ཕྱེ་ཐུག་རིང་པོ།

ཕ་མ་གཉིས་ལས་གནས་ནས་བསྐྲད་ནས་ཅང་མ་འགོར་བར་ང་ཚོ་ཕ་ཡུལ་དང་ཁ་བྲལ། ངས་མེ་འཁོར་གྱི་དྲ་མིག་ལས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་མང་པོ་མཐོང་བས་སྤྲོ་སྣང་རབ་ཏུ་རྒྱས་པ་དང་མཉམ་དུ་དྲི་ཚིག་མང་པོ་ཞིག་ཀྱང་ཡིད་ལ་འཁོར་བྱུང། ང་ཚོ་གང་ཞིག་ཏུ་འགྲོ་དགོས་སམ། ང་རང་དེ་གར་ལོབ་བམ་་་ ་་་།
ཉིན་འགར་སོང་རྗེས་ང་རང་ལུས་ཐང་ཆད་དྲགས་ཏེ། མེ་འཁོར་ལས་མར་འབབ་སྐབས་ང་ལ་མགོ་ཡོམ་འཁོར་ནས་གཡས་གཡོན་གྱི་ཞིང་ཚིགས་དང་རི་བོ་ཐམས་ཅད་མིག་ལམ་དུ་དལ་གྱིས་འཁོར་གྱིན་འདུག ཨ་མས་ཁྱོད་ལ་ཅི་བྱུང་ངམ་ཞེས་ང་རང་མྱུར་དུ་བསྐྱོར་བྱུང། ངས་སྐད་མགོ་དམའ་མོས་ངའི་མགོ་ཅུང་ན་གི་ཞེས་བཤད། ཨ་མས་ངའི་མགོར་བྱིལ་བྱིལ་བྱེད་བཞིན་ངས་ཁྱོད་ལ་ཐུག་པ་རིང་པོ་ཞིག་ལྡུད། དེ་འཐུངས་ན་མགོ་བོ་ཇེ་བདེར་ཡོང་སྲིད་ཟེར། དེ་ནས་ཨ་མ་དང་ངེད་གཉིས་ཟ་ཁང་ཆུང་ཆུང་ཞིག་ཏུ་སོང། ཟ་ཁང་དེའི་ཅོག་ཙེ་སྟེང་དུ་ཙོང་ཕྲུག་དང། བསིལ་ཕན། སྐྱུར་ཁུ། ད་དུང་ངས་མི་ཤེས་པའི་བྲོ་རྫས་སོགས་བཤམས་ཡོད། ལྭ་བ་དཀར་པོ་གྱོན་པའི་ཨ་ཅེ་ཞིག་གིས་རླངས་པ་ཐུལ་ལུ་ལུ་བྱེད་པའི་ཐུག་པ་དཀར་ཡོལ་དོ་ཁྱེར་ཡོང། ཐུག་དྲི་སྣ་ལམ་དུ་ཐུལ་མ་ཐག་ང་ལ་འགྲམ་ཆུ་ལྡང་ནས་མང་པོ་བསམ་ཁོམ་མེད་པར་ཐུག་པ་ཁམ་གང་རེ་གང་རེ་བྱས་ནས་བཏུང་ཅི་ཐུབ་བྱས། ཨ་ཨ་ངོ་མ་ཞིམ་པོ་རེད། དེ་ནི་ང་ཅུང་ལྟོགས་ཡོད་པའི་དབང་གིས་ཡིན་རྒྱུ་རེད། ངའི་གདོང་ནས་རྔུལ་ཆུ་མང་པོ་བཞུར་བ་དང་ལུས་ཕུང་བདེ་ལ་བབས་ཤིང་སེམས་ཀྱང་ཧ་ཅང་སྤྲོ་བར་གྱུར། དེ་ནས་རླངས་འཁོར་ས་ཚིགས་སུ་ཡོང་ནས་རླངས་འཁོར་ལ་སྒུག་སྐབས། ཨ་མས་ང་ལ་མོ་རང་ཆུང་དུས་ཀྱི་གཏམ་རྒྱུད་ཅིག་བཤད་བྱུང།
དེ་ནི་སྤྱི་ཚོགས་རྙིང་བར་ང་རང་སློབ་ཆུང་དུ་འགྲོ་སྐབས་ཀྱི་བྱ་བ་ཞིག་ཡིན།
ཐེངས་ཤིག་ལ་ངར་ཆམ་ནད་ལྕི་མོ་ཞིག་ཕོག་པ་དང་ལུས་ཟུངས་ཟད་དེ་མལ་ཁྲིའི་སྟེང་དུ་ཉལ་ནས་བསྡད་པ་ཡིན། ཟླ་འོད་ཁང་པའི་ནང་ལ་འཕྲོས་འོངས། ཕྱི་ནས་ཐུག་པ་རིང་པོ། ཐུག་པ་རིང་པོ་ཞེས་པའི་འབོད་སྒྲ་གྲགས་བྱུང། ངས་ཉིན་དཀར་ཟ་མ་མ་ཟོས་པས། རྨོ་མོས་ཐུག་པ་དཀར་ཡོལ་གང་ཉོས་ནས་ཡོང་སྟེ། ཐུག་པའི་སྟེང་ལ་སྐྱུར་ཁུ་དང་བསིལ་ཕན་མང་པོ་བླུགས་པ་ན། ང་ལ་ཡི་ག་ཞིག་ཕྱེ་བྱུང། ངས་ཀྱང་དེ་མ་ཐག་ཏུ་ཁྱོད་ཇི་བཞིན་ཐུག་པ་དཀར་ཡོལ་གང་བོ་དེ་རེམ་པར་འཐུངས་ཏེ་གཉིད་ལོག་པ་ན། ཕྱི་ཉིན་ངའི་ཆམ་ནད་སངས་དྲག་ཏུ་གྱུར་པ་རེད་ཟེར། ངས་གཏམ་རྒྱུད་དེར་ཉན་རྗེས་ཐུག་པ་རིང་པོ་འཐུངས་ན་ཆམ་ནད་དྲག་པ་ཡིན་ནམ་ཞེས་དྲིས། ཨ་མས་སྐྱུར་ཁུ་འཐུང་ན་ཡི་ག་འབྱེད་ཅིང་ཁམས་དྭངས་པར་མ་ཟད། བསིལ་ཕན་ཟོས་ན་རྔུལ་ཆུ་བཞུར་བ་ཡིན་པས་ཆམ་ནད་འགོག་བྱེད་ཀྱི་ཟས་རིགས་བཟང་པོ་ཞིག་ཡིན། དེར་བརྟེན་ང་ཚོ་དབུལ་པོ་རྣམས་རིན་གོང་བདེ་ཞིང་འཐུངས་ན་ཞིམ་པའི་ཐུག་པ་དེར་ཧ་ཅང་དགའ་ཟེར། སྐབས་དེར་ངས་ད་གཟོད་ང་རང་ཕ་ཡུལ་དུ་ཡོད་དུས་ཆམ་པ་ཕོག་སྐབས་ཨ་མས་ང་ལ་སྐྱུར་ཞིང་ཁ་ཚ་བའི་ཐུག་པ་འཐུང་དུ་བཅུག་པ་དེ་ཡིད་ལ་དྲན་བྱུང།
གཞིས་ཀ་རྩེའི་ཕྱོགས་སུ་འགྲོ་བའི་རླངས་འཁོར་ད་དུང་མ་བསླེབས། དུས་ཚོད་ནི་ཅི་འདྲའི་མགྱོགས་པ་ལ་ཨང། ཕལ་ཆེར་ཉིན་གུང་ལོན་སོང། སྐབས་དེར་རྒྱ་ལམ་གྱི་ཕ་རོལ་ན་ཐུག་པ་རིང་པོ་འཐུང་མཁན་ཇེ་མང་ནས་ཇེ་མང་དུ་སོང་སྟེ། བཟོ་པ་དང་ཞིང་པ། དམག་མི་སོགས་མི་མང་པོས་མགོ་རུབ་རུབ་བྱེད་ཀྱིན་འདུག མི་མང་དེ་དག་ལས་ལ་ལས་ལངས་ནས་ཐུག་པ་རིང་པོ་འཐུང་བ་དང། ལ་ལས་ཙོག་ཙོག་བྱས་ནས་ཐུག་པ་རིང་པོ་འཐུང་བ། ལ་ལས་འགྲོ་ཞོར་དང་འདུག་ཞོར་དུ་ཐུག་པ་རིང་པོ་འཐུང་བཞིན་ཡོད། འདི་ལྟ་བུའི་འཐུང་ཚུལ་དེ་ཕ་ཡུལ་ལ་མཚོན་ན་ཧ་ཅང་མཐོང་དཀའ་བས། ང་རང་ཡ་མཚན་སོང། ཡིན་ནའང་ངས་ཁོ་ཚོས་འདི་ལྟར་ཐུག་པ་རིང་པོ་འཐུངས་པ་ནི་ཧ་ཅང་བྲེལ་བ་ཆེ་བས་ལོས་ཡིན་སྙམ་བྱུང། ཐུག་པ་རིང་པོས་ཁོ་ཚོར་ཅི་འདྲའི་སྟབས་བདེ་མང་པོ་བཟོས་ཡོད་པ་ལ་ཨང། ཐུག་པ་དཀར་ཡོལ་གང་གི་འཐུང་ཡུན་ནི་ངའི་ཨ་ཕས་ཐ་མག་རྐང་གཅིག་འཐེན་ཡུན་ལས་ཀྱང་མགྱོགས་པ་རེད།
ངས་གློ་བུར་དུ་ཨ་མར་ཐུག་པ་རིང་པོོ་འདིར་ཁྲོམ་ཚོང་ཐུག་པ་ཞེས་འབོད་དོན་ཅི་རེད་ཅེས་དྲིས། ཨ་མ་དགོད་བཞིན་ཐུག་པ་རིང་པོོ་འདི་སྔོན་ཆད་དབུལ་པོོས་ལྡེམ་ཤིང་གིས་ཁུར་ནས་བཙོང་བ་རེད། ལྡེམ་ཤིང་གི་སྣེ་གཅིག་ལ་ལྕགས་ཐབ་དང་སྣེ་གཅིག་ལ་ཐུག་པ་དང་བྲོ་རྫས་སོགས་བཀལ་ནས་ཁྲོམ་སྲང་བསྐོར་ཏེ་བཙོང་བ་ན་མིང་ལའང་དེ་ལྟར་བཏགས་པ་རེད་ཟེར།
“ཏུའུ་ཏུའུ།” གློ་བུར་དུ་དུང་སྒྲ་ཞིག་གྲགས་པ་དང་མཉམ་དུ་རླངས་འཁོར་སླེབས་བྱུང། ང་ལ་རླངས་འཁོར་གྱི་དྲ་མིག་ནས་ཡང་བསྐྱར་ཐུག་པ་རིང་པོ་བཙོང་བའི་ཟ་ཁང་ལ་ལྟ་འདོད་ཅིག་སྐྱེས། རླངས་འཁོར་ལམ་དུ་བཞུད་ཀྱང་ངའི་ཡིད་ངོར་ད་དུང་སྣེ་གཅིག་ན་ལྕགས་ཐབ་དང་སྣེ་གཅིག་ན་ཐུག་པ་དང་བྲོ་རྫས་བཀལ་བའི་ལྡེམ་ཤིང་འཆར་གྱིན་འདུག ང་ཕ་ཡུལ་དང་འབྲལ་ཁ་མའི་ཟ་ཐེངས་དང་པོའི་ཟ་མ་ནི་འདི་འདྲའི་ངོ་མཚར་བ་ཞིག་ཡིན་པས། ང་ཕ་ཡུལ་ལ་རང་དབང་མེད་པར་སྙིང་ཉེ་བའི་བརྩེ་དུང་ཞིག་སྐྱེས་སོ། །

རྩོམ་ཡིག་གི་དཔྱད་མཆན།

བྱ་བ་བརྗོད་པའི་གོ་རིམ་ཁྲོད་དུ་ནམ་རྒྱུན་དེ་དང་འབྲེལ་བ་ཡོད་པའི་བྱུང་རིམ་གཞན་དག་བར་དུ་འཇུག་པ་དང་དེར་མཐུད་དེ་སྔོན་གྱི་བྱ་བ་རྣམས་གོ་རིམ་ལྟར་བརྗོད་པ་ལ་བར་བཅུག་བརྗོད་སྟངས་ཟེར། བར་དུ་བཅུག་པའི་དོན་རྐྱེན་གྱིས་བྱུང་རིམ་གལ་ཆེན་ལ་ཁ་གསབ་དང་སྤེལ་རེས་བྱེད་པའི་ནུས་པ་འདོན་ཐུབ། བར་བཅུག་བརྗོད་སྟངས་སྤྱོད་ན་བྱུང་རིམ་འོས་ཤིང་འཚམས་པའི་བར་ལ་འཇུག་དགོས། གོ་རིམ་ལྟར་བརྗོད་པ་དང་བར་བཅུག་བརྗོད་སྟངས་སྐོར་གྱི་མཐུད་མཚམས་དང་བར་བརྒལ་རང་ཤུགས་སུ་གྲུབ་པ་ཞིག་ཡིན་དགོས།
བར་བཅུག་བརྗོད་སྟངས་སྤྱད་དེ་བྲིས་པའི་ཐུག་པ་རིང་པོ་ཞེས་པའི་རྩོམ་ཡིག་ཏུ་ཐུག་པ་རིང་པོོ་གཞིར་བཟུང་ནས་རྩོམ་གྱི་ནང་དོན་སྤེལ་བ་ནི་འདི་ལྟ་སྟེ། ཐོག་མར་ང་ཕ་ཡུལ་དང་ཁ་བྲལ་ཁ་མར་ཨ་མས་ཐུག་པ་བླུད་ཚུལ་ཏེ། ཙོང་ཕྲུག་དང་བསིལ་ཕན། སྐྱུར་ཁུ། རླངས་པ་ཐུལ་ལུ་ལུ་བྱེད་པའི་ཐུག་པ་སོགས་ཞིབ་བརྗོད་བྱས་རྗེས། ངས་ཐུག་པ་རིང་པོ་འཐུངས་རྗེས་གདོང་ནས་རྔུལ་ཆུ་བཞུར་བ་དང་ལུས་ཕུང་བདེ་ལ་བབས་ཤིང་སེམས་ཀྱང་ཧ་ཅང་སྤྲོ་བར་གྱུར་ཅེས་དྲང་ཕྱོགས་ནས་བྲིས་ཡོད། དེར་མཐུད་ནས་རྩོམ་པ་པོས་བར་བཅུག་བརྗོད་སྟངས་ཀྱི་ཚན་པ་གཅིག་བཀོད་སྒྲིག་བྱས་ཡོད་དེ། ཨ་མས་ང་ལ་ཁོ་མོར་ཆམ་ནད་ཕོག་རྗེས་རྨོ་མོས་ཁོ་མོར་ཐུག་པ་རིང་པོ་བླུད་པའི་གཏམ་རྒྱུད་དེ་བཤད་པ་རེད། བར་བཅུག་བྱས་པ་དེས་རྩོམ་ཡིག་གི་དོན་སྙིང་གཙོ་བོར་ཁ་གསབ་བམ་ཕུན་སུམ་ཚོགས་པའི་ནུས་པ་བཏོན་ཡོད།
རྩོམ་ཡིག་འདིའི་གོ་རིམ་ལྟར་བརྗོད་སྟངས་དང་བར་བཅུག་བརྗོད་སྟངས་ཀྱི་མཐུད་མཚམས་བར་བརྒལ་བྱས་པའང་ཧ་ཅང་ལྷོད་ཤ་ལྡན་པ་ཞིག་རེད། བར་བཅུག་མ་བྱས་པའི་སྔོན་དུ་རྩོམ་པ་པོས་རླངས་འཁོར་ས་ཚིགས་སུ་ཡོང་ནས་རླངས་འཁོར་ལ་སྒུག་སྐབས། ཨ་མས་གཏམ་རྒྱུད་ཅིག་བཤད་ཅེས་ཐུག་པ་རིང་པོར་འབྲེལ་བ་ཡོད་པའི་གསལ་འདེབས་ཤིག་བྱས་བྱུང། བར་བཅུག་བྱས་ཚར་རྗེས་རྩོམ་པ་པོས་ཡང་བསྐྱར་དུ་ངས་གཏམ་རྒྱུད་དེར་ཉན་རྗེས་ཞེས་རྩོམ་ཡིག་དེ་སླར་ཡང་མགོ་རྔ་ལྡན་པའི་གོ་རིམ་གྱི་ནང་དུ་ཞུགས་འདུག

བདག་མ་ཡུམ་སློབ་གྲྭ་ལ་དགའ།

བདག་གི་སློབ་ཆུང་སློབ་མའི་འཚོ་བ་མཇུག་རྫོགས་ཏེ་མི་འགྱང་བར་སློབ་འབྲིང་དུ་ཞུགས་དགོས། ཡིན་ན་ཡང་བདག་གིས་སློབ་ཆུང་སློབ་མའི་འཚོ་བར་ཕྱིར་འདང་རེ་བརྒྱབ་ཚེ། ཅི་འདྲའི་སེམས་པ་དུངས་ཤིང་འབྲལ་དཀའ་བ་ཞིག་རེད་ཨང།
བདག་སློབ་གྲྭའི་མེ་ཏོག་གི་ལྡུམ་རའི་འགྲམ་དུ་བསྡད་དེ་མེ་ཏོག་ལ་ལྟ་སྐབས་སྣང་ངོར་ང་ཚོའི་འཛིན་གྲྭའི་དགེ་རྒན་དཔལ་མོ་དྲན་བྱུང། ཁོ་མོ་ནི་འདྲིས་བདེ་ཞིང་བྱམས་སེམས་ཆེ་བ་ཞིག་ཡིན་ལ། ཁོ་མོའི་བརྟན་རླིང་འགྱུར་མེད་ཀྱི་སྤྱན་ཟུང་དུ་ཡིད་ཆེས་སམ་རེ་བས་ཁེངས་ཡོད།
དགེ་རྒན་གྱིས་རིག་གནས་ཅི་ཡང་མེད་པའི་བྱིས་པ་ཞིག་རིག་གནས་ཡོད་པའི་ན་ཆུང་ཞིག་ཏུ་སྐྱེད་སྲིང་བྱས་པ་དེ་ལས་སླ་མོ་ཞིག་ག་ལ་ཡིན། བདག་གི་སེམས་སུ་བདག་སྔོན་དུ་སྐྱོད་པར་བྱེད་པའི་དེད་དཔོན་ནི་དགེ་རྒན་དཔལ་མོ་ཡིན་པས། ཁོ་མོས་རྒྱུན་དུ་བདག་ཁྲིད་དེ་ཤེས་བྱའི་རྒྱ་མཚོ་རུ་སྐྱོད་བཞིན་ཡོད་སྙམ།
བདག་གིས་མ་ཡུམ་སློབ་གྲྭའི་སོ་ཕག་རེ་རེ་དང་རྩྭ་རྐང་རེ་རེར་ལྟ་བཞིན་དོན་དག་མང་པོ་ཞིག་ཡིད་ལ་དྲན་བྱུང། སློབ་ཁྲིད་བྱེད་སའི་ཁང་རྩེག་ཆེན་མོའི་རྡོ་སྐས་སྟེང་དུ་བདག་དང་སློབ་གྲོགས་རྣམས་རྒྱུན་དུ་སློབ་ཁྲིད་ལ་སོང་བའི་རྐང་རྗེས་གྲངས་མེད་ཅིག་དཔར་ཡོད་ལ། སློབ་ཁང་དུའང་སློབ་སྦྱོང་གི་འཚོ་བ་གྲངས་མེད་ཅིག་རོལ་མྱོང་བ་རེད། བདག་རྩལ་སྦྱོང་ར་བར་སོང་བ་ན། སྔོན་ཆད་ཀྱི་སྤྲོ་སྣང་ལྡན་པའི་ངལ་རྩོལ་གྱི་རྣམ་པ་དང་ཧ་ཅང་འདྲིས་པའི་སློབ་གྲོགས་ཚོ་དྲན་བྱུང། བདག་ལ་དཀའ་ཁག་བྱུང་སྐབས་སློབ་གྲོགས་ཚོས་ལྷག་བསམ་རྣམ་དག་གིས་རོགས་རམ་བྱེད་པ་ཡིན་ལ། བདག་ལ་མི་འདང་ས་ཡོད་ཚེ་སློབ་གྲོགས་ཚོས་སྦ་གསང་མེད་པར་ཡོ་བསྲང་བྱེད་པ་དང། བདག་གི་སྦྱངས་འབྲས་མར་ལྷུང་ཚེ་བདག་ལ་ཐོབ་པ་ནི་མིག་ལོག་དང་ཟུར་ཟ་མ་ཡིན་པར་སྤྲོ་སེམས་འཁོལ་བའི་དྲོད་སྐྱིད་གྱི་རོགས་རམ་ཡིན། དེ་དག་ལས་ཀྱང་བརྗེད་དཀའ་བའི་དོན་ཞིག་ནི་རྒྱུགས་ལེན་བསྐྱར་སྦྱོང་བྱེད་སྐབས་བདག་ལ་ནད་ལྕི་མོ་ཞིག་ཕོག་ནས་སྨན་ཁང་དུ་བསྡད་པ་དེ་ཡིན། སྨན་ཁང་དུ་སྡོད་སྐབས་སློབ་གྲོགས་ཚང་མས་རེས་སྐོར་བྱས་ནས་བདག་ལ་ལྟ་བའམ་སློབ་སྦྱོང་ལ་རོགས་རམ་བྱས་ཏེ་རྒྱུགས་འབྲས་ལེགས་པོ་ཞིག་ལོན་བྱུང། བདག་ལ་མཚོན་ན་གོང་འཕེལ་ཕྲན་བུ་ཙམ་བྱུང་བ་ཐམས་ཅད་དགེ་རྒན་དང་སློབ་གྲོགས་ཚོས་དཀའ་སྤྱད་སྡུག་རུས་སྒོས་རོགས་རམ་བྱས་པའི་འབྲས་བུ་ཡིན། མ་ཡུམ་སློབ་གྲྭ་ལགས། ཁྱེད་ཀྱིས་ནམ་ཡིན་ཡང་བྱམས་བརྩེ་དང་གཟབ་ནན་སྒོས་ང་ལ་གསོ་སྐྱོང་གནང་བས་ན། ཁྱེད་ནི་བདག་གི་མ་ཡུམ་དང་འདྲ། ད་ནི་བདག་ཁྱེད་དང་ཁ་འབྲལ་དགོས་པས་བདག་ཁྱེད་ལ་ཅིའི་ཕྱིར་ཞེ་མི་ཆགས་སམ།
མ་ཡུམ་སློབ་གྲྭ་ལགས། ཁྱེད་དང་དགེ་སློབ་ཚོས་བདག་ལ་སེམས་ཁུར་དང་གཅེས་སྐྱོང། སློབ་གསོ་བཅས་གནང་བས་བདག་གིས་ནམ་ཡིན་ཡང་མ་ཡུམ་སློབ་གྲྭར་བཟུང་བའི་བརྩེ་སེམས་ནི་ཧ་ཅང་ཟབ་ལ་རྣམ་དག་ལྷད་མེད་ཅིག་ཡིན་ནོ། །

རྩོམ་ཡིག་གི་དཔྱད་མཆན།

རིགས་བཀར་ནས་ཇི་བཞིན་བརྗོད་པ་ཞེས་པ་ནི་རྩོམ་ཡིག་བརྗོད་སྙིང་གཞིར་བཟུང་སྟེ་བྱ་དངོས་ཀྱི་ནང་གི་འབྲེལ་བ་ལྟར་རྒྱུ་ཆ་བསྒྲིག་པའི་ཐབས་ལམ་ཞིག་ཡིན། དེའི་ཁྱད་ཆོས་ནི་དུས་ཚོད་མི་འདྲ་བ་དང་ས་གནས་མི་འདྲ་བ། ཡང་ན་མི་སྣ་མི་འདྲ་བའི་སྟེང་དུ་བྱུང་བའི་དོན་རྐྱེན་དེ་དག་རང་རང་གི་ངོ་བོ་ཇི་བཞིན་རིགས་བཀར་ཏེ་ཆབས་ཅིག་ཏུ་བསྒྲིག་པ་དང། ཟུར་སྣ་མི་འདྲ་བའི་སྒོ་ནས་བསམ་བློའི་དོན་སྙིང་མཚོན་པར་བྱེད་པ་དེ་ཡིན།
རིགས་བཀར་ནས་ཇི་བཞིན་བརྗོད་པའི་ཐབས་ལམ་སྤྱོད་ན་བརྗོད་བྱ་གཙོ་བོ་གཞིར་བཟུང་ནས་རྒྱུ་ཆ་འདེམས་པར་དོ་སྣང་བྱེད་དགོས། དོན་སྙིང་གཙོ་བོ་དང་འབྲེལ་བ་མེད་པའི་རྒྱུ་ཆ་འདོར་གང་ཐུབ་བྱེད་དགོས།
གོང་འཁོད་རྩོམ་ཡིག་འདི་ནི་ཚན་པ་དབྱེ་ནས་བྲིས་པའམ་བརྩེ་དུང་རང་བཞིན་མཚོན་པ་ཅུང་ཁྱབ་ཆེ་བའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་ཡིན།
རྩོམ་པ་པོས་ཚན་པ་དབྱེ་ནས་ཇི་མ་ཇི་བཞིན་དུ་བརྗོད་པའི་ཐབས་ལམ་སྤྱད་དེ། ཐོག་མར་བདག་གིས་འཛིན་གྲྭའི་་དགེ་རྒན་ལ་གུས་བཀུར་ཚད་མེད་བྱས་པའི་བརྩེ་དུང་བྲིས་པ་དང། བར་དུ་བདག་དང་སློབ་གྲོགས་ཚོས་སྐྱིད་སྡུག་མཉམ་མྱོང་བྱས་ནས་འབྲལ་དཀའ་བའི་མཛའ་གཅུགས་ཆགས་པ། མཇུག་མཐར་བདག་གིས་མ་ཡུམ་སློབ་གྲྭར་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་ཅི་ཐུབ་བྱས་པ་སོགས་གོ་རིམ་ལྡན་པའི་ངང་བྲིས་ཡོད།