ཨ་ཅེ།
ཨ་ཕ་དང་ཕུ་བོ་གཉིས་དུས་རྒྱུན་དུ་གཞན་ལ་འགྲོ་དགོས་པས། ངེད་ཚང་ལ་ས་ཞིང་ཨེ་ཀར་དགུ་ཡོད་པ་དེའང་ཨ་མ་དང་ཨ་ཅེ་གཉིས་ཀྱིས་བདག་གཉེར་མི་བྱེད་ཀ་མེད་དུ་གྱུར། ད་ལོའི་སྟོན་སྡུད་ཀྱི་སྐབས་སུ་ངེད་ཚང་གི་ལོ་ཏོག་སྔ་མོ་ནས་བྲེགས་ཚར་སོང། ཁྱིམ་མཚེས་ཚང་མས་ང་ལ་འབྲེག་སྡུད་འཕྲུལ་འཁོར་དང་མཚུངས་པའི་ཨ་ཅེ་ཞིག་ཡོད་འདུག་ཟེར་བ་ཐོས་རྗེས་ངའི་སེམས་ནི་ལྗིད་ཏིག་གེར་གྱུར།
ཨ་ཅེ་ནི་ལུས་ལ་ན་ཚ་ཅི་ཡང་མེད་པར་སྲ་མོ་རྡོ་ལོག་ལྟ་བུ་ཞིག་ཡིན་ལ། ཉི་འོད་ཀྱིས་སྨུག་པོར་བསྒྱུར་བའི་གདོང་ན་ཁྲ་རིལ་ལེ་འོད་ཀྱུག་གེར་ཡོད་པའི་མིག་ཟུང་ཞིག་ལྡན། ཁོ་མོས་རྒྱུན་དུ་ལུས་ལ་ལྭ་བ་ཐགས་བབ་ཅིག་གྱོན་ཞིང་མགོ་ལ་རིང་རྒྱུ་མེད་ལ་ཐུང་རྒྱུ་ཡང་མེད་པའི་ལན་བུ་གཉིས་སླས་འདུག ཁོ་མོའི་ཞི་ཞིང་དུལ་བའི་གཤིས་རྒྱུད་དང་མཐོ་རྒྱུ་མེད་པའི་ཕྱི་གཟུགས་ལ་བལྟས་ན་དགེ་རྒན་ཞིག་དང་མཚུངས་ནའང། དོན་དངོས་སུ་ཁོ་མོས་ཡིག་འབྲུ་གཅིག་ཀྱང་མི་ཤེས།
ཨ་མས་ཨ་ཅེ་སློབ་ལོ་རན་སྐབས་ནུ་མོ་དང་ཁྱོད་གཉིས་ད་དུང་ཧ་ཅང་ཆུང་བས་ཁོ་མོས་ཁྱོད་གཉིས་ཀ་བསྙོར་དགོས་པར་གྱུར། དེ་བས་ཨ་ཅེས་རིན་ཆེན་གསེར་ལས་དཀོན་པའི་སློབ་སྦྱོང་གི་གོ་སྐབས་དེ་བློས་མི་གཏོང་ཀ་མེད་བྱུང་ཟེར། ཨ་ཅེ་ཡང་བདག་དང་འདྲ་བར་ཆུང་དུས་ནས་སློབ་གྲྭར་འགྲོ་ཐུབ་ཡོད་ཕྱིན། ཁོ་མོ་ནི་རིག་པ་གསལ་ཞིང་སྡུག་རུས་ཆེ་བས་སློབ་གྲྭ་ཆེན་མོ་ཞིག་ལ་རྒྱུགས་འཕྲོད་པ་ཁོ་ཐག་ཡིན་སྙམ།
གཟའ་ཉི་མའི་ཉིན་གྱི་ཚ་གདུག་གིས་དངོས་པོ་ཐམས་ཅད་གཞོབ་འགྲོ་བ་འདྲ། སྔ་དྲོ་ང་ཚོས་ཇི་ལྟར་བྲེགས་ཀྱང་གྲོ་ཞིང་ཤར་མོ་ལྔ་ད་དུང་བྲེགས་མ་ཚར། ངའི་གདོང་ནི་གྲོ་སྙེའི་གྲ་མས་གཙགས་ནས་ཚ་བེར་བེར་བྱེད་ཅིང། རྐེད་པ་གཟེར་བའམ་སྒྱིད་པ་འདར་ནས་ཅུང་ཙམ་ཡང་འབྲེག་མི་ཐུབ་པར་གྱུར། ཨ་མས་གདོང་ཡོངས་ན་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་གྱིན་ཡོད་ནའང། ད་དུང་མུ་མཐུད་དུ་ཞིང་འབྲེག་གིན་འདུག ནུ་མོ་སྔ་མོ་ནས་སྡོང་པོའི་གྲིབ་བསིལ་འོག་ཏུ་བྲོས་སོང། ཨ་ཅེས་ཉིན་དགུའི་ཚ་གདུག་ཁྲོད་དུ་ཞིང་བྲེགས་པས་ལུས་ཐང་ཤིན་ཏུ་ཆད་ནའང་ད་དུང་ང་ཚོར་ཁྱོད་ཚོས་བསིལ་དགུག་རག་བར་དུ་ངལ་གསོ་གྱིས་དང། ཞིང་ངས་འབྲེག་ཅེས་ཡང་ཡང་བཤད་པ་ན། ང་ཚོ་ཡང་ཁྱིམ་ལ་ངལ་གསོ་བྱེད་དུ་སོང།
ཨ་མས་ཟ་མ་གཡོ་སྐོལ་བྱས་ཚར་རྗེས་ང་ཨ་ཅེ་འབོད་དུ་མངགས། ཞིང་ཁར་སླེབས་པ་ན་ང་རང་ཧ་ལས་སོང། མིག་ལམ་དུ་ཞིང་ཤར་མོ་ལྔ་པོ་བྲེགས་ཚར་ནས་གྲོ་ཤོག་མང་པོ་སྤུངས་ཡོད་པ་ལས་ཅི་ཡང་མཐོང་རྒྱུ་མི་འདུག ངས་སྐད་བརྒྱབ་ནས་ཨ་ཅེ་བོས་པ་དང། ཨ་ཅེ་ནི་གྲོ་ཤོག་གི་གསེབ་ན་ཉལ་འདུག ཁོ་མོའི་ལག་རྒྱབ་སོག་མས་གཙགས་ཏེ་རྨ་ཁ་ཤར་ཤུར་མང་པོ་བཟོས་ཡོད་པར་མ་ཟད། ལག་མཐིལ་ལ་ཆུ་བུར་བརྒྱབ་ནས་ཝ་ཆགས་འདུག
ཨ་ཅེས་ངལ་དུབ་ཀྱིས་སྐྱ་བོར་བསྒྱུར་ཅིང་སེར་ཀ་གས་ཡོད་པའི་མཆུ་སྒྲོས་བར་ནས་ང་འཐེན་རོགས་ཞེས་བཤད། ངས་སེམས་ནས་མ་བཟོད་པར་མགྲིན་པ་རྣོང་བཞིན་“ཨ་ཅེ་ལགས། ང་སློབ་གྲྭར་མི་འགྲོ། ངས་ཨ་མ་དང་ཁྱེད་གཉིས་ཀར་རོགས་བྱས་ནས་ལས་ཀ་ལས་རྒྱུ་ཡིན”ཞེས་བཤད་མ་ཐག ཨ་ཅེས་མིག་ཟུང་ལས་ཧ་ལས་པའི་མདངས་ཤིག་མངོན་ཏེ། “ཁྱོད་ཀྱིས་ཅི་ཟེར། ཡི་གེ་མ་ཤེས་ན་ཞར་བ་དང་འདྲ་བས། ཇི་འདྲའི་ཡིད་ཕངས་པ་ཞིག་རེད་ཨང།་་་་་་”ཞེས་མགོ་སྨད་ནས་ཅུང་ཙམ་བསྡད་རྗེས་སླར་ཡང་གདོང་ལ་འཛུམ་ཞིག་ལངས་ནས་“ཁྱོད་ཀྱིས་ལྟོས་དང། འུ་ཚང་གི་གྲོ་ཞིང་ཚང་མ་བྲེགས་ཚར་བ་མ་ཡིན་ནམ། ད་ཁྱོད་ཀྱིས་སེམས་རྣལ་ལ་ཕབ་ཏེ་དཔེ་ཆ་བཏོན་ཆོག་་་་་”ཟེར། ངས་ཇི་ལྟར་བསྲན་ཀྱང་བསྲན་མ་ཐུབ་པར་མིག་ནས་མཆི་མ་དབང་མེད་དུ་ཤོར་བྱུང།
ཨ་ཅེ་ལགས། ངས་ཁྱོད་ལ་བཀའ་དྲིན་ཇི་ལྟར་ཞུའམ།
རྩོམ་ཡིག་གི་དཔྱད་མཆན།
གཟུགས་བརྙན་འབྲི་བ་ལ་ཕྱི་གཟུགས་འབྲི་བའང་ཟེར། དེ་ནི་མི་སྣ་འབྲི་བའི་ཐབས་ལམ་ཞིག་ཡིན། མི་སྣའི་བཞིན་རས་དང་རྣམ་འགྱུར། ལུས་གཟུགས། ཉམས་འགྱུར། སྐད་གདངས། གྱོན་ཆས། བཟོ་ལྟ་སོགས་གཟུགས་བརྙན་འབྲི་བའི་ཁོངས་སུ་གཏོགས། གཟུགས་བརྙན་བྲིས་པ་ལེགས་པོ་ཞིག་ཡོང་ན་མི་སྣའི་སྣང་བརྙན་གསལ་ཞིང་གཤིས་ཀ་འབུར་དུ་ཐོན་པ་དང། བསམ་པའི་བརྩེ་དུང་ཡོངས་སུ་མཚོན་པ། དོན་སྙིང་གཙོ་བོ་གསལ་པོར་སྟོན་པ་བཅས་ལ་ཕན་པ་ཡོད་པས། རྩོམ་པ་པོ་མང་པོ་ཞིག་གིས་གཟུགས་བརྙན་འབྲི་བར་ཧ་ཅང་མཐོང་ཆེན་བྱེད་པ་ཡིན།
དེ་ནི་དང་པོར་རྩོམ་པ་པོས་ཐད་ཀར་མི་སྣའི་གཟུགས་བརྙན་ཞིབ་བརྗོད་བྱེད་པ་ཡིན། གཉིས་པ་ནི་མི་སྣ་གཞན་ཞིག་གིས་ལྟ་ཞིབ་བྱས་པ་བརྒྱུད་དེ་མི་སྣའི་གཟུགས་བརྙན་འབྲི་བ་ཡིན། གཟུགས་བརྙན་བྲིས་པ་དེས་མི་སྣའི་གཟུགས་བརྙན་གསར་བཟོ་དང་རྩོམ་ཡིག་གི་ནང་དོན་གཙོ་བོ་མཚོན་པའི་ཕྱོགས་ལ་དངོས་གནས་ནུས་པ་ཆེན་པོ་བཏོན་ཡོད། གྲོགས་པོ་ཆུང་ཆུང་ཚོས་གཟུགས་བརྙན་འབྲི་ཚུལ་སྦྱོང་སྐབས་ངེས་པར་དུ་མི་སྣའི་ཁྱད་ཆོས་དམ་པོར་འཛིན་པར་དོ་སྣང་ཆེན་པོ་བྱེད་དགོས། རྒྱུ་མཚན་ནི་མི་སྣའི་གཤིས་ཀའམ་ལོ་ཚོད། ལས་རིགས། རིག་གནས་ཆུ་ཚད། འཚོ་བའི་བརྒྱུད་རིམ། འཚོ་བའི་ཁོར་ཡུག་སོགས་ལ་བར་ཁྱད་ཁྲི་སྟོང་མང་པོ་ཡོད་པས། ཁྱད་པར་དེ་དག་གིས་མི་སྣའི་ཕྱི་གཟུགས་རང་ཤུགས་སུ་འབུར་དུ་འདོན་པ་ཡིན་ནོ། །
གོང་གི་རྩོམ་ཡིག་འདི་ནི་ད་གཟོད་གཟུགས་བརྙན་འབྲི་སྟངས་སྤྱད་དེ་མི་སྣའི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་ཡིན།
རྩོམ་ཡིག་ཏུ་གཟུགས་བརྙན་ཐེངས་གཉིས་ལ་བྲིས་ཡོད་དེ། ཐེངས་དང་པོར་མི་སྣའི་ཁྱད་ཆོས་ཐད་ཀར་བརྗོད་པ་སྟེ། ཨ་ཅེ་ནི་ལུས་ལ་ན་ཚ་ཅི་ཡང་མེད་པར་སྲ་མོ་རྡོ་ལོག་ལྟ་བུ་ཞིག་ཡིན་ལ། ཉི་འོད་ཀྱིས་སྨུག་པོར་བསྒྱུར་བའི་གདོང་ན་ཁྲ་རིལ་ལེ་འོད་ཀྱུག་གེ་ཡོད་པའི་མིག་ཟུང་ཞིག་ལྡན། ཁོ་མོས་རྒྱུན་དུ་ལུས་ལ་ལྭ་བ་ཐགས་བབ་ཅིག་གྱོན་ཞིང་མགོར་རིང་རྒྱུ་མེད་ལ་ཐུང་རྒྱུ་ཡང་མེད་པའི་ལན་བུ་གཉིས་སླས་འདུག་ཅེས་པ་ལས་ཨ་ཅེ་ངལ་རྩོལ་ལ་དགའ་བ་དང་བདེ་ཐང་ཡིན་པ། བབ་ཆགས་ཡིན་པ་སོགས་ཀྱི་ཁྱད་ཆོས་མངོན་པར་བྲིས་ཡོད།
རྩོམ་པ་པོས་ང་དང་ཨ་མ། ནུ་མོ། ཨ་ཅེ་བཅས་ཀྱིས་ཚ་བ་ཆེ་བའི་སྔ་དྲོ་ཞིག་ལ་ཞིང་བྲེགས་པ་དང། ངའི་རྐེད་པ་གཟེར་ཞིང་སྒྱིད་པ་འདར་ནས་ཅུང་ཙམ་ཡང་འབྲེག་མི་ཐུབ་པར་གྱུར་ནའང། ད་དུང་གྲོ་ཞིང་ཤར་མོ་ལྔ་བྲེགས་མ་ཚར་བར་ལུས་འདུག ང་ཚོ་ཁྱིམ་དུ་ལོག་པ་དང། ཨ་ཅེ་གཅིག་པུས་ཞིང་བྲེགས་པ་བྲིས་ཡོད།
ང་ཞིང་ཁར་སླེབས་པ་ན། ཞིང་ཤར་མོ་ལྔ་བོ་བྲེགས་ཚར་ནས་ཤུལ་ན་གྲོ་ཤོག་སྤུངས་པ་ལས་ཅི་ཡང་མཐོང་རྒྱུ་མི་འདུག ཨ་ཅེ་གྲོ་ཤོག་གི་གསེབ་ན་ཉལ་འདུག ཁོ་མོའི་ལག་རྒྱབ་སོག་མས་གཙགས་ཏེ་རྨ་ཁ་ཤར་ཤུར་མང་པོ་བཟོས་ཡོད་པར་མ་ཟད། ལག་མཐིལ་ལ་ཆུ་བུར་བརྒྱབ་ནས་ཝ་ཆགས་འདུག ཨ་ཅེས་ངལ་དུབ་ཀྱིས་སྐྱ་བོར་བསྒྱུར་ཅིང་སེར་ཀ་གས་པའི་མཆུ་སྒྲོས་བར་ནས་ང་འཐེན་རོགས་ཞེས་རྒྱས་འབྲི་བྱས་པ་སོགས་བྱུང་རིམ་དང་བསྟུན་ནས་མི་སྣའི་ཕྱི་གཟུགས་ལ་འགྱུར་ལྡོག་བྱུང་བ་དེ་ལས་ཨ་ཅེའི་དཀའ་སྤྱད་སྡུག་རུས་སྒོས་ལས་འགན་ལྕི་མོ་ཕྲག་ཏུ་བླངས་པའི་སྙིང་སྟོབས་དང་བླ་ན་མེད་པའི་གཤིས་རྒྱུད་བཟང་པོ་དེ་འབུར་དུ་དོད་འདུག
འདེམས་བསྐོ།
བཀྲ་ཤིས། འདེམས་ཤོག་ཞེ་དགུ། འཛིན་གྲྭའི་རྒན་བདག་ཏུ་བདམས་པ་ཡིན་ཞེས་དགེ་རྒན་སྤེན་པས་སྐད་གསེང་མཐོན་པོས་བསྒྲགས་བྱུང། ངས་སྒོ་སམ་སྟེང་གི་མིང་ཐོའམ་འདེམས་གྲངས་ལ་ལྟ་བཞིན་ཡིད་ལ་ལོ་ཕྱེད་སྔོན་གྱི་བཟོད་ཐབས་བྲལ་བའི་ཕྱི་དྲོ་དེ་དྲན་བྱུང།
ཉིན་དེའི་ཕྱི་དྲོར་འཛིན་གྲྭ་ནས་ཕུལ་བྱུང་སློབ་མའི་ལས་བྱེད་པ་འདེམས་བསྐོ་བྱས། ངས་སྒོ་སམ་སྟེང་དུ་བཀྲ་ཤིས། འདེམས་ཤོག་གཉིས་ཞེས་བྲིས་ཡོད་པ་མཐོང་བ་དང། གདོང་ལ་སྦྲང་མས་དུག་མདུང་གིས་བསྣུན་པ་ཇི་བཞིན་ཚ་བེར་བེར་བྱེད་ཅིང་མིག་ཟུང་རབ་རིབ་ཏུ་གྱུར་པར་མ་ཟད། མགྲིན་པ་རྣོང་བཞིན་དབུགས་ཀྱང་ལེན་དཀའ་བ་ཞིག་ཏུ་གྱུར།
ང་རང་ཡིད་ཕམ་ཞིང་ཞེ་སྡང་ངང་ཁྱིམ་ལ་ལོག་སྐབས་ལམ་བར་ནས་རྡོ་རིལ་ཞིག་མིག་ལམ་དུ་མངོན་བྱུང། ངས་རྡོ་རིལ་དེར་རྡོག་ཐོས་ཤུགས་ཀྱིས་གཞུས་ཚེ། རྡོ་རིལ་དེ་ཕ་གིའི་ཆུ་འགྲམ་དུ་ཡེར། ཡང་རྡོག་ཐོས་གཅིག་འཕྲོར་གཅིག་བྱས་ནས་གཞུས་ཙ་ན་རྡོ་ཁྲོལ་དེ་དག་རྒྱང་རིང་གི་ཆུ་ནང་ལ་ལྷུང་བ་རེད། དེ་ནས་བདག་གི་མིག་ཟུང་ལས་ཁོང་ཁྲོའི་མེ་ལྕེ་མཆེད་བཞིན་གྲམ་ཆུ་ཁར་སོང་ནས་བསྡད། གྲམ་ཆུ་ཤག་ཤག་ཏུ་བཞུར་བར་བལྟས་ན། ཧ་ཧ་ཞེས་བདག་ལ་འཕྱ་སྨོད་བྱེད་པ་དང་མཚུངས་ཤིང། ལྟག་རྒྱབ་ཀྱི་ལྕང་སྡོང་མགོ་རུ་བྱ་བྱེའུ་མང་པོས་“ཀྱུར་ཀྱུར་ཀྱུར་”ཞེས་གྲགས་པ་དེས་ང་ལ་སྡུག་གྱོང་རེད། སྡུག་གྱོང་རེད་ཟེར་བ་དང་འདྲ། ངས་ཞེ་སྡང་དང་བཅས་ཐང་ནས་རྡོ་ཞིག་བླངས་ཏེ་བྱ་བྱེའུ་མང་པོའི་ཁྲོད་ལ་འཕངས་པ་ན་འུར་སྒྲ་ཞིག་གྲགས་པ་དང་མཉམ་དུ་བྱ་བྱེའུ་ཐམས་ཅད་འཚུབ་ལོང་ངེར་འཕུར་སོང། ཉི་མ་དེར་ས་སྟེང་གི་ཡོད་ཚད་བདག་གི་མིག་ལ་མི་རན་པ་དང་སུན་སྣང་སྐྱེ་བ་ཞིག་རེད།
བདག་རང་ཁྱིམ་དུ་ལོག་ནས་བསམ་བློ་ཞིབ་མོ་ཞིག་བཏང་ཚེ། དྲང་མོར་བཤད་ན་བདག་འཛིན་གྲྭའི་ལས་བྱེད་པ་བཟང་པོ་ཞིག་བྱས་མ་མྱོང། ཐེངས་ཤིག་ལ་སློབ་གྲོགས་སངས་རྒྱས་སྐྱབས་ཀྱིས་བདག་ལ་སློབ་སྦྱོང་སྐོར་གྱི་དྲི་བ་ཞིག་བཏོན་ཚེ། བདག་གིས་སུན་སྣང་དང་བཅས་ཁྱོད་རང་ཉིད་ཀྱིས་བསམ་བློ་ཐོངས་ཞེས་མི་ལེགས་པའི་རྣམ་འགྱུར་བསྟན། ཡང་ཐེངས་ཤིག་ལ་སློབ་གྲོགས་གཡང་ཚོན་ཅན་གྱིས་ཁྱོད་ཀྱི་རི་མོའི་དེབ་ཆུང་དེར་བདག་གིས་ལན་གཅིག་བལྟས་ན་ཆོག་གམ་ཟེར། བདག་གིས་སྣ་དགོད་ཅིག་སྟེག་སྟེ་རི་མོའི་དེབ་ཆུང་དེ་གཡང་ཚོན་ཅན་ལ་མ་གཡར་བས་ན། གཡང་ཚོན་ཅན་གྱིས་བདག་ལ་རྡོག་ཐོས་གཞུས་བྱུང། བདག་གིས་ཀྱང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཁོའི་ཐོང་རྩར་འཇུས་ནས་རྒོལ་ལན་སྤྲད་པ་ཡིན། དེ་ནས་བཟུང་ངེད་གཉིས་ཀྱིས་ཕན་ཚུན་ལ་ཁ་གྲགས་མ་མྱོང། བདག་གི་སེམས་སུ་སློབ་སྦྱོང་བཟང་པོ་བྱས་ཏེ་ཡོན་ཏན་ཡག་པོ་ཞིག་འབྱོར་ན་ཚང་མས་ཁ་མ་གྲགས་ཀྱང་སྐྱོན་མེད་སྙམ་པ་མ་གཏོགས་དེ་རིང་གི་དོན་དག་འདི་འདྲ་ཞིག་འབྱུང་བ་ནི་ཡིད་ལའང་མ་དྲན།
ཕྱི་ཉིན་དགེ་རྒན་སྤེན་པས་བདག་ལ་བྱམས་བརྩེའི་ངང་ཁྱོད་ཀྱིས་ད་ཐེངས་ཁྱོད་རང་འཛིན་གྲྭའི་ལས་བྱེད་པར་འདེམས་མ་ཐུབ་པ་ལ་བསམ་བློ་ཞིབ་མོ་ཞིག་ཨེ་བཏང་ཞེས་དྲིས། བདག་གིས་མགོ་ནང་གུག་བྱེད་བཞིན་སེམས་པ་སྐྱོ་ནས་ངུས་པ་ན། དགེ་རྒན་གྱིས་ངའི་གདོང་གི་མིག་ཆུ་འབྱིད་བཞིན་མ་ངུ། ངས་ཁྱོད་ལ་སྙན་ངག་པ་ཡི་དམ་ཚེ་རིང་ཆུང་དུས་ཀྱི་གཏམ་རྒྱུད་ཅིག་བཤད། ཡི་དམ་ཚེ་རིང་ཆུང་དུས་ནས་སློབ་སྦྱོང་ལ་འབད་པ་དང་ལུས་ཕུང་སྦྱོང་བརྡར་ལ་ཧུར་བརྩོན་མཛད་པར་མ་ཟད། སློབ་གྲོགས་ལའང་ཧ་ཅང་ཐུགས་འཁུར་མཛད་པ་ཞིག་ཡིན་པས། ཁོང་སློབ་གྲོགས་ཚོའི་ཁྲོད་ན་མཚན་སྙན་གྲགས་ཤིན་ཏུ་ཆེ། ཐེངས་ཤིག་ལ་ཁོང་གིས་སློབ་གྲོགས་ཚོ་ཁྲིད་དེ་བསམ་བློ་བསྒྱུར་བཀོད་ལ་བཀག་འགོག་བྱེད་པའི་སློབ་གཙོར་འཐབ་རྩོད་བྱས་མྱོང་ཞེས་བཤད། རེད་ཡ། ཐུན་མོང་ནི་མི་ཞིག་ཡིན་པའི་དབང་དུ་བཏང་ན། ལས་བྱེད་པ་ནི་མི་ལུས་ཀྱི་རུས་སྒྲོམ་ལྟ་བུ་ཡིན་པས། གལ་ཏེ་རུས་སྒྲོམ་ཁོ་ན་ལས་ཤ་ཁྲག་མེད་པ་ཞིག་ལ་མི་གསོན་པོ་ཞིག་ཏུ་ཇི་ལྟར་བརྩི། མི་གཅིག་ཐུན་མོང་དང་ཁ་བྲལ་ཚེ་བྱ་བ་གཅིག་ཀྱང་བསྒྲུབ་ག་ལ་ཐུབ།
དུས་དེ་ནས་བཟུང་སློབ་གྲོགས་ཚོས་དྲི་ཚིག་མ་ཤེས་ན་བདག་གིས་སུན་སྣང་མེད་པར་ཁོ་ཚོར་འགྲེལ་བཤད་བྱས་པ་དང། བདག་ལ་རི་མོའི་དེབ་ཆུང་རེ་ཡོད་ན་ངེས་པར་དུ་སློབ་གྲོགས་ཚོར་བལྟ་རུ་བཅུག་པར་མ་ཟད། དུས་རྒྱུན་དུ་རང་འགུལ་གྱིས་རྩལ་སྦྱོང་ར་བ་དང་སློབ་ཁང་ལ་ཆུ་གཏོར་ཏེ་གཙང་སྦྲ་བྱས་པ་ཡིན།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ང་རང་ཕྱིར་དྲན་གྱི་མཚོ་མོའི་ཀློང་ནས་དྲངས་བྱུང། སློབ་གྲོགས་རེ་རེའི་འཛུམ་མདངས་རྒྱས་པའི་གདོང་དང་ཡར་བསྒྲེངས་པའི་ལག་པ་ཆུང་ཆུང་ལས་བདག་ལ་སླར་ཡང་ཡིད་ཆེས་དང་བརྩི་བཀུར་བྱེད་པ་དེ་མཚོན་འདུག
ངས་དགེ་རྒན་གྱི་བསྟོད་བསྔགས་ཀྱི་འཛུམ་མདངས་མཐོང་བ་དང་སེམས་ལ་སྤྲོ་སྐྱིད་ཚད་མེད་ཅིག་སྐྱེས་བྱུང།
རྩོམ་ཡིག་གི་དཔྱད་མཆན།
བྱ་བ་ཞིག་ཡིག་ཐོག་ཏུ་འགོད་ན་བྱ་བ་དེའི་འབྱུང་རྐྱེན་དང་བྱུང་རིམ། མཇུག་འབྲས་བཅས་རིམ་པ་བཞིན་དུ་བརྗོད་དགོས་མོད། འོན་ཀྱང་ལྡོག་བརྗོད་བྱས་ཆོག
ལྡོག་བརྗོད་ཅེས་པ་ནི་བྱ་བའི་མཇུག་འབྲས་དང་བྱ་བའི་གནད་འགག ཡང་ན་ཆེས་ངོ་མཚར་ཆེ་བའི་དུམ་མཚམས་སོགས་རྩོམ་ཡིག་གི་འགོར་འབྲི་དགོས། དེ་ནས་དུས་ཚོད་ཀྱི་སྔ་ཕྱི་དང་བྱ་བའི་གོ་རིམ་ལྟར་བརྗོད་དགོས། འབྲི་ཐབས་འདིས་རྩོམ་ཡིག་ཏུ་མཚར་སྣང་བཀོད་སྒྲིག་བྱེད་པ་དང། ཀློག་པ་པོར་ཀློག་འདོད་ཀྱི་སྤྲོ་སྣང་བསྐྱེད་ཐུབ།
ལྡོག་བརྗོད་ཀྱི་འབྲི་ཐབས་ལ་སྣ་ཁ་གསུམ་ཡོད། དང་པོ་ནི་འདས་དོན་ཕྱིར་དྲན་བྱེད་པ་སྟེ། སྔོན་ལ་དེང་སྐབས་ཀྱི་གནས་ཚུལ་འབྲི་བ་དང། དེ་ནས་ཁོར་ཡུག་ལ་བརྟེན་ནས་འཆར་སྣང་བྱུང་ཚུལ། བརྗོད་ཟིན་པའི་འདས་དོན་ཕྱིར་དྲན་བྱེད་པ་བཅས་ཡིན། གཉིས་པ་ནི་རྒྱུ་དང་འབྲས་བུ་གཉིས་མགོ་རྔ་བརྗེ་བ་སྟེ། བརྗོད་བྱའི་སྙིང་པོ་དང་སྒྲིག་གཞི་བཀོད་སྒྲིག་གཞིར་བཟུང་ནས་མི་སྣ་ཞིབ་བརྗོད་བྱེད་པའི་དགོས་མཁོ་ལྟར་སྔོན་ལ་དོན་གྱི་མཇུག་འབྲས་འབྲི་བ་སྟེ། རྗེས་ནས་བྱུང་བའི་བྱ་བ་སྔོན་ལ་གླེང་བ་དང་དེ་ནས་དོན་གྱི་འགོ་བརྩམས་ནས་གོ་རིམ་ཇི་བཞིན་དོན་གྱི་རྒྱུ་རྐྱེན་དང་འཕེལ་རིམ། མཇུག་འབྲས་བཅས་གསལ་པོར་བརྗོད་པ་དེ་ཡིན། གསུམ་པ་ནི་བྱ་བ་རྗེས་མ་སྔོན་དུ་གླེང་བ་སྟེ། ཆེས་ལྟ་ན་འདོད་པ་དང་ཆེས་ཡིད་དབང་འགུགས་པའི་དུམ་མཚམས་སྔོན་དུ་བྲིས་ནས་གཏམ་རྒྱུད་ཀྱི་འབྱུང་རྐྱེན་དང་བྱུང་རིམ། མཇུག་འབྲས་སོགས་གོ་རིམ་བཞིན་དུ་བརྗོད་པ་དེ་ཡིན།
ལྡོག་བརྗོད་ཀྱི་འབྲི་སྟངས་གང་བཀོལ་ཀྱང་ལྡོག་བརྗོད་ནས་རིམ་བརྗོད་དུ་བསྒྱུར་བའི་བར་མཚམས་གསལ་དགོས་པར་མ་ཟད། བར་བརྒལ་རང་ཤུགས་སུ་གྲུབ་པ་ཞིག་ཡིན་དགོས།
གོང་གི་ཇི་བཞིན་བརྗོད་པའི་རྩོམ་ཡིག་འདིས་དྲང་བདེན་དང་མངོན་སུམ་གསལ་རྗེན་སྒོས་རྩོམ་པ་པོ་འཛིན་གྲྭའི་རྒན་བདག་ཏུ་མ་བདམས་པའི་གནས་ཚུལ་ཇི་མ་ཇི་བཞིན་དུ་བྲིས་ཤིང། ལྡོག་བརྗོད་ཀྱི་འབྲི་སྟངས་བཀོལ་ཡོད། ཐོག་མར་དགེ་རྒན་གྱི་སྐད་ཆས་རྩོམ་འགོ་བཙུགས་ནས་ད་ལྟའི་བྱ་བ་བྲིས་ཏེ་ངས་སྒོ་སམ་སྟེང་གི་མིང་ཐོའམ་འདེམས་གྲངས་ལ་ལྟ་བཞིན་ཡིད་ལ་ལོ་ཕྱེད་སྔོན་གྱི་བཟོད་ཐབས་བྲལ་བའི་ཕྱི་དྲོ་དེ་དྲན་བྱུང་ཞེས་བར་བརྒལ་གྱི་ཚིག་གིས་སྐབས་དེར་བྱུང་བའི་གནས་ཚུལ་དྲངས་བྱུང། འདས་དོན་ཕྱིར་དྲན་བྱས་པ་དེ་བརྗོད་དོན་གཙོ་བོ་ཡིན་ལ། བརྗོད་དོན་ཁྲོད་དུ་ཡུལ་ལྗོངས་དང་བྱ་སྤྱོད། སེམས་ཁམས་སོགས་ཀྱང་བྲིས་འདུག རྩོམ་འདི་ཡིས་རྩོམ་པ་པོ་རང་ཉིད་འཛིན་གྲྭའི་ལས་བྱེད་པར་འདེམས་ཐོན་མ་བྱུང་བ་དེ་དཀྱིལ་སྙིང་བྱས་ནས་བྱུང་རིམ་སྤེལ་བ་དང་རང་གི་བསམ་པའི་བརྩེ་དུང་མཚོན་གང་ཐུབ་བྱས་ཡོད། འདེམས་ཐོན་མ་བྱུང་བའི་དབང་གིས་གྲམ་ཆུ་ཤག་ཤག་ཏུ་བཞུར་བར་བལྟས་ན།ཧ་ཧ་ཞེས་བདག་ལ་འཕྱ་སྨོད་བྱེད་པ་དང་མཚུངས་ཤིང། ལྟག་རྒྱབ་ཀྱི་ལྕང་སྡོང་མགོ་རུ་བྱ་བྱེའུ་མང་པོས་ཀྱུར་ཀྱུར་ཀྱུར་ཞེས་གྲགས་པ་དེས་ང་ལ་སྡུག་གྱོང་རེད། སྡུག་གྱོང་རེད་ཟེར་བ་དང་འདྲ་ཞེས་པ་དེ་ཡུལ་ལྗོངས་བྲིས་པ་ཡིན་ལ་སེམས་ཁམས་བྲིས་པའང་ཡིན། འདེམས་ཐོན་མ་བྱུང་བའི་རྒྱུ་མཚན་ལ་དོན་དག་ཆུང་ཆུང་གཉིས་དཔེར་བཀོད་ནས་ཚབ་ཏུ་རུང་བ་བྱས་ཡོད། རྩོམ་ཡིག་ཏུ་འདེམས་བསྐོ་བྱེད་སྐབས་དགེ་རྒན་གྱིས་སྐད་གསེང་མཐོན་པོས་བསྒྲགས་བྱུང་ཞེས་རྩོམ་གྱི་འགོ་བཙུགས་པ་དང། འདེམས་བསྐོ་བྱས་རྗེས་སློབ་གྲོགས་ཚོའི་ཐལ་མོ་རྡེབ་སྒྲས་རྩོམ་མཇུག་བསྒྲིལ་ཅིང། འདེམས་ཐོན་མ་བྱུང་བ་གནད་ཆེ་སར་བཟུང་ནས་བྲིས་པ་དེས་འདེམས་ཐོན་བྱུང་བ་དེ་འབུར་དུ་བཏོད་ཡོད།
ང་ལ་སྐྱོན་ཆ་བཅོས་སྒྱུར་བྱེད་དུ་བཅུག་པ།
ང་སློབ་ཆུང་དུ་ཞུགས་པ་ནས་བཟུང་བྱ་བ་ཐམས་ཅད་ཡིད་བཞིན་དུ་གྲུབ་ཅིང་སེམས་མི་སྤྲོ་བ་གཅིག་ཀྱང་མེད་པར་སློབ་སྐབས་རེ་རེར་གསུམ་བཟང་སློབ་མར་བདམས་ལ། སྐོར་དང་པོའི་ལོ་ཆུང་གདོང་ལེན་རུ་ཁག་ཏུ་ཞུགས་ཤིང། ལྔ་སྤེལ་བཞི་མཛེས་ཀྱི་བྱ་འགུལ་ཁྲོད་དུའང་ཚད་ལྡན་མི་སྣར་བདམས་པར་མ་ཟད། ང་རང་རྒན་བདག་ལ་བསྐོས་པས་སློབ་གྲོགས་ཚོ་ཡིད་སྨོན་ཤོར་བ་དང་ཁྱིམ་མཚེས་ཀྱིས་བསྟོད་བསྔགས་བྱས་པ་རེད།
དང་ཐོག་ང་རང་ཅུང་ངོ་ཚ་བ་ཞིག་ཡིན་མོད། རྗེས་ནས་རིམ་བཞིན་དུ་ང་རྒྱལ་སྐྱེས་ཏེ་སློབ་གྲོགས་ཚོར་བཀོད་འདོམས་བྱེད་ཚེ་སྐད་འགོ་མཐོ་བར་མ་ཟད། སོང་ནའང་མགོ་འཕང་བཀྱགས་ཏེ་འགྲོ་བ་ཞིག་ཏུ་གྱུར།
འདི་ཐམས་ཅད་དགེ་རྒན་གྱིས་མཐོང་སྟེ་འཛིན་གྲྭའི་ཚོགས་ཐོག་ནས་ང་ལ་ང་ཚོའི་འཛིན་གྲྭའི་སློབ་གྲོགས་ལ་ལ་སློབ་སྦྱོང་དང་བྱ་བར་འབྲས་བུ་ཅུང་ཡོད་ནའང། ང་རྒྱལ་སྐྱེས་པ་ལས་ཁེངས་སྐྱུངས་གཏན་ནས་མི་བྱེད་པ་རེད། ངའི་རེ་བ་ཡིན་ན་སློབ་གྲོགས་དེས་སྔ་མོ་ནས་རང་ཉིད་ཀྱི་སྐྱོན་ཆ་དེ་བཅོས་སྒྱུར་བྱེད་དགོས་ཞེས་གསུངས། ངས་བསམ་འཆར་དེར་སྣང་འཇོག་སྤུ་ཙམ་ཡང་མ་བྱས་པར་ང་ནི་འཛིན་གྲྭའི་གདུང་འདེགས་ཀ་བ་ཞིག་ཡིན་པས། ཕྱོགས་གང་ནས་བལྟས་ཀྱང་ང་ལ་བཟང་ཆ་མ་གཏོགས་སྐྱོན་ཆ་ཞིག་གང་ན་ཡོད་སྙམ། ངས་རང་སྐྱོན་ངོས་མ་ཟིན་པའི་རྐྱེན་གྱིས་སློབ་གྲོགས་རྣམས་ང་ལ་ཡིད་ཆེས་མེད་པར་གྱུར་པར་མ་ཟད། སློབ་གྲོགས་རྣམས་དང་འགལ་ཟླར་གྱུར།
གཟའ་སྤེན་པའི་ཉིན་ཞིག་ལ་ང་རང་ལས་རེས་ལ་བབས། སློབ་གྲྭ་གྲོལ་རྗེས་སློབ་གྲོགས་ལ་ལས་ད་དུང་ལས་བྱ་འབྲི་བཞིན་འདུག ང་རང་ཁྱིམ་ལ་ལོག་པར་བྲེལ་ཏེ་སློབ་ཁང་སང་ཉིན་ཕྱགས་ཀྱང་མི་ཆོག་པ་མེད་སྙམ། ཕྱི་ཉིན་སྔ་མོར་སློབ་ཁང་དུ་སླེབས་མ་ཐག་ཏུ་སྒོ་སམ་སྟེང་ན་ཚའོ་ཧྤང་གིས་ལས་རེས་པ་མི་བྱེད་པར་སྐྱོན་བརྗོད་བྱས་པ་ཡིན་ཞེས་བྲིས་ཡོད་པར་མ་ཟད། སློབ་གྲོགས་ཚོས་ང་ལ་གླེང་མོལ་སྣ་ཚོགས་པ་ཞིག་བྱེད་ཀྱིན་འདུག མིག་ལམ་དུ་གནས་ཚུལ་དེ་བརྒྱུད་རྗེས་ང་ཁོང་ཁྲོ་གཏིང་ནས་ལངས་ཏེ་འདི་སུས་བྲིས་པ་ཡིན་ཞེས་སྐད་ཅོར་བརྒྱབ། སློབ་གྲོགས་ཚོས་གཅིག་གིས་གཅིག་ལ་ལྟ་ཙམ་བྱས་ཏེ་དལ་ཅག་གེར་བསྡད། དེ་ནས་ཅང་མ་འགོར་བར་སློབ་གྲོགས་མི་ཉུང་བ་ཞིག་གིས་མགྲིན་གཅིག་ཏུ་ལས་རེས་པ་མི་བྱེད་པ་ཞིག་ལ་ཁོང་ཁྲོ་ལངས་པ་རེད། ཧིན་ཟེར། ངས་གནས་ཚུལ་འོས་མེད་དེ་གཏན་ནས་བཟོད་མ་ཐུབ་པར་དཔེ་ཁུག་ཁུར་ནས་རང་ཁྱིམ་དུ་ལོག་པ་ཡིན།
ངས་རང་ཁྱིམ་ནས་བསམ་བློ་ཡང་ཡང་བཏང་ཚེ། ང་ལ་དགེ་མཚན་མང་པོ་ལྡན་པ་དང་འཛིན་གྲྭར་བྱ་བ་མང་པོ་ཞིག་བསྒྲུབས་ཡོད་པས། སློབ་གྲོགས་ཚོས་ང་ལ་ཡི་རང་མི་བྱེད་དོན་ཅི་རེད། འོ་ན་ང་འཆུག་སོང་བ་ཡིན་ནམ། ཡང་ན་སློབ་གྲོགས་ཚོས་ང་ལ་ཕྲག་དོག་བྱས་པ་ཡིན། གང་ལྟར་ཀྱང་ཀླད་པར་དྲི་ཚིག་གིས་བཀང་ནས་ཅི་བྱེད་འདི་བྱེད་མི་ཤེས་པ་ཞིག་ཏུ་གྱུར།
ཕྱི་ཉིན་སློབ་གྲྭར་སླེབས་རྗེས་དགེ་རྒན་གྱིས་ང་གཞུང་སྒྲུབ་ཁང་དུ་བོས་ནས་ཁ་སང་གི་དོན་དག་ཚང་མ་ངས་ཤེས་ཡོད། ཁྱོད་ཀྱིས་སྒོ་སམ་སྟེང་དུ་ཁྱོད་ལ་སྐྱོན་བརྗོད་བྱས་ཡོད་པ་མཐོང་རྗེས་བུད་སོང་བ་བདེན་ནམ་ཞེས་དྲིས། ངས་ཁོ་ཚོས་ང་ལ་བརྙས་བཅོས་ཚད་མེད་བྱས་པ་རེད་ཅེས་ཡི་མི་རང་བའི་སྐད་ཆ་དེ་བཤད། དགེ་རྒན་གྱིས་ངང་རྒྱུད་འཇམ་པོས་ཁོ་ཚོས་ཁྱོད་ལ་བསམ་འཆར་བཤད་སྟངས་ཅུང་ཚད་ལས་བརྒལ་བ་ཡིན་པས། ངས་ཁོ་ཚོར་སྐྱོན་བརྗོད་བྱས་ཟིན། ཡིན་ནའང་ཁྱོད་རང་ཡང་མི་འགྲིག་པ་རེད། ཁྱོད་ཀྱིས་དགེ་རྒན་ལ་གནང་བ་མི་ཞུ་བར་མ་ཟད། སློབ་གྲོགས་ཚོར་རྒྱུ་མཚན་ཡང་མི་བཤད་པར་སློབ་ཁྲིད་ལ་མི་ཞུགས་པ་དེས་ཁྱོད་རང་ང་རྒྱལ་ཆེ་བ་དེ་བདེན་དཔང་བྱས་པ་མ་ཡིན་ནམ་ཞེས་གསུངས། ངས་བསམ་བློ་གཏོང་བ་དང་མཉམ་དུ་ཁ་ནས་རང་དབང་མེད་པར་དེ་ང་རྒྱལ་ལ་ཇི་ལྟར་བརྩི་ཞེས་ཤབ་ཤུབ་ཅིག་བཤད། དགེ་རྒན་དགོད་ཞོར་དུ་ཁྱོད་ཀྱིས་སོམས་དང། ཁྱོད་ཀྱིས་རྒྱུན་དུ་སློབ་གྲོགས་ཚོར་ཚིག་ལོག་སྤྱོད་ལོག་སྒོས་བཀོད་འདོམས་བྱས་ཚེ་སློབ་གྲོགས་སུ་ཡིན་ཡང་ཁྱོད་ཀྱིས་ཁ་ལེན་པ་རེད། འོ་ན་སློབ་གྲོགས་ཚོས་ཁྱོད་ལ་མངོན་གསལ་དུ་སྐྱོན་བརྗོད་ཐེངས་གཅིག་བྱས་ན་ཁྱོད་ཀྱིས་ཁས་མི་ལེན་པ་ཅི་རེད། སྐྱོན་ཆ་ཡོད་ཚེ་སྐྱོན་བརྗོད་བྱས་ན་ཁས་མི་ལེན་པ་དེ་ང་རྒྱལ་མ་རེད་དམ་ཞེས་གསུངས། དུས་དེར་ངས་དགེ་རྒན་གྱིས་ང་ལ་སྐྱོན་བརྗོད་བྱས་པ་འགྲིག་འདུག ངས་དངོས་གནས་རང་ཉིད་ནི་མི་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་སྙམ་མྱོང། སློབ་གྲོགས་ཚོས་ང་རང་རིག་མི་ཉན་པ་དེར་ངོ་མའི་ཁག་མི་འདུག དགེ་རྒན་གྱིས་ཡང་སེམས་བཟང་གིས་ང་ལ་གལ་ཏེ་སློབ་གྲོགས་ཚང་མ་ཁྱོད་དང་འདྲ་ཚེ་དགེ་རྒན་གྱིས་བྱ་བ་ཇི་ལྟར་བསྒྲུབ།
འཛིན་གྲྭའི་ལས་བྱེད་པས་ཀྱང་སློབ་གྲོགས་ཚོར་ཡིད་ཆེས་ཇི་ལྟར་བྱེད་ཅེས་གསུངས་པར་ཉན་རྗེས། ང་རང་ཤིན་ཏུ་འགྱོད་དེ་བློ་མི་བདེ་བ་དང་གདོང་ཚ་བེར་བེར་དུ་གྱུར། སྐབས་དེར་ང་རང་འཕྲལ་དུ་འབུ་ཞིག་ཏུ་སྤྲུལ་ཏེ་གྱང་སྲུབས་ལ་འཛུལ་སོང་ན་སྙམ། ངས་མིག་ཆུ་འབྱིད་ཞོར་དུ་སྐད་མགོ་དམའ་མོས་དགེ་རྒན་ལགས། ང་འཆུག་སོང་བ་རེད། ང་མྱུར་དུ་སློབ་ཁང་དུ་སོང་ནས་སྐྱོན་ཆ་ཁས་ལེན་རྒྱུ་ཡིན་ཞེས་བཤད། དགེ་རྒན་གྱིས་སློབ་གྲོགས་ཚོས་ཁྱོད་ལ་སྒུག་ཡོད་ཅེས་གསུངས། ངས་དགེ་རྒན་ལ་གུས་འདུད་ཅིག་ཞུས་རྗེས་སློབ་ཁང་དུ་རྒྱུག་པ་དང་མྱུར་དུ་སློབ་གྲོགས་ཚོའི་ཁྲོད་དུ་སླེབས་ན་ཅི་མ་རུང་སྙམ།
རྩོམ་ཡིག་གི་དཔྱད་མཆན།
བྱ་བ་ནི་ནམ་ཡིན་ཡང་དུས་ཚོད་ཀྱི་བྱུང་རིམ་ཁྲོད་དུ་འཕེལ་རྒྱས་སམ་འགྱུར་ལྡོག་འབྱུང་བ་རེད། དེར་བརྟེན་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཕལ་ཆེར་གྱི་འབྱུང་རྐྱེན་དང། བརྒྱུད་རིམ། མཇུག་འབྲས་སོགས་དུས་ཚོད་ཀྱི་རིམ་པ་ལྟར་འབྲི་དགོས། དེ་ལྟ་བུའི་བརྗོད་དོན་གྱི་གོ་རིམ་ལ་ང་ཚོས་གོ་རིམ་ལྟར་བརྗོད་ཐབས་ཟེར། དེ་ནི་ཆེས་རྒྱུན་དུ་མཐོང་བའམ་ཆེས་རྩ་བའི་བརྗོད་ཐབས་ཤིག་ཡིན།
གོ་རིམ་ལྟར་བརྗོད་ཐབས་ཀྱི་ཁྱད་ཆོས་ནི་དུས་ཚོད་གཞིར་བཟུང་སྟེ། རྩོམ་ཡིག་གི་ཁྲོད་དུ་དུས་ཚོད་གསལ་བའི་མིང་དང་ཚིག་རབ་དང་རིམ་པར་བཀོད་ན། དུས་ཚོད་ཀྱི་མགོ་རྔ་སྔར་ལས་ཇེ་གསལ་དུ་འགྲོ་བ་ཡིན།
དུས་འདས་པའི་གོ་རིམ་ལྟར་རྒྱུ་ཆ་ལེགས་པོ་ཞིག་འདེམས་སྒྲིག་བྱེད་དགོས། གང་དག་ཞིབ་འབྲི་དང་གང་དག་བསྡུས་འབྲི། གང་དག་ཐད་ཀར་དུ་འབྲི་བ། གང་དག་མི་སྣའི་ཁ་བརྡ་བརྒྱུད་དེ་ཤུགས་ནས་མཚོན་པར་བྱེད་དགོས་པ་དེར་བརྗོད་དོན་གྱི་དགོས་མཁོ་དང་བསྟུན་ནས་བསམ་གཞིགས་གཏོང་དགོས། སློབ་གྲོགས་ཁ་ཤས་ཀྱིས་ལྗོངས་རྒྱུ་ཟིན་ཐོ་འབྲི་སྐབས་བརྗོད་དོན་གཙོ་བོ་དང་འབྲེལ་བ་ཡོད་མེད་ལ་མི་བལྟ་བར་སྔ་མོ་མལ་ནས་ལངས་ཚུལ་དང་ནངས་ཇ་འཐུང་ཚུལ། སློབ་གྲྭར་ཚོགས་ཚུལ། རླངས་འཁོར་དུ་བསྡད་ཚུལ། ལམ་བར་གྱི་མཐོང་ཐོས། སྤྱི་གླིང་དུ་སླེབས་ཚུལ། སྤྲོ་གསེང་བྱས་པའི་གནས་ཚུལ། དེ་ནས་ཕྱིར་ལོག་ཚུལ་སོགས་མཐོང་ཐོས་མྱོང་གསུམ་ཚང་མ་བྲིས་ན། རྩོམ་ཡིག་གི་བརྗོད་དོན་མི་གསལ་བར་ཚིག་ཚོགས་ཀྱིས་བཀང་བ་ཞིག་ཏུ་འགྱུར་སྲིད། དེ་བས་ཇི་བཞིན་བརྗོད་པའི་རྩོམ་ཡིག་ནང་ལྗོངས་རྒྱུ་ཟིན་ཐོ་དང། ལྟ་སྐོར་ཟིན་བྲིས་བཅས་ཀྱི་བྱ་བ་བརྗོད་པར་བར་སྟོང་གནས་སྤོ་བྱེད་པའི་གོ་རིམ་ལྟར་བརྗོད་པའི་ཐབས་ལམ་སྤྱད་དེ་ཞོལ་ནས་གོང་དང་གཡས་ནས་གཡོན། ཕྱི་ནས་ནང། རྒྱང་རིང་ནས་ཉེ་ས་ལ་སོགས་པར་གཞིགས་ནས་རྒྱུ་ཆ་བཀོད་སྒྲིག་བྱེད་དགོས། བརྗོད་སྟངས་དེ་ནི་གོ་རིམ་ལྟར་བརྗོད་པ་ལ་གཏོགས་པ་རེད། བར་སྟོང་གནས་སྤོ་བྱེད་པའི་བརྗོད་སྟངས་ལྟར་ཐད་བརྗོད་དམ་ཐད་འབྲི། གཙོ་ཕལ་མི་འབྱེད་པའི་སྐྱོན་ཆ་ཡོ་བསྲང་བྱེད་པ་དང་མཉམ་དུ་རྒྱས་བསྡུས་རན་པ་དང་གནད་ཆེ་ས་མང་ཙམ་བྲིས་ཏེ། བྱ་དངོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས།
གོང་གི་རྩོམ་ཡིག་ཏུ་བྱ་བ་ཞིག་བྲིས་པ་འདི་ལྟ་སྟེ། ངས་རྒན་བདག་གི་འགན་ཁུར་རྗེས་རིམ་བཞིན་ང་རྒྱལ་སྐྱེས་ཏེ། སློབ་གྲོགས་ཚོར་བཀོད་འདོམས་བྱས་ཚེ་སྐད་མགོ་མཐོ་བ་དང་ལམ་དུ་སོང་ནའང་མགོ་འཕང་བཀྱགས་ཏེ་སོང་བར་མ་ཟད། ཐ་ན་སྐྱོན་བརྗོད་བྱས་ཚེ་ཁོང་ཁྲོ་ལངས་ནས་རང་ཁྱིམ་དུ་ལོག་འགྲོ་བའི་ཚད་ལ་སླེབས། དགེ་རྒན་གྱིས་གནས་ཚུལ་དེ་ཤེས་རྗེས་སུན་སྣང་མེད་པར་ང་ལ་བསམ་བློའི་སློབ་གསོ་བཏང་བར་བརྟེན། ངས་སྐྱོན་ཆ་མཐའ་དག་ངོས་ཟིན་པར་མ་ཟད། རང་འགུལ་གྱིས་འཛིན་གྲྭ་ཡོངས་ལ་སྐྱོན་ཆ་ཁས་ལེན་རྒྱུའི་རེ་བ་ཞུས།
རྩོམ་ཡིག་འདི་དུས་ཚོད་རིམ་སྤོ་དང་བྱ་བའི་འབྱུང་རྐྱེན། འཕེལ་རྒྱས། མཇུག་འབྲས་བཅས་སྔ་ཕྱིའི་གོ་རིམ་ལྟར་བྲིས་ཡོད། རྩོམ་སྟངས་འདི་སྤྱོད་སྐབས་རྒྱུ་ཆ་བཀོད་སྒྲིག་བྱས་པ་མ་ལེགས་ན། རྩོམ་ཡིག་བྲིས་པ་ཉོག་བཤད་དུ་འགྱུར་ཉེན་ཡོད་པས་ཧ་ཅང་གཟབ་དགོས། རྩོམ་པ་པོ་ཆུང་ཆུང་འདིས་རྒྱུ་ཆ་འདེམས་སྒྲིག་བྱས་པ་རྒྱས་བསྡུས་རན་ཞིང་གནད་ཐམས་ཅད་འབུར་དུ་ཐོན་པ་ཞིག་བྱས་ཡོད། མི་སྣའི་ཁ་བརྡ་དང་མི་སྣའི་བསམ་བློའི་འགུལ་སྐྱོད་སོགས་བྲིས་ཏེ། དོན་དངོས་དང་མཐུན་ཞིང་གསོན་ཉམས་དང་ལྡན་པ་ཞིག་ཏུ་གྱུར་འདུག དཔེར་ན་གཟའ་སྤེན་པའི་ཉིན་གྱི་སློབ་ཁང་གི་ཡུལ་བབ་བྲིས་པ་འདི་ལྟ་སྟེ། ང་ཁོང་ཁྲོ་གཏིང་ནས་ལངས་ཏེ་སུས་བྲིས་པ་ཡིན་ཞེས་སྐད་ཅོར་བརྒྱབ་པ་ན་སློབ་གྲོགས་ཚོས་གཅིག་གིས་གཅིག་ལ་ལྟ་ཞོར་དུ་དལ་ཅག་གེར་བསྡད། དེ་ནས་ཅང་མ་འགོར་བར་་་་་་་ཞེས་བྲིས་པའི་ཡུལ་བབ་ལ་འཇགས་འགུལ་གཉི་ག་ཡོད་པས་བྲིས་པ་སྣང་ངོར་འཆར་ཐུབ་པ་ཞིག་རེད། ཡང་དཔེར་ན་ང་ཡི་སེམས་ཁམས་བྲིས་པ་ནི་འདི་ལྟ་སྟེ། ང་རང་ཤིན་ཏུ་འགྱོད་དེ་བློ་མི་བདེ་བ་དང་གདོང་ཚ་བེར་བེར་དུ་གྱུར་ ང་འཆུག་སོང་བ་ཡིན་ནམ། ཡང་ན་སློབ་གྲོགས་ཚོས་ང་ལ་ཕྲག་དོག་བྱས་པ་ཡིན། ང་རང་འཕྲལ་དུ་འབུ་ཞིག་ཏུ་སྤྲུལ་ནས་གྱང་སྲུབས་ལ་འཛུལ་སོང་ན་སྙམ་ཞེས་སེམས་ཁམས་བྲིས་པ་འདི་དག་གིས་ངས་སློབ་གྲོགས་ཚོས་སྐྱོན་བརྗོད་བྱས་པ་ངོས་ཟིན་པའི་བསམ་པའི་འགུལ་སྐྱོད་དེ་གསོན་ཉམས་ལྡན་པའི་ངང་ཞིབ་བརྗོད་ཕྲ་ཞིང་ཞིབ་པ་ཞིག་བྱས་ཡོད་པར་མ་ཟད། གོ་རིམ་ལྡན་པའི་སྒོ་ནས་ཡུལ་བབ་དང་སེམས་ཁམས་སྤེལ་རེས་བྱས་ནས་བྲིས་ཡོད་པས། རྩོམ་ཡིག་གི་བརྗོད་དོན་འབུར་དུ་ཐོན་ཅིང་གསོན་ཉམས་རང་བཞིན་ཡང་ཧ་ཅང་ལྡན་པ་རེད།