དཔེ་དེབ་ཀྱི་རིགས།

༡༣ འཕྲུལ་ཆས་ཀྱི་གསལ་བཤད།

འཕྲུལ་ཆས་དང་ཡོ་བྱད་ཀྱི་གསལ་བཤད་རྩོམ་ཡིག་ནི་མི་རྣམས་ལ་འཕྲུལ་ཆས་སམ་ཡོ་བྱད་གང་རུང་གི་ཁྱད་ཆོས་ངོ་སྤྲོད་བྱས་ཏེ། མི་རྣམས་ལ་སྔར་ལས་ལྷག་པའི་སྒོ་ནས་འཕྲུལ་ཆས་དང་ཡོ་བྱད་ཀྱི་རིགས་ལ་རྒྱུས་ལོན་པར་བྱེད་རྒྱུ་དེ་ཡིན། དེར་བརྟེན། ཐོན་སྐྱེད་འཛུགས་སྐྲུན་དང་འཚོ་བའི་ཞབས་ཞུའི་ཆེད་དུ་ཡིན་དགོས། རྒྱུ་མཚན་དེའི་དབང་གིས། རྩོམ་ཡིག་འདིའི་རིགས་འབྲི་ན་ངེས་པར་དུ་སྒྲུབ་དགོས་པ་ནི། གཅིག་ནས་གང་ཡང་རུང་བའི་འཕྲུལ་ཆས་སམ་ཡོ་བྱད་ཅིག་གི་རང་བཞིན་དང་བཀོལ་སྤྱོད་ཀྱི་ཕན་ནུས། གྲུབ་ཚུལ་གྱི་རྩ་བའི་རིགས་པ། བེད་སྤྱོད་བདག་ཉར་བྱེད་ཚུལ་ལ་སོགས་པ་ངོ་སྤྲོད་གསལ་པོ་བྱེད་རྒྱུ་དང། གཉིས་པ་ནི་ཡོ་བྱད་དམ་འཕྲུལ་ཆས་ཀྱི་ཆགས་གྲུབ་ངོ་སྤྲོད་བྱེད་དུས་ཡོ་བྱད་དམ་འཕྲུལ་ཆས་འདི་རིགས་ཀྱི་དོན་དངོས་ཀྱི་གནས་ཚུལ་གཞིར་བཞག་སྟེ་ཁག་འགར་བགོས་ནས་ཁག་རེ་རེ་བཞིན་འབྲི་དགོས། ཐོག་མར་གྲུབ་ཆ་གཙོ་བོའི་ཁག་དང་དེའི་རྗེས་ནས་གྲུབ་ཆ་ཕལ་བའི་ཁག་འབྲི་དགོས། གལ་སྲིད་གཙོ་ཕལ་གྱི་དབྱེ་བ་མི་གསལ་བའམ་ཡང་ན་གཙོ་ཕལ་མ་དབྱེ་ན། གོང་ནས་འོག་གམ་འོག་ནས་སྟེང། གཡས་ནས་གཡོན་དང་གཡོན་ནས་གཡས། ནང་ནས་ཕྱི་དང་ཕྱི་ནས་ནང་གི་གོ་རིམ་ལྟར་རེ་རེ་བཞིན་བྲིས་ཆོག ཡོ་བྱད་དམ་འཕྲུལ་ཆས་ཀྱི་གྲུབ་ཆ་ཁག་ཆེན་པོ་འགར་བགོས་ནས་ཁག་རེ་རེ་བཞིན་ངེས་གཏན་གྱི་གོ་རིམ་ཡོད་པའི་ངང་ནས་ཞིབ་ཏུ་འབྲི་དགོས། ཡོ་བྱད་དམ་འཕྲུལ་ཆས་ཀྱི་བེད་སྤྱོད་སྟངས་ངོ་སྤྲོད་བྱེད་དུས་བེད་སྤྱོད་ཀྱི་བརྒྱུད་རིམ་ཁྲོད་ནས་རྒྱུན་དུ་འབྱུང་སླ་བའི་གནད་དོན་དང་ཐག་གཅོད་བྱེད་ཐབས་གསལ་པོ་བཤད་པར་དོ་སྣང་བྱེད་དགོས། གསུམ་ནས་ཡོ་བྱད་དམ་འཕྲུལ་ཆས་ཀྱི་ཁྱད་ཆོས་གསལ་པོར་བཤད་ཆེད། གཤིབ་སྡུར་གྱི་ཐབས་སྤྱད་ནས་དེ་དང་དེའི་རིགས་ཀྱི་འཕྲུལ་ཆས་མི་རྣམས་ཀྱིས་རྒྱུན་དུ་མཐོང་བ་དག་དང་བསྡུར་ནས་བྲིས་ཆོག གཤིབ་སྡུར་གྱི་ཁྲོད་ནས་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་གསལ་བཤད་བྱེད་དགོས། བཞི་ནས་རྗོད་བྱེད་ཀྱི་ཚིག་ནི་ཁ་གསལ་གོ་སླ་ཡིན་པ་ལས་ཆེད་ལས་ཀྱི་བརྡ་ཆད་མང་པོ་མི་འབྲི་བ་བཅས་སོ། །དཔེར་ན།

ནེའུ་ཊོན་སྦུ་གུའི་གྲུབ་ཚུལ་དང་བཀོལ་སྤྱོད་ཕན་ནུས།

ནེའུ་ཊོན་སྦུ་གུ་ནི་དངོས་ལུགས་ཀྱི་དཔྱད་ཆོས་རིགས་ཤིག་ཡིན། དེ་ནི་ཡང་ལྕི་མི་འདྲ་བའི་དངོས་གཟུགས་དབུགས་མེད་སྟོང་ཁམས་ནས་འགུལ་སྐྱོད་བྱེད་པའི་གནས་ཚུལ་ལ་ཚོད་ལྟ་བྱེད་སྤྱད་ཅིག་ཡིན། ཚོད་ལྟ་འདིས་སློབ་གྲོགས་ཚོར་དབུགས་མེད་སྟོང་ཁམས་ནས་ཡང་ལྕི་མི་འདྲ་བའི་དངོས་གཟུགས་མར་ལྷུང་བའི་མྱུར་ཚད་འདྲ་བའི་གནས་ལུགས་ཤེས་རྟོགས་ཡོང་བར་རམ་འདེགས་བྱེད་པ་ཡིན།
ནེའུ་ཊོན་སྦུ་གུའི་རིང་ཚད་ལ་སན་ཊེ་མི་ཊར་༡༢༠ ཡོད། ཕྱིའི་ཚངས་ཐིག་ལ་སན་ཊེ་མི་ཊར་༦ ཡོད་པའི་ཤེལ་སྦུག་མཐུག་པོ་ཞིག་ཡིན། སྦུ་གུའི་སྣེ་གཅིག་བཅད་ཅིང་སྣེ་གཞན་དེ་དབུགས་གཏོང་ལེན་བྱེད་སྤྱད་ཀྱི་ལྕགས་རིགས་ཁ་གཅོད་ཅིག་གིས་དམ་པོར་བརྒྱབ་ཡོད། ཁ་གཅོད་ཀྱི་དབུགས་གཏོང་ལེན་བྱེད་སའི་སྦུ་གུའི་ནང་དུ་ལྕགས་ལེབ་ཅིག་དང་ཤིང་བྲུལ་ཞིག ད་དུང་བྱ་སྒྲོ་ཞིག་བཅས་ཡོད་པ་རེད།
ཚོད་ལྟ་འདི་ལག་བསྟར་བྱེད་པའི་དུས་སུ། ཐོག་མར་དབུགས་གཏོང་ལེན་གྱི་སྦུ་གུ་ཁ་ཕྱེ་སྟེ་ཤེལ་སྦུག་ནང་དབུགས་བསྒྱངས། དེ་ནས་ཁ་མར་བསྐོར་ན་ནང་གི་དངོས་གཟུགས་དག་ཀྱང་འདིའི་ཕྱོགས་སུ་སྤུངས་ངེས། དེའི་རྗེས་སུ་མྱུར་དུ་ཡང་བསྐྱར་མགོ་རྟིང་སློག་ནས་ཡར་བསླངས་ན། ནང་གི་དངོས་གཟུགས་དག་མར་ཟགས་པའི་འགོ་རྩོམ། ནང་གི་ཁ་དབུགས་ཀྱིས་འགོག་ཤུགས་ཐེབས་ཚད་མི་འདྲ་བའི་རྐྱེན་གྱིས་དངོས་གཟུགས་དག་མར་ལྟུང་བའི་མྱུར་ཚད་ཀྱང་མི་འདྲ། དེའི་རྗེས་སུ། ཡང་བསྐྱར་འགྱིག་སྦུབས་ཀྱིས་ནེའུ་ཊོན་སྦུ་གུ་བཙིར་གནོན་འཕྲུལ་ཆས་ཀྱི་སྟེང་གི་དབུགས་འཇིབ་ཆས་ལ་མཐུད་ནས་ནང་གི་དབུགས་ཡོད་ཚད་ཕྱིར་འཐེན། སྦུབས་ནང་གི་དབུགས་ཀྱི་གནོན་ཤུགས་མི་ལི་མི་ཊར་༢༠ ཡས་མས་སུ་ཇེ་དམར་བཏང་(དབུགས་མེད་སྟོང་ཁམས་དང་ཉེ་བ)དུས། ཡང་བསྐྱར་གོང་ལྟར་སྒྲུབ་ན། འདིའི་སྐབས་སུ་དངོས་གཟུགས་དག་གི་ཟགས་ཚད་འདྲ་མཚུངས་སུ་འབྱུང་བ་ཡིན། འདི་ལ་བརྟེན་ནས། གལ་སྲིད་དབུགས་མེད་སྟོང་ཁམས་སུ་ཡང་ལྕི་མི་འདྲ་བའི་དངོས་གཟུགས་མར་ཟགས་ན་མྱུར་ཚད་ཡོངས་སུ་མཚུངས་པ་ཤེས་རྟོགས་བྱེད་ཐུབ་པ་ཡིན།

༡༤ སྒྲིག་སྲོལ་ལམ་ལུགས།

སྒྲིག་སྲོལ་ལམ་ལུགས་ནི་མི་རྣམས་ཀྱིས་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་སྤྱོད་ལམ་གྱི་ཚད་འཛིན་ས་ཞིག་ཡིན། སྒྲིག་སྲོལ་ལམ་ལུགས་ཀྱི་ཡི་གེ་འབྲི་ན་ངེས་པར་དུ་བསྒྲུབ་དགོས་པ་ནི། གཅིག ནོར་འཕྱུག་མེད་པའི་ཚིག་བེད་སྤྱད་དེ་ལྟ་ཚུལ་ཅི་ཡིན་ཁ་གསལ་པོར་འབྲི་དགོས། ཅི་ཞིག་ལ་བསྟོད་བསྔགས་བྱེད་པ། གང་ལ་དགག་པ་རྒྱག་པ། ཇི་ལྟར་བྱས་ན་འོས་མིན་ལ་སོགས་པ་གསལ་པོར་འབྲི་དགོས། ཐག་གཅོད་པ། དགག་པ་རྒྱག་པ། བསྟོད་བསྔགས་བྱེད་པ། ངོ་རྒོལ། སྐུལ་མ། ཉེས་ཆད་གཅོད་པ་འདི་ཚང་མ་ནོར་འཕྱུག་མེད་པའི་ཡང་དག་པའི་ཚིག་གིས་འབྲི་དགོས། ཁ་གསལ་པོ་མིན་པ་དང་ལྟར་སྣང་སྟེ། མི་ལ་གོ་ནོར་ཐེབས་སླ་ཞིང་དོན་མང་པོར་འཇུག་པའི་ཚིག་ནན་འགོག་བྱེད་དགོས། གཉིས། རྗོད་བྱེད་ཀྱི་ཚིག་གནད་བསྡུས་ཡིན་དགོས། སྒྲིག་སྲོལ་ལམ་ལུགས་ཀྱི་ཡི་གེ་འབྲི་ན། ལྷུག་བརྗོད་དང་ཞིབ་འབྲི། དུངས་སེམས་བརྗོད་པ། དཔྱད་གླེང་སོགས་མི་དགོས། དེ་ལས་ཀྱང་དཔེ་འཇོག་དང་བསྟོད་བསྔགས། རབ་བཏགས་སོགས་ཀྱི་འབྲི་སྟངས་མི་དགོས་པར་སྙིང་བསྡུས་གོ་སླ་དང་བཅོས་མ་མིན་པ་ཞིག་ཡིན་དགོས། ནང་དོན་རྙོག་འཛིང་ཅན་གྱི་རིགས་དབྱེ་བ་དགར་ནས་རེ་རེ་བཞིན་འབྲི་དགོས། ནང་དོན་སྟབས་བདེ་ཡིན་ན། དབྱེ་བ་མ་བྱས་ཀྱང་ཆོག གསུམ། སྒྲིག་སྲོལ་ལམ་ལུགས་ཀྱི་ཡི་གེ་འབྲི་ན་ཐོག་མར་ཁ་བྱང་འགོད་དགོས། ཁ་བྱང་གིས་སྒྲིག་སྲོལ་ལམ་ལུགས་ཀྱི་ཡི་གེ་འདིའི་རིགས་ཀྱི་རང་བཞིན་གསལ་པོར་མཚོན་ཐུབ་པས་མི་རྣམས་ལ་རང་བཞིན་ཅི་འདྲ་ཞིག་ཡིན་པའི་སྒྲིག་སྲོལ་ལམ་ལུགས་ཤེས་སུ་འཇུག་པར་བྱེད། དཔེ་བཞག་ན་སློབ་གྲྭའི་སློབ་མའི་བསྲུང་བྱ་དང། འཛིན་གྲྭའི་སྒྲིག་ལམ། གཙང་སྦྲའི་ལམ་ལུགས་སོགས་ཤིན་ཏུ་མང་པོ་ཡོད་པ་དང། སྒྲིག་སྲོལ་ལམ་ལུགས་ཀྱི་ཡི་གེའི་མཇུག་ཏུ་ལས་ཁུངས་སམ་འབྲེལ་ཡོད་གང་གིས་གཏན་འབེབས་བྱས་པ་དང་གཏན་འབེབས་བྱས་པའི་ཟླ་ཚེས་ཀྱང་གསལ་པོར་འགོད་དགོས། དཔེར་ན།

གཞི་རིམ་བར་མའི་སློབ་ཕྲུག་གི་བསྲུང་བྱ།

གཅིག མི་རིགས་བར་ལ་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང། དེ་ལས་ཀྱང་བཙན་བྱོལ་བོད་ཀྱི་སྲིད་གཞུང་ལ་བརྩི་བཀུར་བྱེད་པ། ནམ་རྒྱུན་ཧུར་ཐག་གིས་སློབ་སྦྱོང་བྱས་ཏེ་རང་གི་མི་རིགས་དང་རྒྱལ་ཁབ་ལ་བྱས་རྗེས་འཇོག་པར་གྲ་སྒྲིག་ལེགས་པོ་བྱེད་པ།
གཉིས། དུས་ལྟར་འཛིན་གྲྭར་བཅར་བ། རྗེས་ལུས་མི་ཐེབས་ཤིང་སྔ་ལོག་མི་བྱེད་པ། དེ་ལས་ཀྱང་འཛིན་གྲྭར་མི་གཡོལ་བ།
གསུམ། གཟབ་ནན་གྱིས་སློབ་ཁྲིད་ལ་ཉན་པ། བསམ་གཞིགས་ཡང་ཡང་བྱེད་པ། ནན་ཏན་སྒོས་ནང་སྦྱོང་ལེགས་འགྲུབ་བྱེད་པ།
བཞི། དུས་རྒྱུན་དུ་གཟུགས་པོ་སྦྱོང་བརྡར་བྱེད་པ་དང། ཧུར་ཐག་གིས་དགེ་མཚན་ལྡན་པའི་རིག་རྩལ་བྱ་འགུལ་ལ་ཞུགས་པ།
ལྔ། ལས་ཀར་ཧུར་བརྩོན་བྱེད་པ། ལས་ཀའི་གྲུབ་འབྲས་ལ་གཅེས་སྤྲས་བྱེད་པ།
དྲུག འཚོ་བ་བབ་ཆགས་དང་གཙང་སྦྲ་ལ་དགའ་བ། ཐ་མག་དང་ཆང་རག་མི་སྤྱོད་པ།
བདུན། སློབ་གྲྭའི་སྒྲིག་ལམ་དང་ཐུན་མོང་གི་སྒྲིག་ཁྲིམས། རྒྱལ་ཁབ་ཀྱི་རྩ་ཁྲིམས་བཅས་བརྩི་སྲུང་བྱེད་པ།
བརྒྱད། དགེ་རྒན་ལ་བརྩི་བཀུར་དང། སློབ་གྲོགས་ལ་མཐུན་སྒྲིལ། མི་ལ་གུས་ཞབས་བྱེད་པ་དང། མི་ལ་སྡིགས་སྨོད་དང་རྡུང་རེས་མི་བྱེད་པ།
དགུ ཐུན་མོང་ལ་དགའ་བ་དང་སྤྱི་རྫས་ལ་གཅེས་སྤྲས་བྱེད་པ། ཐུན་མོང་དང་མི་སྒེར་ལ་གནོད་པའི་བྱ་བ་མི་སྒྲུབ་པ།
བཅུ། ཁེངས་སྐྱུངས་དང་གཞུང་དྲང། སྐྱོན་ཆ་ཡོ་སྲིང་བྱེད་པ་བཅས་སོ། །

xxxx སློབ་གྲྭ་སྤྱི་ཁྱབ་ཡིག་ཚང་ནས།
༢༠༠༡ ལོ་ཟླ་ ༤ ཚེས་ ༡ ལ།

༡༥ འགྲེམས་སྟོན་གྱི་གསལ་བཤད།

འགྲེམས་སྟོན་གྱི་གསལ་བཤད་རྩོམ་ཡིག་ལ་གནས་ཚུལ་རགས་བསྡུས་ངོ་སྤྲོད་དང་འགྲེམས་སྟོན་བྱ་དགོས་པའི་དངོས་རྫས་ཀྱི་འགྲེལ་བཤད་གཉིས་འདུ་བ་ཡིན།
འགྲེམས་སྟོན་བྱ་དགོས་པའི་དངོས་རྫས་ཀྱི་འགྲེལ་བཤད་ལ། གཙོ་བོར་འགྲེམས་སྟོན་གྱི་དངོས་རྫས་ཀྱི་མིང་དང་འབྱུང་ཁུངས། ནང་དོན། རྒྱབ་ལྗོངས། འབྲེལ་ཡོད་མི་སྣ་དང་བྱ་བ། དེ་བཞིན་དོན་སྙིང་ཅི་ཞིག་ཡོད་མེད་ལ་སོགས་པའི་ཕྱོགས་ཀྱི་གནས་ཚུལ་ངོ་སྤྲོད་གསལ་པོར་བྱེད་དགོས། གལ་སྲིད་འགྲེམས་སྟོན་དངོས་རྫས་དེ་ལྟ་མཁན་ཡོངས་ཀྱིས་དངོས་སུ་མཐོང་ཐུབ་པའི་དངོས་པོ་སྟེ་པར་རིས་དང་གློག་བརྙན། འདྲ་དཔེ། ཐང་ག རེའུ་མིག་སོགས་ཡིན་ན། འགྲེལ་བཤད་ཀྱི་ཚིག་ནི་གང་ནུས་ཀྱིས་གནད་བསྡུས་དོན་གསལ་ཡོང་བར་བྱེད་དགོས། དཔེར་ན། འཛམ་གླིང་གི་བརྙན་པར་གྲགས་ཅན།

མཚན་མོར་རྒྱུ་བའི་རྒན་པོ།

པེ་ཏི• མཱ་ལོས ༡༩༨༥ ལོར་པར་དུ་བརྡབས། (༡༩༥༩ _ )

རབ་རིབ་ཀྱི་མུན་པ་བརྟོལ་ནས་ང་ཚོའི་མཐོང་ལམ་དུ་ཤར་བ་ནི་རྒན་པོ་ཞིག་གོམ་འགྲོས་འཁྱར་འཁྱོར་ངང་ཁེར་རྐྱང་ལ་འཇམ་ཐིང་ཐིང་གི་སྲང་ལམ་དུ་འགྲོ་བཞིན་པའི་ཚུལ་ཏེ། གསལ་ལ་མི་གསལ་བའི་གློག་འོད་ནི་ཁོའི་འགྲོ་རོགས་འབའ་ཞིག་ཡིན་ནོ། །བརྙན་རིས་འདི་མཐོང་མ་ཐག་མི་མང་ཆེ་ཤོས་ཀྱི་ཡིད་ལ་ཐོག་མར་དྲན་འོང་བ་ནི་འདི་འདྲའི་རྒན་པོ་ཞིག་མཚན་མོར་རླན་གྱིས་གཤེར་ཅིང་གྲང་ངར་ལྡང་བའི་རྒྱ་སྲང་དུ་ཡོང་དོན་ཅི་ཡིན་ནམ། ཁོ་ལ་བྱ་བ་ཅི་འདྲ་གལ་ཆེན་ཞིག་ཡོད་དམ་ཞེས་པ་དེ་ཡིན། དེ་ནི་ཨིན་ཇིའི་པར་རྡེབ་མཁས་པ་པེ་ཏི་མཱ་ལོས་ཀྱང་ཤེས་འདོད་པའི་དོན་དག་ཅིག་ཡིན་འགྲོ།
པེ་ཏི་མཱ་ལོས་དང་ཐོག་བརྩམས་ཆོས་འདི་གསར་རྩོམ་བྱེད་སྐབས་ཀྱི་དམིགས་ཡུལ་ཅི་ཡིན་རྟོགས་དཀའ་མོད། ང་ཚོས་འདི་འདྲའི་བརྙན་རིས་ཤིག་མཐོང་བ་ན། སེམས་ལ་རང་དབང་མེད་པར་འཇིག་རྟེན་འདིར་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་མི་ད་དུང་ཡོད་པས། དེ་དག་ང་ཚོ་ཚང་མས་ནམ་ཡང་བརྗེད་ག་ལ་རུང་ཞེས་འཆར་བ་དེ་རེད།
འོད་མི་གསལ་བ་དང་གནམ་གཤིས་མི་ལེགས་པའི་སྐབས་སུ། མི་མང་ཆེ་ཤོས་ཀྱིས་ཕལ་ཆེར་པར་ཆས་“མདའ་མདུང་མཛོད་དུ་ཉར་བའི་”ཚོད་ཡིན་མོད། ཡིན་ནའང་ཉམས་མྱོང་ཅན་གྱི་པར་རྡེབ་མཁས་པར་མཚོན་ན། དམིགས་བསལ་གྱི་གནམ་གཤིས་ཆ་རྐྱེན་འོག་ད་གཟོད་ངོ་མཚར་ཕུལ་བྱུང་གི་བརྙན་རིས་ལེན་ཐུབ་པ་གསལ་བོར་ཤེས་འདུག
མ་ལོས་རང་ལོ་སོ་གསུམ་པའི་སྐབས་སུ་བརྙན་རིས་འདི་པར་དུ་བརྡབས་ཤིང་། པར་ངོས་ལས་རྩོམ་པ་པོས་མཚན་མོའི་རྒྱ་སྲང་གི་གློག་འོད་ལ་བརྟེན་ཅིང། པར་རྡེབ་སྐབས་དཀའ་ཁག་ཅུང་ཆེ་བའི་ལྡོག་འོད་སྤྱད་དེ་བླངས་པ་རེད། བརྙན་རིས་སུ་འཕྲོ་བའི་འོད་དང་ཐོད་པའི་གཟུགས་རིས་ལ་ཁྱད་ཆོས་ཐོན་ཡོད་ཅིང། གདགས་སྲིབ་ཀྱི་རིམ་པ་སོགས་ཕུན་སུམ་ཚོགས་པའི་ངང་མངོན་པར་མཚོན་ཞིང་ལེགས་གྲུབ་བྱུང་ཡོད། ཐ་ན་བརྙན་རིས་སྟེང་གི་ཞིབ་ཕྲའི་ཁག་ཀྱང་ཅུང་གསལ་བོར་མཐོང་ཐུབ་པས། སྐབས་དེའི་མཱ་ལོའི་པར་རྡེབ་ལག་རྩལ་དེ་ཚད་ངེས་ཅན་ཞིག་ལ་ཐོན་ཡོད་པ་གསལ་བོར་ཤེས་ཐུབ།

དཔྱད་མཆན།

རྩོམ་ཐུང་འདི་ཀློག་པ་བརྒྱུད་ནས་འཛམ་གླིང་གི་བརྙན་པར་གྲགས་ཅན་ཁྲོད་ཀྱི་གཅིག་ཤེས་རྟོགས་བྱུང་བར་མ་ཟད། པར་དེ་སུས་བླངས་པ་དང། ནམ་ཞིག་ལ་བླངས་པ། པར་དེ་ཇི་ལྟར་བླངས་པ་སོགས་གསལ་པོར་བཀོད་ཡོད་པས། བརྙན་པར་ཞིག་ངོ་ཤེས་པ་ཙམ་མིན་པར། པར་ལེན་པའི་དུས་ཚོད་དང་ལེན་སྟངས་དང། པར་བརྡབ་ཡུལ་སོགས་ཀྱང་རང་གིས་འདེམས་ཤེས་དགོས་པའི་སྐོར་ཡང་རགས་ཙམ་རྟོགས་ཐུབ། གསལ་བཤད་རྩོམ་ཡིག་གིས་རྒྱུན་དུ་འདི་ལྟར་མི་ལ་ཤེས་བྱ་གསར་པ་ངོ་སྤྲོད་བྱས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་ཞུས་པའི་གྲངས་ཀ་ནི་བགྲང་གིས་མི་ལངས་སོ། །སྤྱིར་ན་གསལ་བཤད་རྩོམ་ཡིག་ལ་སྒྱུ་རྩལ་གྱི་ཆ་ནས་དེ་ཙམ་གླེང་རྒྱུ་མེད་པ་ལྟར་སྣང་མོད། སྒྱུ་རྩལ་གྱི་བརྩམས་ཆོས་ལེགས་པོ་ཞིག་བསྐྲུན་པ་ལའང་འདིས་རྒྱུན་དུ་རམ་འདེགས་མི་དམན་པ་བྱེད་ཀྱིན་ཡོད་པས། སྒྱུ་རྩལ་མ་ཡིན་པའང་སྒྱུ་རྩལ་དུ་བསྒྱུར་བའི་ནུས་པ་ཞིག་དགོས་ན། གསལ་བཤད་རྩོམ་ཡིག་ལའང་གོ་ཐང་ཞིག་སྤྲད་ན་འོས་ཡ།

མཐོ་རིམ་སློབ་བསྡུའི་རྩོོམ་ཡིག་གི་རྒྱུགས་གཞི།

གཤམ་དུ་ང་ཚོས་མཐོ་རིམ་སློབ་བསྡུའི་རྩོོམ་ཡིག་གི་རྒྱུགས་གཞི་ལྟར་བྲིས་པའི་རྩོམ་དཔེ་འགའ་འདིར་འདྲེན་འགོད་ཀྱིས་ཅུང་ཞིབ་ཚགས་ཀྱིས་དབྱེ་ཞིབ་དང་བཅས་ཏེ་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག དེ་བཞིན་དགག་སྒྲུབ་རྩོམ་ཡིག་གསུམ་ལ་ཁྱད་པར་ཅི་ཞིག་ཡོད་མེད་ལ་གཅིག་ལྟ།
གཤམ་གྱི་ཟུར་ཟའི་རི་མོར་ཞིབ་ཚགས་ཀྱིས་ལྟ་ཞིབ་བྱས་རྗེས། རི་མོ་འདི་མཐོང་མ་མྱོང་བའི་མི་ལ་རི་མོ་འདི་ངོ་སྤྲོད་བྱེད་པའི་གསལ་བཤད་རང་བཞིན་གྱི་རྩོམ་ཡིག་ཅིག་ཕྲིས། སྙན་ངག་གམ་དུངས་སེམས་བརྗོད་པའི་ལྷུག་རྩོམ་བྲིས་མི་ཆོག་ཅིང་ཡིག་འབྲུའི་གྲངས་སུམ་བརྒྱ་ལས་མ་བརྒལ་བ་དགོས།
གོང་གི་རྒྱུགས་གཞིའི་རེ་འདུན་ཉག་གཅིག་ནི་རྒྱུགས་སྤྲོད་མཁན་གྱི་སློབ་མ་དག་གིས་ཟུར་ཟའི་རི་མོ་འདིར་ཞིབ་ཚགས་ཀྱིས་ལྟ་ཞིབ་བྱས་ནས་གསལ་བཤད་རང་བཞིན་གྱི་རྩོམ་ཡིག་ཅིག་བྲིས་ནས་རི་མོའི་ནང་དོན་ངོ་སྤྲོད་བྱ་རྒྱུ་དེ་ཡིན། རི་མོར་བལྟས་ནས་རྩོམ་ཡིག་འབྲི་ཐབས་འདིའི་རིགས་སློབ་ཆུང་སྐབས་ནས་བཟུང་སྦྱོང་བརྡར་བྱས་ཟིན་པས་རྒྱུས་མེད་ཅིག་མིན། འོན་ཀྱང། དོན་དངོས་སུ་རྒྱུགས་སྤྲོད་མཁན་གྱི་རྩོམ་ཡིག་དག་ལས་གསལ་བཤད་རང་བཞིན་གྱི་རྩོམ་ཡིག་ལ་གནད་དོན་མང་པོ་ཞིག་མངོན་བྱུང།

sss

རྩོམ་ཡིག་དང་པོ།

ཕུ་བོ་གཟུགས་རིང་གིས་སྔོན་མ་ཞིག་ནས་དོང་ཆུ་ཞིག་བརྐོ་འདོད་ཡོད་ཀྱང། ཟླ་བ་འགའ་ནར་འགྱངས་སུ་ལུས་སོང། ཁོའི་ཆུང་མས་ཡང་ནས་ཡང་དུ་སྐུལ་འདེད་བྱས་པས། ཁོ་སུན་སྣང་དང་བཅས་ཏེ་“སང་ཉིན་བརྐོ་”ཞེས་པའི་ཚིག་འདི་ཤོར་སོང།
ཕྱི་ཉིན་ནམ་ལངས་མ་ཐག། ཕུ་བོ་གཟུགས་རིང་མལ་ལས་ལྡང་ནས་ལྕགས་ཁེམ་ཞིག་བཟུང་སྟེ་ར་སྐོར་ནང་བརྐོ་འགོ་བཙུགས། རི་བོ་ཆུང་ཆུང་ཞིག་གི་ཚད་དང་མཉམ་པའི་ས་བརྐོས་ནའང་ད་དུང་ཆུ་མེད་པ་ཅི་རེད་སྙམ་ཏེ་ཁོ་དོགས་པ་སྐྱེ་ནས། འདི་ན་ཏན་ཏན་ཆུ་མི་འདུག ཡང་བསྐྱར་ས་བརྗེ་ནས་བརྐོ་སྙམ། ཁོས་ཡང་བསྐྱར་ས་གཞན་ཞིག་ནས་ཡུད་ཙམ་ལ་བརྐོས་རྗེས། སུན་སྣང་སྐྱེ་ནས་ར་སྐོར་འདིའི་ས་འོག་ན་ཆུ་མི་འདུག་སྙམ། ཁོས་ཆུང་མས་ཁོ་ལ།“གླེན་འདང་མ་རྒྱག། དོང་ཆུ་བརྐོ་ཐུབ་པ་རེད་”ཅེས་སྐུལ་མ་བྱས་པ་ན། ཁོར་ནུས་ཤུགས་ཤིག་རྒྱས་ཏེ་མི་ཊར་བཅུ་ལྷག་བརྐོས་ཀྱང་ཆུ་མེད་པར་གྱུར་པས་ཁོ་འཚབ་སྟེ་“འདིའི་འོག་ན་ཆུ་མི་འདུག ཡང་བསྐྱར་ས་བརྗེ་ནས་བརྐོ་”སྙམ་ནས་ས་བརྗེ་སྟེ་ལྕགས་ཁེམ་གཉིས་བརྐོས་རྗེས་ཡང་ཁོ་དོགས་པ་ལངས་ནས་“འདི་ནའང་ཆུ་མི་འདུག ཡང་བསྐྱར་ས་བརྗེ་ནས་བརྐོ་་་་་་་”
མཆན། རྩོམ་ཡིག་ཏུ་རླུང་ལ་ཞགས་པ་དང་མུན་ནག་སྦར་འཛིན་བྱེད་པ་ལྟར། རང་སྣང་གང་ཤར་གྱིས་གཏམ་རྒྱུད་ཅིག་བསྒྲིགས་ཤིང་ཁུངས་ལུང་ཅི་ཡང་མེད་པའི་མི་སྣ་དང་བྱུང་རིམ་བཟོས་ནས་ཇི་བཞིན་བརྗོད་པའམ། ཡང་ན་སྒྲུང་ཐུང་ཡིག་བརྒྱ་མ་ཞིག་བྲིས་འདུག་པས། གསལ་བཤད་རང་བཞིན་གྱི་རྩོམ་ཡིག་གི་རེ་འདུན་དང་རྒྱང་དུ་བཀྱེད་འདུག

རྩོམ་ཡིག་གཉིས་པ།

ཟུར་ཟའི་རི་མོ་འདི་ཡིས་མཚན་ཉིད་རིག་པའི་གནས་ལུགས་ཟབ་མོ་ཞིག་གསལ་བཤད་བྱས་ཡོད་པ་རེད། དེ་ནི་བྱ་བ་བསྒྲུབ་ན་སྙིང་རུས་མེད་པས་ལས་མཐའ་མི་འཁྱོལ་བ་ཞེས་པ་དེ་ཡིན། སྣང་ཚུལ་འདིའི་རིགས་ནི་ང་ཚོའི་འཚོ་བའི་ཁྲོད་ནའང་ཡོད་པ་རེད། སློབ་གྲོགས་ཁ་ཤས་ཀྱིས་ནང་སྦྱོང་སྒྲུབ་པ་དང་འདྲ་བར་འདི་སྒྲུབ་མ་ཐུབ་ན་དེ་སྒྲུབ་ནས་འགྱུར་མེད་ཀྱི་སྙིང་སྟོབས་མེད་པ་ལྟ་བུ་རེད།
བྱ་བ་སྒྲུབ་པའམ་དོན་དག་ཅི་ཞིག་སྒྲུབ་ཀྱང་དཀའ་ངལ་དང་འཕྲད་ན་དཔའ་ཞུམ་ནས་སླ་སར་འཇུས་ཏེ་དཀའ་ས་བསྐྱུར་བ། སྡུག་རུས་རྒྱག་མི་ཕོད་པར་ནམ་ཡང་ལྷོད་བདེ་ངང་སྡོད་པ། འདི་ནི་ཕྱོགས་གཅིག་ཡིན། དཔེ་བཞག་ན་ན་གཞོན་ཁ་ཤས་ཀྱིས་རི་འདིའི་སྟེང་ནས་གན་མཐོ་ཡི་སྙམ། ཡང་དེར་འགོས་རྗེས་གཞན་དེ་མཐོ་ཡི་བསམ་ནས་ཡར་རྒྱུགས་མར་རྒྱུགས་བྱེད་པ་རེད།
ཟུར་ཟའི་རི་མོ་འདི་ནི་འབད་པ་ལྷོད་མེད་བྱེད་པའི་མིའི་བྲིས་རིས་ཤིག་རེད། དྲང་ཕྱོགས་ནས་བལྟས་ན་རི་མོ་འདིའི་སྟེང་གི་མིས་ནུས་ཤུགས་མི་ཉུང་བ་ཞིག་བཏོན་ཡོད། ཡིན་ནའང་། མཇུག་མཐར་ཁེ་ཕན་ཅི་ཡང་མི་རེག་པ་རེད།
མཆན། སློབ་མ་འདིས་ཀྱང་གསལ་བཤད་རང་བཞིན་གྱི་རྩོམ་ཡིག་ཅིག་མ་བྲིས་པར་དགག་སྒྲུབ་རྩོམ་ཡིག་ཅིག་བྲིས་འདུག་པས། ཕན་མི་ཐོགས་པའི་ལས་ཀ་ལས་པ་ཙམ་ཡིན་པ་སྨོས་མ་དགོས་པ་རེད།

རྩོམ་ཡིག་གསུམ་པ།

ཟུར་ཟའི་རི་མོ་འདི་ལ་ནང་དོན་ཟབ་མོ་འདུག རི་མོའི་སྟེང་ཕྱོགས་ཀྱི་གཡས་ཟུར་ན་ལག་ལ་ལྕགས་ཁེམ་ཐོགས་ཤིང་ཐ་མག་གི་དུ་བ་སྨུག་སྤྲིན་ལྟར་གཏིབས་ནས་མགོ་བོ་གྱེན་ལ་བཏེགས་ཏེ་མདུན་དུ་སྐྱོད་བཞིན་པའི་གསར་བུ་དེ་སུ་ཡིན་ནམ། ཅི་ཞིག་བྱེད་ཀྱིན་ཡོད་དམ། བྲེལ་བ་མ་ལངས། སྔོན་ལ་ཁོའི་གཟུགས་པོའི་རྒྱབ་ཕྱོགས་སུ་སྣང་བའི་“འཐབ་འབྲས་”ལ་ལྟ་དང་ཧ་གོ་ངེས།
གསར་བུའི་རྒྱབ་ཕྱོགས་ན་མི་ཞིག་གི་གཟུགས་དང་མཉམ་པ་དང་རྐང་མགོ་ལས་མི་ནུབ་པའང་ཡོད་པའི་དོང་འགའ་བསྟར་ཡོད། དོང་འདི་དག་ཅི་ཞིག་ཡིན་ནམ། བྱིས་པ་དག་གབ་རེས་རྩེད་འཇོ་བྱེད་པའི་ཆེད་དུ་ཨེ་རེད། ཡང་ན་་་་་་་ ཁྱོད་གཏན་ནས་གོ་ནོར་ཐེབས་མི་རུང། ཤམ་ཤམ་དུ་བཞུར་གྱིན་པའི་གསར་བུའི་རྔུལ་ཆུ་ལ་ལྟོས་དང། ཁོས་རྩེད་མོ་རྩེད་ཀྱིན་མི་འདུག ཁྱོད་ཀྱིས་ལྟོས་དང། ཁོ་འགྲོ་ཞོར་དུ་“འདིའི་འོག་ན་ཆུ་མི་འདུག ཡང་བསྐྱར་ས་བརྗེ་ནས་བརྐོ”ཟེར་བཞིན་མི་འདུག་གམ། འོ་་་་་་་་ ད་ནི་ང་ཚོས་གསལ་པོར་ཧ་གོ་སོང། ཁོས་དོང་ཆུ་བརྐོས་པ་རེད།
གྲོགས་པོ་ལགས། ངས་གསར་བུ་འདིའི་“འཐབ་འབྲས་”ཞིབ་ཚགས་ཀྱིས་བརྩིས་རྒྱུ་བརྗེད་མེད། ཁོས་དོང་ལྔ་བརྐོས་ཡོད། ཚ་བ་འདི་འདྲ་ཚ་དུས་འདི་ལྟར་བསྒྲུབས་པ་ནི་ལས་སླ་པོ་ཞིག་ཁྱོན་ནས་མ་རེད་ཡ། ཤུ་་་་་་་ ཕངས་པ་ཞིག་ལ། དོང་ཆུ་ཁམ་གང་ཡང་མི་འདུག ད་ནི་ཁྱོད་ཀྱིས་ཧ་གོ་སོང་ངམ། གསར་བུ་གང་ཞིག་ཏུ་བགྲོད་ཀྱིན་འདུག རེད་ཡ། ཁོ་ཡང་བསྐྱར་“འཐབ་ར”་གསར་པ་ཞིག་བསྐྲུན་པར་འགྲོ་བཞིན་འདུག ང་ཚོས་བཤད་འདོད་པ་ནི། གསར་བུ་ལགས། ག་ལེར་ཕེབས་དང། ལས་མཚམས་འཇོག་རོགས་ཞུ་ཞེས་པ་དེ་ཡིན།

མཆན། རྩོམ་ཐུང་འདིས་རི་མོའི་ནང་དོན་ལྡོག་ནས་ཕྱིར་མཚོན་བྱས་ཡོད་ལ་རྩོམ་ཡིག་ལ་གོ་རིམ་དང་ཚིག་གོ་བདེ་བ་ཡོད་ཀྱང། ཡུལ་ཅན་གྱི་དྲན་སྣང་གཙོར་བཟུང་ནས་ལྷུག་བརྗོད་དང་དཔྱད་གླེང་འདྲེས་མའི་འགྲེལ་བརྗོད་ཀྱི་ཚིག་ཅིག་ཡིན་པ་ལས། ཡུལ་གཙོ་བོར་བཟུང་ནས་བྲིས་པའི་གསལ་བཤད་རང་བཞིན་གྱི་རྩོམ་ཡིག་ཅིག་མ་རེད།
ལོ་དེའི་ཤེས་རིག་ལྷན་ཁང་གི་མཐོ་རྒྱུགས་གཏན་འབེབས་ཚོགས་ཆུང་གིས་སྐར་གྲངས་དཔྱད་སྡུར་གྱི་ཚད་གཞི་གཞིར་བཟུང་ན། གསལ་བཤད་རང་བཞིན་གྱི་རྩོམ་ཡིག་འདིའི་རྩ་བའི་རེ་འདུན་ནི་ཡང་དག་པ་དང་མངོན་སུམ། ཕྱོགས་ཡོངས། ཐུན་མིན་གྱི་ཁྱད་ཆོས་ངོས་འཛིན་ཐུབ་པ། གནད་ཆེ་ས་གཙོ་བོར་བཟུང་བ། གོ་རིམ་གསལ་པོ་ཡོད་པ་བཅས་ཕྱོགས་དྲུག་ནས་རེ་འདུན་བཏོན་ཡོད། ཡིན་ནའང་གསལ་བཤད་རྩོམ་ཡིག་གི་རྩ་བའི་རྩོམ་སྟངས་ཀྱི་སྟེང་ནས་ཡང་དག་པ་ཞེས་པའི་ཚིག་འདི་ཡོངས་སུ་བརྟོལ་ཅིང། མངོན་སུམ་དང་ཕྱོགས་ཡོངས། ཐུན་མིན་ཁྱད་ཆོས་དང་གནད་ཆེ་གཙོར་སྟོན། གོ་རིམ་གསལ་པོ་ཡོད་པའི་ཕྱོགས་ཀྱི་འབྲི་སྟངས་ལའང་ཉ་ཉོག་མང་པོ་བསྲེས་པས་གླེང་རིན་དེ་ཙམ་མི་འདུག། སྐྱོན་ཆ་འདི་དག་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། སྤྱིར་སློབ་གྲོགས་ཚོས་སློབ་འབྲིང་ནས་བཟུང་གསལ་བཤད་རྩོམ་ཡིག་སློབ་འགོ་ཚུགས་ཡོད་པས་ཅི་ཞིག་ལ་གསལ་བཤད་རྩོམ་ཡིག་ཟེར་བ་དང་། གསལ་བཤད་རྩོོམ་ཡིག་གི་རྩ་བའི་བླང་བྱ་ཅི་ཞིག་ཡིན་པ་གསལ་པོར་རྟོགས་ཡོད། དེ་ལས་ཀྱང་སློབ་གྲོགས་ཚོས་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་ཡུལ་དུས་མི་སྣ་དང་དུས་ཚོད། དགག་སྒྲུབ་རྩོམ་ཡིག་གི་བསྒྲུབ་བྱ་དང་སྒྲུབ་བྱེད། བསྒྲུབ་རིམ་བཅས་རྩོམ་ལུས་དེ་གཉིས་ཀྱི་རྩ་བའི་བླང་བྱ་ལ་དོ་སྣང་བྱེད་རྒྱུ་མང་དྲགས་ནས་གསལ་བཤད་རྩོམ་ཡིག་དང་གསལ་བཤད་ཀྱི་འབྲི་ཐབས་སྣང་མེད་དུ་ཤོར་བའི་རྐྱེན་གྱིས་རེད།
གཤམ་དུ་ང་ཚོས་གོང་ནས་གླེང་ཟིན་པའི་རྩོམ་ཡིག་གི་རྒྱུགས་གཞིའི་དྲི་བར་ཕུལ་བའི་ལན་གྱི་རྩོམ་ཡིག་ཡག་ཤོས་ཤིག་ལ་བལྟས་ནས་དབྱེ་ཞིབ་དང་བཅས་ཏེ་གཏིང་ཟབ་པའི་སྒོ་ནས་གསལ་བཤད་རྩོམ་ཡིག་ལ་རྒྱུས་ལོན་ཞིག་བྱ།

འདི་ནི་ཤིན་ཏུ་ཉིང་བསྡུས་དང་ཤུགས་བསྟན་གྱི་གོ་དོན་ཟབ་མོ་ཡོད་པའི་ཟུར་ཟའི་རི་མོ་ཞིག་ཡིན།
མཆན། ཁ་གསལ་ལ་དོན་དྲིལ་བའི་ངོ་སྤྲོད་ཀྱི་འགོ་འཛུགས་ཏེ། གཞལ་བྱའི་ཡུལ་དུ་གྱུར་པ་གང་ཞིག་གསལ་བཤད་བྱ་ཡུལ་དུ་གཙོ་བོར་བཟུང་ཞིང་རང་གི་ཡང་དག་པའི་རྒྱུས་ལོན་ཀྱང་ཞུགས་ཡོད།

རི་མོའི་ངོས་ཡོངས་ནས་བལྟས་ན་ཆ་ཤས་གསུམ་གྱིས་གྲུབ་པའི་དུམ་བཤགས་རི་མོ་ཞིག་རེད།
མཆན། ཡུལ་ལ་ཇི་ལྟར་ཡོད་པ་ལྟར་གསལ་བཤད་བྱས་པ་སྟེ། ཚད་འཛིན་ས་ཕྱོགས་གཉིས་ཡོད་པའི་གཅིག་ནི་“འོག་ནས་སྟེང་གི་བར་དུ་ཆ་ཤས་གསུམ་གྱིས་གྲུབ་ཅིང་”ཞེས་དང་གཞན་”ཐད་ཀར་མཐོང་ཐུབ་པའི་དུམ་གཤགས་རི་མོ་ཞིག་རེད”་ཅེས་པར་བཟོ་བཅོས་བྱས་པ་ཡིན་ན་ཁ་ཇེ་གསལ་དུ་འགྲོ་བ་རེད།

རི་མོའི་ཆེས་འོག་མ་ནི་ཆུའི་ཐོན་ཚད་ཕུན་སུམ་ཚོགས་པའི་ས་འོག་གི་ཆུ་ཡིན་ལ་ཆུ་ངོས་ཀྱི་རླབས་ཕྲེང་གཅིག་འཇགས་གཉིས་ལངས་དང། ཆུའི་རང་བཞིན་དེ་འདྲའི་དྭངས་ཤིང་བསིལ་བ་ཞིག་རེད།
མཆན། གོ་རིམ་ལྟར་གསལ་བཤད་བྱས་པས་བསམ་ཕྱོགས་གསལ་ཞིང་ཚིག་ལ་ཡང་གོ་རིམ་ལྡན།

རི་མོའི་དཀྱིལ་ནི་ས་རིམ་པ་ཞིག་གིས་བཅད་པའི་ངོས་ཤིག་དང། བརྐོས་ནས་མཐའ་མ་འཁྱོལ་བའི་དོང་འགའ་གསལ་པོར་མངོན་ཡོད། དོང་དང་པོ་དེ་ནི་ཕལ་ཆེར་སུམ་ཆའི་གཉིས་བརྐོས་འདུག གཉིས་པ་ནི་ཧ་ལམ་སུམ་ཆའི་གཅིག་དང། དོང་གསུམ་པ་དེ་སུམ་ཆ་གཅིག་ལས་ཅུང་ཟབ། དོང་བཞི་པ་དེ་ཕལ་ཆེར་བཞི་ཆའི་གསུམ་བརྐོས་འདུག དོང་ལྔ་པ་དེ་ཅུང་ཟད་མ་གཏོགས་བརྐོས་མི་འདུག
མཆན། ཨང་ཀིས་གསལ་བཤད་བྱེད་པར་ཕལ་ཆེར་དང་ཧ་ལམ་སོགས་བེད་སྤྱད་ན་དོན་དངོས་ཁ་མི་གསལ་ཞིང་རབ་རིབ་ཏུ་གྱུར་འགྲོ། དོང་གི་ཟབ་ཚད་འཇལ་བ་ལ་སྤྱིའི་ཚད་འཛིན་ས་ཞིག་ཡོད་དགོས། དེར་བརྟེན། “དོང་དང་པོ་དེ་ནི་ཕལ་ཆེར་སུམ་ཆའི་གཉིས་བརྐོས་འདུག་”ཅེས་པ་དེ་“དོང་དང་པོ་དེ་ས་ཁ་ནས་ས་འོག་གི་ཆུ་ངོས་ཀྱི་བར་ཐག་གི་སུམ་ཆའི་གཉིས་བརྐོས་འདུག”ཅེས་པར་བསྒྱུར་ནས། དེའི་རྗེས་ཀྱི་ཚིག་རང་སོར་བཞག་ན། ཚོད་དཔག་གི་གསལ་བཤད་ཀྱི་རྩ་བའི་ཚད་གཞི་གསལ་པོར་འགྱུར་ངེས།

རི་མོའི་སྟེང་ཕྱོགས་ཀྱི་གཡས་ཟུར་ན་མི་ཞིག་བྲིས་འདུག ཁོས་ཞྭ་མོ་ཞིག་གྱོན་ཞིང་ཁར་ཐ་མག་རྐང་གཅིག་བསྒྲོན་པའི་དུ་བ་འཕྱུར་གྱིན་འདུག ཁོག་སྟོད་དུ་རྔུལ་ལེན་སྟོད་ཐུང་ཞིག་དང་ལུས་སྨད་དུ་སུག་ལྕག་ཡར་བརྫེས་པའི་དོར་མ་ཞིག་གྱོན་ཞིང། ཕྲག་གཡས་སུ་ཨ་ཅོར་ཞིག་གཟར་ནས་ལག་གཡོན་པས་ལྕགས་ཁེམ་ཞིག་བཟུང་སྟེ་འགྲོ་བཞིན་འདུག
མཆན། ཚན་པ་འདིར་རི་མོའི་སྟེང་གི་མི་སྣ་གཙོ་བོ་ཞིབ་འབྲི་བྱེད་བསམ་པ་མ་ཡིན་པར་སྤྱི་ཡོངས་ནས་གསལ་བཤད་ཙམ་བྱས་འདུག

གཤམ་དུ་རི་མོའི་འགྲེལ་བཤད་ཀྱི་ཚིག་སྟེ་“འདིའི་འོག་ནའང་ཆུ་མི་འདུག ས་བརྗེ་ནས་བརྐོ་”ཞེས་པ་དེ་བྲིས་ཡོད།
མཆན། ཆེས་མཇུག་ཏུ་རི་མོའི་ཟུར་མཆན་གྱི་ཡི་གེ་ཡང་ཅི་ཞིག་ཡིན་པ་བཤད་ཡོད། སྐབས་འདིའི་“གཤམ་དུ་”ཞེས་པ་ནི་རི་མོའི་གཤམ་དུ་ཞེས་པར་བཅོས་ན་གོང་གི་ཚན་པ་དག་དང་མི་འཁྲུག་པར་གསལ་པོར་གོ་ཐུབ།
རྩོམ་ཐུང་འདིའི་ཚན་པ་དང་པོ་ནི་ཟུར་ཟའི་རི་མོ་འདི་ལ་གདེང་འཇོག་ཅི་ཙམ་བྱས་པ་དེ་ཡིན་ཞིང། དེ་བྱིངས་ཀྱི་ཚན་པ་ཡོངས་རྫོགས་རྩོམ་པ་པོས་རི་མོ་གསལ་བཤད་བྱས་པ་ཤ་སྟག་ཡིན། གསལ་བཤད་དེ་ལ་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་ཐུན་མིན་གྱི་ཁྱད་ཆོས་ངོ་སྤྲོད་ཡོད་པར་མ་ཟད། ཆ་ཤས་རེ་རེར་ཞིབ་ཕྲའི་འགྲེལ་བཤད་ཡོད་ལ་ཆུ་མ་ཐོན་པའི་དོང་ལྔ་པོའི་ཟབ་ཚད་ཀྱང་ཨང་ཀིས་མཚོན་པར་བྱས་ཤིང། ད་དུང་དོང་བརྐོ་མཁན་གྱི་གྱོན་པ་དང་སྤྱོད་ཚུལ་ཡང་གསལ་པོར་བྲིས་ཡོད་པས་རི་མོ་འདི་མཐོང་མ་མྱོང་བའི་མི་ལ་རི་མོ་འདི་ངོ་སྤྲོད་བྱས་པའི་འགན་འཁུར་ལེགས་འགྲུབ་བྱུང་ཡོད་པ་རེད། འདི་འདྲ་ཞིག་ལ་ད་གཟོད་གསལ་བཤད་རྩོམ་ཡིག་ཟེར་བ་རེད།