སའི་ཨི་ཧྥལ་(Eiffel)ལྕགས་སྒྲོམ་ལས་མི་ཊར་བཅུ་གསུམ་གྱིས་མཐོ། ལྕགས་སྒྲོམ་ཆེན་མོ་འདི་འཛུགས་སྐྲུན་བྱས་པའི་དུས་ཡུན་ཡང་ཨི་ཧྥལ་(Eiffel)ལྕགས་སྒྲོམ་འཛུགས་སྐྲུན་གྱི་དུས་ཡུན་གྱི་སུམ་ཆའི་གཅིག་དང་ངར་ལྕགས་རྒྱུ་ཆ་ཡང་དེའི་ཕྱེད་ཀ་ལས་མེད། དུས་ཡུན་འདི་འདྲའི་ཐུང་ཐུང་ཞིག་གི་ནང་ངར་ལྕགས་རྒྱུ་ཆ་འདི་འདྲའི་ཉུང་ཉུང་ཞིག་གིས་ས་འགུལ་དང་རླུང་འཚུབ་དྲག་པོ་འགོག་ཐུབ་པའི་ལྕགས་སྒྲོམ་འདི་བཟོ་ཐུབ་པ་བྱུང་བ་ནི་འཛམ་གླིང་གི་འཛུགས་སྐྲུན་ལོ་རྒྱུས་སྟེང་ཧ་ཅང་མཐོང་དཀོན་པོ་ཡིན།
སྤྱི་ལོ་༡༩༥༨ ལོར་ལྕགས་སྒྲོམ་འདི་འཛུགས་སྐྲུན་བྱས་རྗེས། ལོ་དེའི་ལོ་མཇུག་ནས་བཟུང་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཡུལ་སྐོར་བ་སྣེ་ལེན་བྱེད་པའི་འགོ་ཚུགས། ལྕགས་སྒྲོམ་གྱི་མཐོ་ཚད་མི་ཊར་བརྒྱ་དང་ལྔ་བཅུའི་མཚམས་ན་ཉིས་ཐོག་ཅིག་གི་མཐོ་ཚད་དང་མཉམ་པའི་རྒྱང་ལྟ་བྱེད་ས་ཞིག་བསྐྲུན་ཡོད་པ་དང། མི་ཊར་ཉིས་བརྒྱ་ལྔ་བཅུའི་མཚམས་ན་ཁྱད་པར་ཅན་གྱི་རྒྱང་ལྟ་བྱེད་ས་ཞིག་ཡོད། དེང་རབས་ཅན་གྱི་གློག་སྐས་གསུམ་གྱིས་བར་མཚམས་མེད་པར་འགྲུལ་བ་སྐྱེལ་བསུ་བྱེད་ཀྱིན་ཡོད། འོག་ནས་རྒྱང་ལྟ་བྱེད་ས་བར་དུ་དུས་ཡུན་སྐར་མ་གཅིག་ཀྱང་མི་འགོར། རྒྱ་ཁྱོན་ལ་མི་ཊར་ངོས་སྙོམས་གྲུ་བཞི་མ་ཉི་ཤུ་ཡོད་ཅིང། ཕྱོགས་བཞི་ཤེལ་གྱིས་བརྒྱན་པའི་རྒྱང་ལྟ་ཁང་ནས་རྒྱལ་ས་ཊོག་ཡོ་ཡི་སྲང་ལམ་ཕལ་ཆེ་བར་རྒྱང་ལྟ་བྱེད་ཐུབ་པར་མ་ཟད། གནམ་དྭངས་པའི་སྐབས་སུ་ད་དུང་མཛེས་ཤིང་སྡུག་པའི་སུའུ་ཇིའི་གངས་རི་ཡང་མཐོང་ཐུབ།
ལྕགས་སྒྲོམ་འདིའི་ཆ་ཤས་གཙོ་བོ་ཁག་ལྕགས་སྒྲོམ་གྱི་རྩེ་ན་ཡོད། རྩེ་ནས་ཕྱོགས་བཞིར་འགྱེད་པའི་གློག་རླབས་དེ་ཊོག་ཡོ་ཡི་བརྙན་འཕྲིན་ཁང་ཚང་མས་བེད་སྤྱོད་ཀྱི་ཡོད། ལྕགས་སྒྲོམ་འདིའི་ནང་ན་གསོལ་ཚིགས་ཁང་དང་དཔེ་ཁང་ཡོད་པར་མ་ཟད། ད་དུང་རྒྱ་ཁྱོན་ཅུང་ཆེ་བའི་ཚན་རིག་ཁང་ཞིག་ཡོད་པ་དེ་ན་བརྙན་འཕྲིན་དང་སྐུད་མེད་གློག་གི་ཉེར་སྤྱོད་སྒྲིག་ཆས་ལྗོངས་རྒྱུ་བའི་གཟིགས་མོ་རུ་བཤམས་ནས་བཞག་ཡོད།

དཔྱད་མཆན།

ཁྱོད་ཀྱིས་རྩོམ་ཡིག་ཟེར་བ་དེ་ཤོག་ངོས་མང་པོ་ཞིག་འབྲི་དགོས་པའི་ལྟ་ཚུལ་ཁྱོན་ནས་མ་འཛིན་རོགས། སྤྱིར་ན་རྩོམ་ཡིག་འདི་ཧ་ཅང་ཐུང་མོད་ངོ་སྤྲོད་བྱ་འདོད་པའི་དངོས་པོ་དེ་ཚིག་ཉུང་ཉུང་ཞིག་གིས་གསལ་པོར་ངོ་སྤྲོད་ཐུབ་ཡོད། གལ་སྲིད་ཁྱོད་ཀྱིས་མང་པོ་ཞིག་འབྲི་བསམ་ནས་རང་ཉིད་ཀྱིས་འཛུགས་སྐྲུན་དངོས་པོ་འདི་ལ་ངོས་འཛིན་ཅི་འདྲ་བྱེད་ཀྱིན་ཡོད་མེད་སོགས་འབྲི་ཆེས་ན་རྩོམ་ཡིག་འདི་གསལ་བཤད་རྩོམ་ཡིག་ཏུ་མ་སོང་བར་དགག་སྒྲུབ་རྩོམ་ཡིག་སོགས་ཀྱི་ངོ་བོར་འགྱུར་ཡང་སྲིད། དེར་བརྟེན། ཚིག་ཉུང་ཡང་གསལ་བཤད་ཀྱི་འོས་འགན་རྫོགས་མཚམས་ནས་དོན་དག་གཞན་དག་དགོས་པ་དམིགས་བསལ་བ་མེད་ན་མ་བྲིས་ན་ཡག རྩོམ་ཐུང་འདི་ཀློག་རྗེས་འཛུགས་སྐྲུན་དངོས་པོ་འདི་ཅི་འདྲ་ཞིག་ཡིན་པ་གསལ་པོར་ཤེས་ཡོད་ངེས། འབྲི་སྟངས་འདི་གཞིར་བཟུང་ནས་བོད་རང་གི་འཛུགས་སྐྲུན་དངོས་པོ་ཞིག་གསལ་བཤད་རྩོམ་ཡིག་གི་ལམ་ནས་འབྲི་བར་སྦྱོང་བརྡར་བྱོས་དང། ཇི་བཞིན་བརྗོད་པའི་རྩོམ་ཡིག་སོགས་དང་ཁྱད་པར་ཅི་ཞིག་ཡོད་པ་ལག་ལེན་གྱི་ཁྲོད་ནས་ངེས་ཤེས་རྙེད་སྲིད།

༡༡ ཡུལ་སྐོར་ལྗོངས་རྒྱུའི་སྐོར།

ཡུལ་སྐོར་ལྗོངས་རྒྱུའི་གསལ་བཤད་རྩོམ་ཡིག་ནི་སྐུ་མགྲོན་ལ་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་བྱས་ཏེ་ཇི་ལྟར་ལྗོངས་རྒྱུ་བྱེད་པར་རམ་འདེགས་བྱེད་པའི་གལ་ཆེའི་ཡིག་ཆ་ཡིན། འདིའི་སྐོར་གྱི་གསལ་བཤད་རྩོམ་ཡིག་འབྲི་ན། ལྗོངས་རྒྱུ་བྱ་སའི་གནས་ཡུལ་དང་ས་ཁམས་ཀྱི་རྣམ་པ། འགྲུལ་བཞུད་ཀྱི་ལམ་ཐིག རང་བྱུང་གི་མཛེས་ལྗོངས། རིག་དངོས་གནའ་ཤུལ། ངག་རྒྱུན་གྱི་བཤད་སྲོལ། ལོ་རྒྱུས་ཀྱི་དོན་སྙིང་སོགས་གསལ་པོར་བཤད་དགོས། རྩོམ་ཡིག་འདིའི་རིགས་ནི་གནས་ཚུལ་གསལ་བཤད་བྱ་རྒྱུ་ཁོ་ན་ཙམ་མ་ཡིན་པར། དེ་ལས་ཀྱང་གལ་ཆེ་བ་ནི་གནས་ཚུལ་ངོ་སྤྲོད་བྱས་པ་བརྒྱུད་ནས་མི་རྣམས་ཀྱིས་དོ་སྣང་བྱ་ཡུལ་ཞིག་ཏུ་བསྒྱུར་ཏེ་ལྟ་སྐོར་ལ་ཡོང་འདོད་ཀྱི་འདུན་པ་དྲག་པོ་བསྐྲུན་ནས་ལྗོངས་རྒྱུའི་ཞོར་དུ་མཐོང་རྒྱ་སྐྱེད་ཐུབ་པ་བྱེད་དགོས། དེར་བརྟེན། འབྲེལ་ཡོད་ཀྱི་རང་བྱུང་མཛེས་ལྗོངས་དང། གནའ་ཤུལ་གྲགས་ཅན། ཡུལ་སྲོལ་དང་མི་ཆོས། འཕེལ་རྒྱས་དང་འགྱུར་ལྡོག། དེ་བཞིན་ལོ་རྒྱུས་དང་ངག་རྒྱུན་གྱི་བཤད་སྲོལ་སོགས་གསལ་པོར་ངོ་སྤྲོད་བྱས་ཏེ། མི་རྣམས་ལ་གསལ་བཤད་ཡི་གེར་བལྟས་པ་ཙམ་གྱིས་རང་ཉིད་དངོས་སུ་ཡུལ་དེར་སླེབས་འདྲའི་ཚོར་བ་བསྐྲུན་དགོས།

མཚོ་སྔོན་པོ།

རྒྱ་ཁྱོན་ལ་མི་ཊར་སྟོང་གྲུ་བཞི་མ་༤༥༨༣་ཡོད་པའི་ཁྱད་མཚར་བའི་གནས་མཆོག་སྟེ། མཚོ་སྔོན་པོ་ནི་མདོ་སྨད་མཚོ་སྔོན་ཡུལ་གྱི་མཚོན་རྟགས་ཤིག་ཡིན། དེ་ནི་རང་བྱུང་ཁམས་ཆེན་མོས་མཚོ་སྔོན་མཐོ་སྒང་ལ་གནང་བའི་རིན་པོ་ཆེའི་མེ་ལོང་ཆེན་པོ་ཞིག་ཀྱང་ཡིན།
མཚོ་སྔོན་པོ་ནི་བོད་ཁམས་ཀྱི་ཚྭ་མཚོ་ཆེ་ཤོས་ཡིན། དེའི་ཤར་ནུབ་ཀྱི་ཁྱོན་ཡངས་ཤིང་ལྷོ་བྱང་ཅུང་དོག་པས་སྙུང་གཟུགས་སུ་སྣང།
དུས་ཚིགས་མི་འདྲ་བའི་ནང་མཚོ་སྔོན་པོའི་ཡུལ་ལྗོངས་ཀྱང་གཏན་ནས་མི་འདྲ། དབྱར་དང་སྟོན་གྱི་དུས་སུ་ཁ་དབུགས་དྭངས་ཤིང་ཆུ་བོ་གཙང། མཐའ་ཡས་པའི་རྩྭ་ཐང་གི་སྒང་གཤོངས་ཐམས་ཅད་སྔོ་ལྗང་ངེར་ཡོད་པས་ས་གདན་ལྗང་ཞིང་མཐུག་པ་ཞིག་བཏིངས་ཡོད་པ་དང་ཀུན་ནས་མཚུངས། དགུན་དུས་སུ་གྲང་ངར་ཆེ་བ་དང་དཔྱིད་དུས་སུ་བྱེ་རླུང་ཅུང་ཟད་འཚུབ་ངེས་ཡིན། དེར་བརྟེན་ཡུལ་སྐོར་ལྗོངས་རྒྱུའི་དུས་ཚོད་ཡག་ཤོས་དེ་དབྱར་གྱི་དུས་སུ་ཡིན།
མཚོ་སྔོན་པོའི་ནང་དུ་བྱ་གླིང་མཚེར་བ་རི་དང་མཚོ་སྙིང་མ་ཧཱ་དེ་བ་སོགས་གླིང་ཕྲན་ཆུང་ཆུང་འགའ་ཡོད་པར་མ་ཟད། བྱ་གླིང་དུ་བྱ་རིགས་སྣ་ཚོགས་ཀྱི་སྒོ་ངས་ཁེངས་ཤིང། བྱ་རིགས་ལ་ལས་འཕུར་རྩལ་འགྲན་པ་དང། ལ་ལས་མཚོ་ནང་གི་ཉ་འཛིན་པ་སོགས་མིག་གི་དཔྱིད་དུ་འགྱུར་བའི་ལྟད་མོ་ཁྱད་མཚར་མང་པོ་ཞིག་མཐོང་རྒྱུ་ཡོད།
མཚོ་སྔོན་པོའི་ནང་དུ་ཉ་རིགས་གཙོས་ཆུར་གནས་སྲོག་ཆགས་མང་པོ་ཞིག་ཡོད་མོད། བོད་རིགས་ཚོས་སྲུང་སྐྱོབ་བྱེད་པ་མ་གཏོགས་འཛིན་བཟུང་བྱེད་ཀྱིན་མེད་པར་མ་ཟད། ལོ་རེ་རེ་བཞིན་མཚོ་སྔོན་པོའི་ནང་དུ་གཏེར་སྦས་པའི་ཡུལ་སྲོལ་ད་དུང་ཡང་མ་ཉམས་པར་ཡོད།
ཡངས་པའི་རྩྭ་ཐང་ཀུན་ན་སྨན་རྩྭ་ཡི་རིགས་ཤིན་ཏུ་མོད་པོ་ཡོད། དེའི་སྟབས་ཀྱིས་ཉེ་འཁོར་གྱི་འབྲོག་པའི་སྒོ་ཟོག་གི་ཤ་ཡང་གཞན་དང་བསྡུར་ན་ཤིན་ཏུ་བཟང། ད་དུང་ས་དེའི་ཤ་མོ་ལ་ཡང་ཡུལ་སྐོར་བ་མང་པོས་དགའ་བོ་གནང་གི་ཡོད། གཞན་ཡང་ས་དེའི་ཞོ་དང་འོ་མ། མར་ཕྱུར་སོགས་ལ་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ལྗོངས་རྒྱུ་བས་དགའ་བསུ་ཆེན་པོ་ཐོབ་ཡོད།
དབྱར་ཟླ་དྲུག་པའི་ནང་དུ་མཚོ་མཆོད་ཀྱི་དུས་སྟོན་ཞིག་ཀྱང་ཡོད། དེའི་དུས་གླུ་ལེན་གར་རྩེ་རྒྱ་ཆེན་པོ་བྱེད་པས་བོད་ཡུལ་ནི་གླུ་གར་གྱི་རྒྱ་མཚོ་ཡིན་ཟེར་བ་ཁྱོད་ཀྱིས་དངོས་སུ་མཐོང་ཐུབ།

༡༢ ཐོན་རྫས་ཀྱི་གསལ་བཤད།

ཐོན་རྫས་གསལ་བཤད་བྱེད་པའི་རྩོམ་ཡིག་གི་འབྲི་ཐབས་ལ། སྤྱིར་བཏང་དུ་ཁག་གསུམ་དུ་བགོས་ཆོག
དང་པོ། ཁ་བྱང། རྒྱུན་ལྡན་དུ་ཁ་བྱང་ལ་ཐོན་རྫས་ཀྱི་མིང་གི་རྗེས་སུ་”གསལ་བཤད་”ཅེས་པ་སྣོན་པ་དང། ཐོན་རྫས་ཀྱི་མིང་ཁོ་ན་བཀོད་པའང་ཡོད།
གཉིས་པ། རྩོམ་དངོས། འདིར་ཐོན་རྫས་ཀྱི་མིང་དང་ཐོན་རྟགས། ཚད་གཞི་དང་ཁྱད་ཆོས། བཀོལ་སྤྱོད་ཀྱི་ཕན་ནུས། བཀོལ་སྤྱོད་བྱེད་སྟངས། རིན་གོང་སོགས་འདུ་བ་ཡིན། ཐོན་དངོས་ཀྱི་འཚོང་ལམ་དང་བྱེད་སྒོའི་ཁྱབ་ཁོངས་རྒྱ་བསྐྱེད་པའི་ཕྱིར། དམིགས་སུ་བཀར་ནས་ཐོན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དགེ་མཚན། ཕན་ནུས་དང་རིན་གོང་སོགས་ངོ་སྤྲོད་བྱ་དགོས། ཐོན་རྫས་ཁ་ཤས་ལ། བེད་སྤྱོད་བྱེད་པའི་བརྒྱུད་རིམ་གྱི་ཁྲོད་ནས་འབྱུང་སྲིད་པའི་གནད་དོན་ཅི་ཡོད་གསལ་བཤད་བྱས་ཏེ་བེད་སྤྱོད་མཁན་ལ་གསལ་བཤད་གཞིར་བཟུང་སྟེ་བེད་སྤྱད་ན་གནད་དོན་མི་འབྱུང་བར་བདེ་འཇགས་ཀྱིས་བེད་སྤྱོད་ཆོག་པ་ངོ་སྤྲོད་གསལ་པོ་བྱེད་དགོས། སྤྱིར་བཏང་གི་གནས་ཚུལ་འོག་ནས་དཔྱད་ཆས་དང་འཕྲུལ་ཆས་ལ་སོགས་པའི་ཐོན་དངོས་ལ་བཟོ་དབྱིབས་དང་རྣམ་གྲངས། ནུས་པ། གྲུབ་ཆ། བཀོལ་སྤྱོད། བདག་ཉར། བཤིག་གསོ་བྱེད་སྟངས་ལ་སོགས་པའི་ནང་དོན་གསལ་པོར་འབྲི་དགོས། ཟས་རིགས་ཡིན་ན་ངེས་པར་དུ་རྒྱུ་ཆ་དང་བྲོ་བ། ཟས་རིགས་སྤྱོད་སྟངས་ལ་སོགས་པའི་ནང་དོན་འབྲི་དགོས། གསོག་ཉར་བྱེད་དཀའ་བ་དང་ངོ་བོ་འགྱུར་སླ་བའི་ཟས་རིགས་ལ་ཁག་ཐེག་གི་དུས་ཡུན་གསལ་པོར་བཤད་དགོས། སྨན་རྫས་ཡིན་ན་ཕན་ནུས་དང་བེད་སྤྱོད་སྟངས། བེད་སྤྱོད་ཀྱི་ཚད། བདག་ཉར་བྱེད་ཐབས། ཞོར་སྐྱོན་དང་གོ་ཆོད་དུས་ཡུན་སོགས་གསལ་པོར་བཤད་དགོས། ནང་དོན་འདི་དག་གོ་རིམ་ལྡན་པ་དང་ཚན་པ་དུ་མར་བགོས་ནས་བྲིས་ཆོག མཚམས་རེར་མངགས་ཉོ་བྱེད་ཐབས་ཀྱང་གསལ་པོར་འབྲི་དགོས།
གསུམ་པ། མིང་རྟགས་འགོད་པ། རྒྱུན་དུ་ལས་ཁུངས་ཀྱི་མིང་གི་སྟེང་”ཐོན་རྫས་”ཞེས་པའི་ཡིག་འབྲུ་གཉིས་སྣོན་པ་ཡིན། མངགས་ཉོ་བྱེད་མཁན་གྱིས་འབྲེལ་བ་བྱེད་བདེ་ཆེད་ད་དུང་ལས་ཁུངས་ཀྱི་སྡོད་གནས་ཁ་བྱང་གསལ་པོ་དང། ཁ་པར་དང་མྱུར་འཕྲིན་ཡང་འབྲི་དགོས་པར་མ་ཟད། ལས་ཁུངས་ཀྱི་མིང་ཆ་ཚང་བ་ཞིག་འབྲི་དགོས།
ཐོན་རྫས་གསལ་བཤད་ཀྱི་ཡི་གེ་འབྲི་སྐབས། ད་དུང་བར་བཅུག་གི་རི་མོ་ཡང་བཀོད་ཆོག འདི་ལྟར་བྱས་ན། འཛད་སྤྱོད་པས་ཐོན་རྫས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་ཡག་པོ་བྱེད་པར་རམ་འདེགས་བྱེད་ཐུབ།
ཐོན་རྫས་གསལ་བཤད་ཀྱི་ཡི་གེ་འབྲི་ན། རེ་བ་ཉག་གཅིག་ཡོད་པ་དེ་ཡང་དག་པ་དང་བློ་གཏད་ཆོག་པ། ཞིབ་བཤེར་ཚད་དང་ལྡན་པ་ལས་རྟོག་བཟོ་དང་མཛེས་སྤྲས་གཏན་ནས་བྱེད་མི་རུང། དེ་ལས་གཞན་ད་དུང་གོ་སླ་ཞིང་གནད་བསྡུས་པ་མ་ཟད། གནད་དུ་ཐིངས་པའི་སྐད་ཆས་དོན་དག་གསལ་པོར་བཤད་དགོས། དཔེར་ན།

རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ།

སྨན་རྒྱུ་དང་བཟོ་ཐབས།

རིན་ཆེན་གྲང་སྦྱོར་ཆེན་མོའི་སྦྱོར་བ་འདིར་དུག་འདོན་གཡའ་ཕྱིས་སོགས་ཚད་ལྡན་ལས་གྲུབ་པའི་བདུད་རྩི་བཅུད་རྒྱལ་བཙོ་བཀྲུ་ཆེན་མོ་དང། གསེར་དངུལ་ཟངས་ལྕགས་དང། ཨིནྡྲ་ནི་ལ། ཕ་ལམ། མ་རྒད། གཡུ་སོགས་བཞུ་བ་དང་མ་བཞུ་བའི་ཁམས་ཀྱི་ཐལ་བ་དང། ཁ་ཆེ་གུར་གུམ་དང། ཛ་ཏི། དཔའ་བོ་དཀར་སེར། ཨ་རུ་གསེར་མདོག་སོགས་སྔོ་ཁྲོག་གི་སྨན་སྣ་བརྒྱ་དང་བཞི་བཅུ་ཙམ་ལས་གྲུབ་པའི་སྦྱོར་བ་ཤིན་ཏུ་ནས་ཚད་ལོངས་ཀྱི་རིམ་པ་མཐོང་རྒྱུད་མན་ངག་གིས་བརྒྱན་ཏེ་སྨན་སྒྲུབ་དང་ལྡན་པའི་རིལ་བུ་ངོ་མཚར་ཅན་ཞིག་ཡིན།

ཕན་ཡོན་མདོར་བསྡུས།

ཕོ་བ་ན་བ་དང། མཆིན་ཁྲག་རྒྱས་པ། སྨུག་པོ་འཐབ་ནས་གླང་ཐབས་ན་བ། བྲང་དང་ཕོ་བར་ཚ་ཤར་རྒྱག་པ། རྒྱ་བཤལ་ལམ་ཁྲག་རུལ་དུད་ཁུ་སྐྱུགས་པ། བཤང་བར་ཁྲག་འདྲེས་པ། གཞན་ཡང་སྙིང་ནད་ཀྱིས་སྙིང་གི་རྒྱུ་བ་ཞན་པ། ཆུ་བསགས་པ། དྲེག་གྲུམ་ཆུ་སེར་དང། རྨ་རིགས་སོགས་ཀྱི་རྣག་ཁྲག་འཛགས་པ། ཟས་དུག་ཤོར་བ། བཙན་དུག་དང་སྦྱར་དུག་སོགས་དུག་རིགས་ཁོང་དུ་ཤོར་བ། རྒྱུ་གཟེར་བཤལ་རིམས། མཛེ་འབྲས། གག་ལྷོག གཉན་རིམས་ཀྱི་ནད་སོགས་ལ་ཕན་པར་མ་ཟད། ནད་མེད་རྣམས་ཀྱིས་བསྟེན་ན་ལུས་མདངས་རྒྱས་ཤིང། དབང་པོ་གསལ་བ། རྩ་དང་རུས་པ་མཁྲེགས་པ་སོགས་སྟོབས་སྐྱེད་བཅུད་ལེན་གྱི་མཆོག་ཏུ་གྱུར་བ་ཡིན།

རིལ་བུ་བཞེས་ཚུལ་དང་བསྲུང་བྱ་མདོར་བསྡུས།

རིལ་བུ་འདི་མ་བཏང་གོང་གི་ནུབ་མོར་གཡེར་མ་རྡོག་བདུན་ཙམ་གྱི་ཐང་བསྐོལ་ནས་དྲོད་འཇམ་འཐུང་བས་རྩ་ཁ་འབྱེད་དགོས་པ་མ་ཟད། ནུབ་དེར་རིལ་བུར་གློག་འོད་སོགས་དཀར་ཆའི་རིགས་ཤུགས་ཆེར་མ་ཕོག་པར་སྣོད་གས་ཆག་མེད་པ་དཀར་ཡོལ་ལྟ་བུར་རིལ་བུ་ནུབ་ཙམ་གྱི་ཆུ་ཁོལ་དུ་སྦངས་ཏེ་རས་གཙང་སོགས་ཀྱིས་བཀབ་ནས་འཇོག་དགོས། སང་ཉིན་དེར་སྨན་བླའི་གཟུངས་སྔགས་དང་ཡིག་དྲུག་མ་ཎི་གང་མང་བཟླས་རྗེས་ཉིན་སྔའི་ནུབ་མོར་སྦངས་པའི་རིལ་བུ་སྲིན་མཛུབ་ཀྱིས་སྣུར་བའི་ཐོག་ཆུ་ཁོལ་ཅུང་ཟད་བསྣན་ཏེ་ཐོ་རེངས་བདུད་རྩི་ཐུན་མཚམས་དང་བསྟུན་ནས་བཞེས་ན་ནུས་པའི་ཁྱད་པར་ཤིན་ཏུ་ཆེ་བ་དང། དེ་ནས་ཉལ་ཆས་དྲོན་པོ་གྱོན་ཏེ་ལུས་རྔུལ་ངེས་བྱས་ནས་ཆུ་ཚོད་གཅིག་ཙམ་ཉལ་རྗེས་ཁ་ཆེ་གུར་གུམ་ཆུ་ཁོལ་ལ་སྦངས་པའི་ཁུ་བ་ཅུང་ཟད་བཞེས་ན་ལུས་ཀྱི་རྩ་ཁ་བསྡམས་ཏེ་སྨན་ནུས་ཕྱིར་མི་ཤོར་བའི་དགོས་ཁྱད་ཡོད། རིན་ཆེན་རིལ་བུ་བཏང་རྗེས་ཁ་ཟས་སྔོ་ཚལ་རིགས་དང། ཉ་ཕག་སྒོང་གསུམ། ཆང་སྐྱུར། སྒོག་བཙོང། ཁ་ཚ་རུལ་སུངས་དང་རྗེན་ཟས་རིགས་དང་སྤྱོད་ལམ་བརྡབས་འཁྲུགས་སོགས་དྲག་ཤུལ་གྱི་རིགས་དང། འཁྲིག་སྤྱོད་སོགས་ཉིན་ཤས་འཛེམས་དགོས་པ་མ་ཟད། ཚེས་བཅོ་ལྔ་དང་གནམ་གང་སོགས་གཟའ་ཚེས་དགེ་བའི་དུས་རིན་ཆེན་རིལ་བུ་བཞེས་ཐུབ་ཚེ་སྨན་གྱི་ཕན་ནུས་ཆེ་བ་ཡོད། འོན་ཀྱང་ནད་ཅན་ཛ་དྲག་རིགས་ལ་གོང་གི་བཞེས་ཚུལ་དང་བསྟུན་མི་དགོས་པར་སྐབས་མཚམས་བཞེས་ན་འགྲིགས།

མངགས་ཉོ་བྱ་ཡུལ།
བོད་གཞུང་དབུས་སྨན་རྩིས་ཁང་དང་ས་གནས་སོ་སོའི་ཡན་ལག་སྨན་ཁང།

འབྲེལ་གཏུགས་ཁ་པར། 0091 – 1892 – 307069/ 223113/ 223222

ཨི་མེལ་ཁ་བྱང། tm**@me************.org

གོང་གི་རྩོམ་ཡིག་འདི་ནི་གདོས་བཅས་བྱ་དངོས་གསལ་བཤད་བྱེད་པའི་རྩོམ་ཡིག་ཅིག་ཡིན། གཞལ་བྱའི་ཡུལ་དུ་གྱུར་པའི་གྲང་སྦྱོར་རིལ་ནག་ཆེན་མོའི་གྲུབ་རྒྱུ་དང་ཁྱད་ཆོས། ཕན་ཡོན་སོགས་གོ་རིམ་ལྡན་ལ་གོ་སླ་བའི་ཚིག་གིས་གསལ་བཤད་བྱས་པ་ནི་ཚན་རིག་དང་མཐུན་པར་མ་ཟད། མི་རིགས་ཀྱི་ཁྱད་ཆོས་ཀྱང་ཡོད་པ་ཞིག་ཡིན། དེ་དག་ཐམས་ཅད་ཡུལ་རང་སྟེང་ལ་ཇི་ལྟར་ཡོད་པ་གཙོ་བོར་བཟུང་ནས་བྲིས་ཡོད་པས་གསལ་བཤད་རྩོམ་ཡིག་ཡག་པོ་ཞིག་ཏུ་གྱུར་པ་རེད།