༄༅། །བོད་ཀྱི་བརྡ་ལ་བརྟེན་ནས་གསུང་རབ་ལ་འཇུག་པའི་སྒོ་ཤེས་བྱ་རབ་གསལ་ཞེས་བྱ་བ་བཞུགས་སོ།།
དཔའ་རིས་འཇིགས་མེད་དམ་ཆོས།(དུས་རབས་༡༨)

༄༅། །ན་མོ་གུ་རུ། ཀུན་གཟིགས་བརྩེ་ཆེན་ཐབས་མཁས་པས། །མིང་བརྡ་ཐ་སྙད་སྣ་ཚོགས་ཀྱིས། །ཆོས་དང་ཆོས་མིན་རྣམ་ཕྱེ་སྟེ། །འདོམས་མཛད་འགྲོ་བའི་བླ་མར་འདུད། །བོད་ཀྱི་བརྡ་ལ་བརྟེན་ནས་ནི། །ཤེས་བྱའི་རྣམ་དབྱེ་རྟོགས་པའི་ཐབས། །ཀཱ་ལི་སུམ་ཅུ་རྐྱང་པ་དང༌། །ག་ང་ད་ན་བ་མ་འ། །ར་ལ་ས་ཡི་རྗེས་འཇུག་ཅན། །ག་ད་བ་མ་འ་ཡི་ནི། །སྔོན་འཇུག་ཅན་དང་ར་ལ་སའི། །མགོ་ཅན་ཡ་ར་ལ་ཝ་ཡི། །འདོགས་ཅན་རྣམས་ལ་ཨི་ཨུ་ཨེ། །ཨོ་བཅས་དབྱངས་ཡིག་བཞི་པོ་རྣམས། །ཇི་ལྟར་ཐོབ་པའི་གོ་རིམ་བཞིན། །མ་འཁྲུགས་གསལ་བར་འདིར་བཤད་བྱ། །
ཀ༽ ཀ་བ་ཀ་ར་ཀ་ལིང་དང༌། །ཀ་ཅ་ཞེས་པ་དངོས་སྤྱད་དང༌། །ནོར་སྤྱིའི་མིང་ངོ་ཀུ་རེ་ནི། །ཀྱལ་ཀའོ་ཀུ་ཡ་ཀུ་ཅོ་དང༌། །ཀུ་བ་དང་ནི་མདོག་ཀ་རུ། །ད་ཀོ་ད་ནིའོ་ཀོ་ཅི་སྟེ། །འདི་ཀོ་འདི་ནིའོ་ཀོ་ལོང་དང༌། །ཀོ་ལྤགས་ཀོ་ཀྲད་དར་ཡ་ཀན། །བད་ཀན་ཁང་པའི་ལན་ཀན་དང༌། །གླང་ཆེན་ཐལ་ཀར་ཡུངས་ཀར་ཟ། །ཀེག་གིས་ལངས་དང་ཀོག་ནས་འགྲོ། །ཀོག་ཙེ་རྒྱའམ་རྙི་དང་རྙོང༌། །ཀེང་རུས་དང་ནི་མིག་ཀོང་མོ། །མར་མེ་འབུལ་བའི་ཀོང་བུ་དང༌། །ཀུན་ཏུ་བཟང་པོ་སྨན་ཤིང་ཀུན། །ཀུན་རྫོབ་ཀུན་སློང་མང་ཚིག་ཀུན། །ཀུན་ནས་ཀུན་ཏུ་ཀུན་ལ་བརྩེ། །ཀུན་དཀྲིས་ཉོན་མོངས་ཀུན་དོང་ཙོང༌། །ཀུན་རྨོངས་ཉེར་གཉིས་ཀུན་འགྲོ་ལྔ། །ཀུན་ཉོན་ཀུན་ནས་ཉོན་མོངས་པ། །ཀེ་འུ་རི་སྒོག་དོ་ཀེར་ནི། །ཐོར་ཅོག་ཡིན་ནོ་མཛུབ་མོ་ཀེར། །སྟོད་ཀོར་འོད་ཀོར་ཀླད་ཀོར་དང༌། །པད་ཀོར་རྣ་ཀོར་གདུབ་ཀོར་དང༌། ། ཀོས་ཐག་ཅེས་པ་ཉམ་ཐག་པའོ། །ཀོས་ཀོ་ལ་ནི་ཀོ་སྐོ་ཡང༌། །ཟེར་རོ་དེ་དག་ཀ་རྐྱང་སྡེའོ། །
དཀུ་ནི་ལུས་ཀྱི་སྟ་ཟུར་ཏེ། །དཀུ་ཟླུམ་པ་དང་དཀུ་མ་རྙོངས། །དཀུ་སྐབས་ཕྱིན་དང་དྲི་དཀུ་ནི༑ ༑དྲི་མི་ཞིམ་དང་དྲི་ཚ་བའོ། །དཀུ་མཉེས་པ་ཡིས་མཆི་མ་དཀུ། །དཀུ་སྟེ་ཞེས་པ་ལྷག་སྟེའོ། །དཀན་གཟར་དཀའ་ཐུབ་དཀའ་བའི་གནས། །དཀའ་འགྲེལ་དཀའ་ཚེགས་དཀའ་བ་སྤྱད། །དཀར་པོ་དཀར་ཆག་ཐོ་ཡིག་གོ །དཀོན་མོད་དཀོན་མཆོག་ཤིན་ཏུ་དཀོན། །དཀོར་ནི་ནོར་གྱི་སྤྱི་མིང་ངོ༌། །དཀོས་ཐག་ཅེས་པ་ཉམ་ཐག་གོ །དེ་དག་དས་འཕུལ་ཀ་སྡེའོ། །
བཀུ་བ་ཁུ་བ་གདོན་ཕྱིར་གདུ། །བརྒྱད་པའམ་བརྒྱད་བཀག་སྤྱོ་བའམ། །འཐབ་པའམ་སྨོད་པ་ལ་ཡང་ངོ༌། །ལམ་བཀག་གནང་བཀག་གཞུ་བཀང་བ། །སྣོད་ནི་ཆུས་བཀང་ཟས་ཀྱིས་བཀང༌། །བཀད་ས་ཟས་ཀྱི་གཡོས་ཁང་ཟེར། །ད་ཡི་མཐའ་ཅན་ཐགས་ཀྱི་བཀད། །བཀད་ས་ཞེས་པ་འདུན་ཁང་ངམ།། འདུག་སའམ་འཚོགས་ས་ཞེས་པ་འོ། །ལུས་བཀན་པ་དང་ལག་པ་བཀན། །གོས་བཀབ་བཀའ་བབས་བཀའ་སྩལ་པ། །བཀའ་གདམས་བཀའ་འགྲོས་བཀའ་དྲིན་བསྐྱངས། །བཀའ་མཆིད་བཀའ་དྲིན་བཀའ་བསྒོ་བ། །བཀའ་བློ་མི་བདེ་ཞེས་པ་ནི། །སྐྱོན་ཆགས་འབྲས་མེད་སྨྲ་བའོ། །དམིགས་ཀྱིས་བཀར་དང་ལོགས་སུ་བཀར། །བཀར་བཏགས་པ་ནི་ཁྲིམས་བསྒྲགས་པ། །ཁྲལ་བཀལ་ཁལ་བཀལ་སྐུད་པ་བཀལ། །ཤིང་བཀས་གཞུ་བཀུག་བྲོས་པ་བཀུག །ཤུན་པ་བཀོག་དང་སྤ་བཀོང་བ། །བཀོད་པ་བཟང་དང་བདེ་ལ་བཀོད། །གྱེན་དུ་འཕྱུར་བའི་བཀོད་མའི་ཆུ། །བཀོན་པ་ཁྲོ་བའོ་བསད་པའི་བཀུམ། །མང་པོས་བཀུར་དང་བཀུར་སྟི་བྱེད། །བསྙེན་བཀུར་བྱེད་དང་ལོགས་སུ་བཀོལ། །ཟུར་དུ་བཀོལ་དང་བྲན་དུ་བཀོལ། །སྣོད་སྤྱད་བཀོལ་དང་བཀོལ་བདེ་བ། །བཀུས་ཏེ་བོར་བའི་སྨན་ཞེས་པ། །གདུས་ཏེ་ཁུ་བ་བཏོན་པའི་སྨན། །དེ་དག་བས་འཕུལ་ཀ་སྡེ་འོ། །
རྐ་ནི་ཆུ་ལམ་རྫས་བརྐུ་བ། །ས་རྐོ་བགྲོད་བྱེད་རྐང་པ་དང༌། །རྐང་དམར་ཟ་ཞིང་རྐན་སྒྲ་སྒྲོགས། ། འདོད་ལ་བརྐམ་པ་འདོད་ཞེན་དང༌། །བརྐམ་ཆགས་འདོད་ཆགས་ལུས་ཀྱི་རྐེད། །རྐུན་པོ་ཆོམ་རྐུན་རྐོན་པ་འཛུགས། །རྐུབ་ནི་ལུས་ཀྱི་ཆ་ཤས་དང༌། །ནོར་བརྐུས་པ་དང་ས་བརྐོས་པ། །ར་མགོ་ཅན་གྱི་ཀ་སྡེ་འོ། །
རང་རྐྱ་ཐུབ་དང་ཆིག་རྐྱ་ཐུབ། །རྐང་བརྐྱངས་ལག་བརྐྱངས་རི་དྭགས་རྐྱང༌། །སྲབ་རྐྱང་ཆིག་རྐྱང་སྣོད་སྤྱད་རྐྱན། །གན་རྐྱལ་མི་འགྱེལ་རྐྱལ་བ་ཡིས། །ཆུ་ལ་ཉ་ལྟར་རྐྱལ་བར་བྱེད། །རྐང་རྐྱོང་ལག་རྐྱོང་རྐེད་པ་རྐྱོང༌། །རྒྱུ་ཡི་རྐྱེན་དང་མཐུན་པའི་རྐྱེན། །བསྙུན་གྱི་རྐྱེན་སྨན་རྐྱེན་རྩིའང་ཟེར། །ར་མགོ་ཡ་བཏགས་ཀ་སྡེའོ། །
ལྐུགས་པ་མི་སྨྲ་ལྐོག་མ་འགུལ། །ཕྱུགས་ཀྱི་ལྐོག་ཤལ་ལྐོག་གྱུར་ཆོས། །ལྐོག་ཏུ་འདུག་སོགས་ལ་མགོ་དང༌། །ལྡན་པའི་ཀ་ཡི་སྡེ་ཚན་ནོ། །
སྐད་ཅིག་མ་དང་སྐ་རགས་དང༌། །སྐ་བ་གར་བའམ་རོའི་ཁྱད་པར། །རྒྱུ་སྐར་སྐག་དང་ཐུགས་དམ་བསྐང༌། །མ་ཚང་ཁ་བསྐངས་རེ་བ་བསྐངས། །ལྷ་ཡི་སྐད་དང་ཀླུ་ཡི་སྐད། །འདི་སྐད་ཇི་སྐད་དེ་སྐད་སྨྲ༑ ༑ཡིན་རེ་སྐན་ནི་མནའ་དོར་བའོ། །དུས་སྐབས་གནས་སྐབས་ཚེ་སྐབས་དང༌། །སྐབས་འདིར་སྐབས་ཕྱེ་སྐམ་སར་ཐོན། །འཛིན་སྤྱད་སྐམ་པ་སྐར་མ་དང༌། །སྐར་ཁུང་སྐལ་ལྡན་ཟས་སྐལ་དང༌། །བསྐལ་པ་དང་ནི་བསྐལ་ཆེན་དུས། །བསྐལ་དོན་བར་དུ་ཆོད་པ་འམ། །རྒྱང་རིང་བ་འོ་ཐེམ་སྐས་དང༌། །སྐུ་གཟུགས་ལ་ནི་བྱུག་པ་བསྐུ། །སྐེ་ནི་ལུས་ཀྱི་མགྲིན་པ་འོ། །དཔོན་དུ་བསྐོ་དང་ལས་ལ་བསྐོ། །སྐུགས་སུ་བཙུགས་པ་རྒྱལ་བཙུགས་པ། །སྐོག་པ་ཤུན་པའོ་སྦས་པའི་བསྐུངས། །གབ་པའི་བསྐུངས་དང་ཐུགས་དམ་སྐོང༌། ། རེ་བ་སྐོང་དང་ཁ་སྐོང་བ། །སྐུད་པ་དམག་སྐུད་སྣུམ་སྐུད་པ། །སྐེད་པ་སྐེད་ཆིངས་སྐེད་ལ་གཟེར། །སྐུན་བུ་ཞེས་པ་གཞོང་བུའམ། །སྐུན་བུ་ཀོང་བུའི་མེ་ཏོག་གི །སྐོན་བུ་ཐོགས་ཏེ་གོས་བསྐོན་པ། །བྱ་སྐོན་ཞེས་པ་བྱ་རྒྱའི་མིང༌། །སྐོབས་སུ་ཆུད་པ་ཞེས་པ་ནི། །བྱ་དཀའ་བ་འོ་ཡན་ལག་བསྐུམས། །རིད་པའི་སྐེམ་དང་སྐེམ་བྱེད་དང༌། །སྐོམ་པས་གདུངས་དང་སྐུར་འདེབས་དང༌། །འཕྲིན་བསྐུར་དབང་བསྐུར་སྐོར་བ་བྱེད།། མཐའ་བསྐོར་སྐུལ་བྱེད་བསྐུལ་མ་འདེབས། །ཐུགས་དམ་བསྐུལ་བས་ཆོས་འཁོར་བསྐོར། །ཆུ་བསྐོལ་སྣུམ་བསྐུས་བྱུག་པ་བསྐུས། །དཔོན་དུ་བསྐོས་དང་དགེ་བསྐོས་སོགས། །ས་མགོ་ཅན་གྱི་ཀ་སྡེའོ། །
སྐྱ་རེངས་སྐྱ་བ་རུ་སྐྱ་དང༌། །སྐྱ་རྦབ་སྐྱ་རྒྱལ་བྱ་སྐྱ་ཀ །སྐྱི་བུང་སྐྱི་བུན་སྐྱི་གཡའ་བ། །སྐྱི་དཀར་ནོར་བསྐྱི་སྐྱུ་རུ་ར། །སྐྱུ་རུམ་ཚོད་མའོ་སྐྱུ་གང་དང༌། །འཐེབ་ཀྱུ་སྐྱེ་བ་སྐྱེ་མཆེད་དང༌། །སྐྱེ་ཚེ་འབྲུ་ཡིན་ཡིད་སྐྱོ་བ། །ཡིད་སུན་པ་ཞེས་བྱ་བར་བཤད། །སྐྱོ་ཤས་སྐྱོ་ངལ་སྐྱོ་ངས་དང༌། །སྐྱོ་སྔོགས་འཁྲུག་ལོང་སྐྱོ་སངས་དང༌། །སྐྱོ་མ་ཕྲ་མའམ་ཕྱེ་བ་དང༌། །བཏུང་བའི་སྐྱོ་མ་སྐྱང་ནུལ་ནི། །ཞལ་བའོ་བུ་བསྐྱངས་དྲིན་གྱིས་བསྐྱངས། །བསྐྱང་དུ་མེད་པ་དཔག་ཏུ་མེད། །སྐྱབས་གནས་སྐྱབས་འགྲོ་ཆོས་ལ་བསྐྱབས། །ལྷུང་བཟེད་མི་བསྐྱམས་ཡང་ཡང་བསྐྱར། །ཆུ་སྐྱར་བྱ་ཡིན་གནས་སུ་བསྐྱལ། །འཕོ་སྐྱས་བྱེད་དང་སྐྱས་འདེགས་པ། །འཕོས་པའི་བསྐྱས་དང་སྐྱིགས་བུ་དང༌། །སྐྱུགས་བྲོ་བ་དང་ཆུ་སྐྱེགས་དང༌། །རྩིས་ཀྱི་སྐྱེག་དང་རྒྱ་སྐྱེགས་དང༌། །རི་སྐྱེགས་བྱ་ཡིན་ལྕགས་ཀྱི་སྐྱོགས། །སྲབ་སྐྱོགས་དང་ནི་བྱ་སྐྱུང་ཀ །ཁེངས་པ་བསྐྱུངས་དང་བྱ་བ་བསྐྱུངས། །བཅོམ་བསྐྱུངས་ཁ་རོག་འདུག་པའམ། །འཇིགས་ནས་དམའ་བར་སྨྲ་བ་འོ། །ཁ་སྐྱེངས་ཕྱུགས་སྐྱོངས་འཚོ་སྐྱོང་ངོ༌། །འཁོར་སྐྱོང་ཆོས་སྐྱོང་བདེ་སྐྱིད་པ། །བསྐྱུད་པ་བརྗེད་པའོ་སྐྱེད་མོས་ཚལ། །བཅོས་མའི་ཚལ་ཏེ་སྐྱེད་ཤིང་ངོ༌། །བསྐྱེད་བྱ་སྐྱེད་ཆེ་སེམས་བསྐྱེད་པ། །སྐྱེད་བྱེད་རྒྱ་བསྐྱེད་མི་བསྐྱོད་པ། །སྐྱིན་པ་ཞལ་སྐྱིན་ཞལ་ཚབ་བོ། །སྐྱིན་གོར་གངས་སྦལ་ལམ་རྩངས་པ།། མགྱོགས་པའི་སྐྱེན་དང་འཕོང་སྐྱེན་པ། །ཉེས་པའི་སྐྱོན་མེད་རྟ་ལ་བསྐྱོན། །བྲག་སྐྱིབས་བྱ་སྐྱིབས་སྐྱོབ་པ་བཞུགས། །སྐྱོབས་ཤིག་ཞལ་སྐྱེམས་གསེར་སྐྱེམས་དང༌། །ཆུ་སོགས་སྐྱོམས་ཤིག་སྣོད་མི་བསྐྱོམ། །རོ་བསྐྱུར་བ་དང་བྱ་བ་བསྐྱུར། །གཡང་དུ་བསྐྱུར་དང་སྐྱེར་བ་ཤིང༌། །འདབ་པའི་སྐྱོར་དང་ཆུ་སྐྱོར་བ། །འཁྱིལ་བའི་བསྐྱིལ་དང་སྐྱེལ་མ་དང༌། །སྐྱོལ་ཅིག་བསྐྱིས་པའི་ནོར་འདི་དག །རྒྱུ་ལས་སྐྱེས་དང་སྐྱེས་པ་ཕོ། །སྐྱེས་འདི་ཕུལ་ལ་སྐྱོས་མ་ལོངས། །སྙན་སྐྱོས་ས་མགོ་ཡ་བཏགས་ཀའོ། །
སྐྲ་ནི་མགོ་ལ་སྐྱེས་པ་སྟེ། །སྐྲ་ཤད་ཀྱིས་ནི་སྐྲ་བཤད་བྱ། །སྐྲི་ཞིག་ཅེས་པ་ནི་ཐོང་ཞིག །བསྐྲུ་བ་གཞན་ལ་ཐབས་ཀྱིས་འབྲད། །ཟས་ལ་བསྐྲུ་དང་འཇིགས་སྐྲག་དང༌། །སྐྲངས་པའི་ནད་དང་གཞན་དུ་བསྐྲད། །སྐྲན་ནི་ནད་ཡིན་སྐྲོད་པར་བྱེད། །བསྐྱེད་པའི་བསྐྲུན་དང་ཟས་ལ་བསྐྲུས། །ས་མགོ་ར་བཏགས་ཀ་སྡེ་འོ། །
གཡའ་ཀྱི་མ་དང་ཞབས་ཀྱུ་དང༌། །ཀྱི་ཧུད་ཀྱོ་བ་ལྕགས་ཀྱུ་འོ། །ཀྱེ་མ་ཀྱེ་ཧོ་འོན་ཀྱང་དང༌། །ཀྱལ་ཀ་བྱེད་ཅིང་ཀྱལ་བ་སྨྲ། །ཀྱག་ཀྱོག་ཤིང་སོགས་ཡ་བཏགས་ཀའོ། །
དཀྱུ་སར་རྟ་དཀྱུས་དཀྱོགས་བཤད་དང༌། །དབུས་ཀྱི་དཀྱིལ་དང་དཀྱིལ་འཁོར་དང༌། །དཀྱེལ་ཆེ་བ་ནི་ཁོངས་ཡངས་པ། །དཀྱུས་རིང་དཀྱུས་མ་དས་འཕུལ་བའི། །ཡ་བཏགས་ཀ་ཡི་སྡེ་པ་འོ། །
འོད་ཟེར་བཀྱེ་དང་ཕོ་ཉ་བཀྱེ། །སྟོན་མོ་བཀྱེ་དང་གཡུལ་བཀྱེ་བ། །ཚོན་བཀྱེ་བ་དང་སྤྲུལ་པ་བཀྱེ། །བཅིངས་པའི་བཀྱིགས་དང་ཕྱིར་བཀྱེད་པ། །བཀའ་བཀྱོན་བས་འཕུལ་ཡ་བཏགས་ཀའོ། །
རུས་ཀྲང་ལྷམ་ཀྲད་ཀྲིག་ཀྲིག་ཞབས། །ཀྲོག་ཀྲོག་སྐྱིལ་མོ་ཀྲུང་བཅས་པ། །འཐབ་ཀྲོལ་ཕུང་ཀྲོལ་གནོད་རྒྱུའོ། །ར་བཏགས་ཀ་ཡི་སྡེ་ཚན་རྫོགས། །
ལམ་དུ་དཀྲི་དང་ཆས་ཀྱིས་དཀྲི། །སྐུད་པས་དཀྲི་བ་གཏམས་དཀྲིགས་གྲངས། །སྤྲིན་དཀྲིགས་ཆུ་དཀྲུགས་གཡུལ་བཤམས་དཀྲུགས། །གོང་འོག་དཀྲུགས་པ་གོ་རིམ་དཀྲུགས། །ཞོ་དཀྲོགས་པ་ཡིས་རྟ་དཀྲོགས་སོ། །ལྷ་ནི་དཀྲོང་བསྐྱེད་རོལ་མོ་དཀྲོལ། །སྐུད་པས་དཀྲིས་དང་དཀྲིས་མའི་རས། །དས་འཕུལ་ར་བཏགས་ཀ་སྡེའོ། །
བཀྲ་ཤིས་བཀྲ་བ་བཀྲ་བཟང་བ། །བཀྲི་བ་ཁྲིད་པའམ་ཁ་དྲངས་པ། །ལ་ལར་འགུགས་པ་ལ་ཡང་བཤད། །སྣོད་བཀྲུ་བཀྲག་རྩི་བཀྲག་མདངས་བཟང༌། །རྒྱལ་པོས་བཀྲབས་པ་རྒྱལ་པོ་ཡིས། །མང་པོའི་ནང་ནས་འདམས་པ་འོ། །གཅལ་དུ་བཀྲམ་དང་ཚོང་ཟོང་བཀྲམ། །ཚིག་བཀྲལ་དོན་བཀྲལ་དགོངས་པ་བཀྲལ། །བཀྲེས་རྔབས་ནད་ཡིན་བསད་པའི་བཀྲོང༌། །དབུལ་བའི་བཀྲེན་དང་བཅིངས་པ་བཀྲོལ། །ཚིག་བཀྲོལ་དོན་བཀྲོལ་དགོངས་པ་བཀྲོལ། །མདུད་པ་བཀྲོལ་བ་ལག་པ་བཀྲུས། །སྣོད་བཀྲུས་པ་དང་དྲི་མ་བཀྲུས། །ལྟོགས་པའི་བཀྲེས་དང་བཀྲོས་པ་ནི། །འདམས་པའི་དོན་ནོ་བས་འཕུལ་བའི། །ར་བཏགས་ཀ་ཡི་སྡེ་པའོ། །
ཀླ་ཀློ་ཀླུ་གཉན་མདོ་སྡེ་བཀླགས། །ཀླག་ཅོར་ཅ་ཅོའོ་ཀླད་རྒྱ་དང༌། །ཀླད་ནི་གོང་ངམ་སྟེང་ལ་ཟེར། །ཀླད་པ་ཀླད་དོན་ཀླན་ཀ་དང༌། །ཀླབ་པ་ཞེས་པ་ནི་ལྭ་བ། །འབྱམས་ཀླས་མཐའ་ཀླས་ཀློག་པ་བ།། ཆུ་ཀླུང་རྦ་ཀླུང་གངྒཱའི་ཀླུང༌། །ནགས་ཀླུང་ཀློང་ཡངས་མཁའ་ཀློང་དང༌། །ཀློང་དུ་གྱུར་ནི་དབང་དུ་གྱུར། །ཀླུབས་པ་ཕུབས་པའམ་གྱོན་པ་སྟེ། །གོས་ཀྱིས་ཀླུབས་སོགས་ལ་བཏགས་ཀའོ། །
ཀྭ་ཡེ་ཞེས་པ་འབོད་པ་སྟེ། །ཝ་བཏགས་ཀ་ནི་དེར་ངེས་སོ། །
ཁ༽ སྨྲ་སྒོ་ཁ་དང་ཁ་བ་ཅན། །ཁ་དོག་དཀར་དང་རོ་ཁ་བ། །ཁ་བད་ཁ་ཆེམས་ཁ་མཆུ་དང༌། །ཁ་གསག་ཁ་ཉུང་ཁ་དྲག་པ། །ཁ་ཕོ་གཞན་གྱི་ཁ་ཟེར་དང༌། །ཁ་དུམ་ཁ་འཆམ་པའོ་ཁ་མཐུན་པ། །ས་བོན་བཏབ་པ་ཁ་འབུས་པར། །ཁྱེ་འུ་ཁ་ཐོན་ཞེས་ཀྱང་བྱ། །ཉི་མ་འཆར་ཁ་འགྲོ་ཁ་མ། །སྐྱེ་ཁ་མ་ནི་སྐྱེ་ལ་ཁད། །ཁ་ན་མ་ཐོ་བྱད་ཁད་དང༌། །ཕུར་ཁ་མཚོན་ཁ་ཆུ་ཁ་དང༌། །ཁ་རྗེ་ཁ་ཚར་ཁ་འཕངས་པ། །ཁ་ཅིག་མི་སྨྲ་ཁ་རོག་འདུག །ཁ་ཚོན་གཅད་དཀའ་ཁ་འཛིན་བྱེད། །ཁ་ལོ་པ་ཡིས་ཁ་ལོ་བསྒྱུར། །ཚོས་ཀྱིས་ཁ་བསྒྱུར་ཁ་སྦུབས་པ། །ཁུ་དབོན་ཁུ་ཚན་ཁུ་ཚུར་དང༌། །ཁུ་བྱུག་ཁུ་འཕང་ཁུ་བ་བཏུང༌། །ཁུ་འཕྲིག་ཁེའུ་སུས་ཁེ་ཚོལ་གྱིས། །ཁེ་ཉེན་འདམ་དང་ཁོ་བོ་ཅག །ཁོ་རང་ཁོ་ན་ཁོ་ཐག་ཆོད། །ཁོ་ལག་ཅེས་པ་ཞེང་ངམ་སྦོམ། །ཁག་བཞག་པ་དང་ཁག་ཁུར་བ། །ཁག་ཐེག་པ་དང་ཁང་པ་དང༌། །ཁད་ནི་དལ་བུའོ་འགྲོ་ལ་ཁད། །ཁབ་ལེན་རྡོ་ཡིས་ལྕགས་ཁབ་ལེན། །རྒྱལ་པོའི་ཁབ་ནི་རྒྱལ་པོའི་ཁྱིམ། །ཁབ་རལ་ཁམས་གསུམ་ཁམས་བཅོ་བརྒྱད། །ཁམས་བདེ་ཁམས་སྙོམས་ཁམས་འཚོ་བ། །ཁམས་ནི་རིགས་དང་རྒྱུ་དང་དབྱིངས། །ཁམ་ས་ཁམ་ཕོར་ཁམ་གྱིས་བཅད། །རྦད་ཁམ་སྙིང་ཁམ་མདོག་ཁམ་པ། །ཁལ་བཀལ་ཁས་འཆེས་ཁས་ལེན་པའོ། །ཁས་ཞན་ཁས་བླངས་ཁུག་རྟ་དང༌། །བར་གྱི་ཁུག་པ་བཀུག་སྟེ་ཁུག །དགག་བྱ་ཁེགས་དང་ལུས་ཀྱི་ཁོག །ཁོག་འབུབ་ཁུངས་མེད་ཁུངས་བཙུན་པ། །ཁུང་བུ་འབྱུང་ཁུངས་ཁེངས་པ་བསྐྱུངས། །ཆུས་ཁེངས་ཁོང་ཆུད་ཁོང་ཁྲོ་དང༌། །ཁོངས་སུ་གཏོགས་དང་ཁོངས་ཡངས་པ༑ ༑བཅུད་ཀྱིས་ཁོངས་ཤིག་ཁོང་ན་གནས། །ཁུད་པ་སྐྱེས་སམ་ཁུད་པ་རྫོངས། །ས་གཞི་ཁོད་སྙོམས་འཁོན་འཛིན་མེད། །ཁེབས་པའི་གོས་ཁོབས་ཁོམ་པ་ནི། །དལ་བའོ་མི་ཁོམ་མི་དལ་བ། །འཁུར་བ་པོ་ཡིས་ཁུར་བོ་ཁུར། །ཁོར་ཟུག་ཅེས་པ་ནི་ཁོར་ཡུག །ཁོ་ར་ཁོར་ཡུག་ཁོལ་བོ་དང༌། །ཁོལ་མོ་ཆུ་ཚན་ཁོལ་ཕྱིར་རྒྱུ། །ཁོལ་མའམ་བ་ལང་མིག་ཅེས་པ། །སྐར་ཁུང་དཀར་གསལ་མུན་དཀར་ཟེར། །ཁོལ་བུ་ཁོལ་ཕྱུང་ཤིང་ཁོས་ཤིག །ཅེས་པ་ཁ་ཡིག་རྐྱང་པའི་སྡེའོ། །
མཁོ་བའི་ཡོ་བྱད་ཉེ་བར་མཁོ། །སྔ་མཁོ་བཞིན་ནི་སྔར་བཞིན་ནོ། །མཁན་པོ་ཀློག་མཁན་རོལ་མོ་མཁན། །མཁའ་འགྲོ་ནམ་མཁའ་མཁར་རྫོང་དང༌། །མཁལ་མ་ཞོ་ཤ་མཁལ་མ་དང༌། །མཁས་པ་མཁུར་ཚོས་མཁོས་སུ་ཕབས། །ཞེས་སོགས་མས་འཕུལ་ཁ་སྡེ་འོ། །
འཁུ་བ་སྡང་བའོ་གཞན་ལ་འཁང༌། །འཁམས་པ་བརྒྱལ་བའོ་འཁར་བ་བརྟེན། །འཁར་གསིལ་འཁར་རྔ་སྐུད་པ་འཁལ། །རྒས་ཤིང་འཁོགས་པ་འདིར་འཁོད་ཅིག །ན་འཁུན་ཤ་འཁོན་ཡུལ་མཐའ་འཁོབ། །འཁོབ་པ་ངན་པའི་དོན་དུའང་བཤད། །བྱ་བ་འཁོབ་པ་ཁྱབ་པའི་དོན། །བློ་ཁུམ་པ་དང་ཡན་ལག་ཁུམ། །འཁུམས་པ་ཐོས་པའམ་གོ་བ་དང༌། །ཤེས་པ་ཞེས་པའི་ཞེ་ས་འོ། །བག་མི་ཁུམ་དང་འཁུར་བ་བཟའ། །ཁུར་བོ་འཁུར་དང་འཁོར་བ་དང༌། །འཁོར་བ་པ་དག་འཁོར་ལོ་བཞིན། །འཁོར་བར་འཁོར་བ་ཟོ་ཆུན་བཞིན། །ཀླད་ལ་མ་འཁོར་འཁོར་གཡོག་དག །ཡིད་འཁུལ་སྐུད་འཁེལ་བྲན་དུ་འཁོལ། །འཁོས་ཀ་ཆུང་སོགས་འས་འཕུལ་ཁའོ། །
ཁྱི་ཡི་ཁྱི་གུ་དུད་འགྲོའི་ཁྱུ། །ཁྱུ་མཆོག་ལ་ཞོན་ཁྱེ་འུ་དང༌། །ཁྱེ་འུ་སུས་དང་ཁྱེ་འུ་བསུས། །ཤོ་ཁྱེ་ཁྱོ་བོ་ཁྱོ་ག་འོ། །ཁྱོ་ཤུག་གཉིས་ནི་བཟའ་ཚོ་གཉིས། །ཁྱད་གསོད་བརྙས་ཐབས་བྱེད་པ་སྟེ། །ཁྱད་པར་ཅན་དང་ཁྱད་ཆོས་དང༌། །ཁྱད་མེད་ཁྱད་འཕགས་ཁྱད་ཞུགས་པ། །ཁྱབ་བྱ་ཁྱབ་བྱེད་ཁྱབ་འཇུག་ཁྱབ།། ཁང་པའི་ཁྱམས་དང་མནན་པ་ཁྱོག །ཁྱོགས་ཀྱིས་འགྲོ་དང་བྱ་ཁྱུང་དང༌། །སྔོ་དམར་ཚོན་གྱི་དྲུ་གུ་ཁྱོངས། །ཟོ་ཆུན་ཁྱུད་མོ་ཁྱུད་འཁོར་ལོ། །ཁྱེད་ཅག་ཕྱིར་ཁྱེད་ཟས་ཁྱེད་དམ། །ཁྱོད་དང་ཁྱོན་ཡངས་རྒྱ་ཁྱོན་ཆེ། །ཁྱིམ་པ་ཁྱིམ་ཐབས་ཁྱིམ་དུ་བསྡད། །ཁྱེམ་བུའམ་ཁེམ་བུ་ཁ་གཟར་རོ། །ཁྱུར་མིད་མ་བལྡད་མིད་པའོ། །གཞན་དུ་ཁྱེར་དང་ཁྱོར་བ་གང༌། །ཡ་བཏགས་ཁ་ཡི་སྡེ་པ་འོ། །
མཁྱིད་གང་སོར་ཚད་ལྔ་ལ་ཟེར། །མཁྱུད་སྤྱད་མན་ངག་ཕྲན་བུ་འགའ། །སྦས་ཏེ་འཆད་པའོ་དཔེ་མཁྱུད་ནི། །ཆོས་སྟོན་འོས་པ་ལ་སྦ་བ། །མཁྱེན་པ་མཁྱེན་རབ་ཀུན་མཁྱེན་སོགས། །མས་འཕུལ་ཡ་བཏགས་ཁ་སྡེ་འོ། །
འཁྱགས་ནས་འཁྱམས་ཏེ་ས་མཐར་འཁྱར། །གོམ་སྟབས་འཁྱལ་དང་ངག་འཁྱལ་ནི། །འབྲེལ་མེད་སྨྲ་བའོ་བཅིངས་པའི་འཁྱིགས། །གློག་འཁྱུག་ཆུ་ནས་ཉ་འཁྱུག་པ། །འཁྱོག་པོའི་ཤིང་དང་གནས་སུ་འཁྱོངས། །བློ་ཡིས་འཁྱུད་དང་མགུལ་བར་འཁྱུད། །ཉི་མ་འཁྱིམས་དང་གདུགས་འཁྱིར་བ། །བསྐྱུར་བའི་འཁྱུར་དང་གཞན་དུ་འཁྱེར། །གོམ་ཚུགས་འཁྱོར་དང་ཆུ་འཁྱོར་བ། །ཆུ་འཁྱིལ་བྱ་བ་མཐར་འཁྱོལ་བ། །བྲོས་པའི་འཁྱུས་པ་འས་འཕུལ་ཞིང༌། །ཡ་བཏགས་ཁ་ཡི་སྡེ་ཚན་ནོ། །
ཁྲ་ཁྲོ་ཅན་ནི་སྤྲོ་ཐུང་པ། །བྱ་ཁྲ་ཁྲ་བོ་ཁྲི་ཕྲག་གྲངས། །ཁྲི་འཕངས་མཐོ་དང་སེངྒེའི་ཁྲི། །ཁྲི་མུན་ཁྲི་གདུགས་ལག་པའི་ཁྲུ། །ཁྲུ་ཏ་ཤིང་དང་འབྲུ་ཡི་ཁྲེ། །ཁྲོ་གཉེར་ཁྲོ་ཆུ་ཁོང་ཁྲོ་དང༌། །ཁྲོ་བོ་ཁྲོ་ལྕགས་ཤ་ཁྲག་དང༌། །གོ་ཁྲབ་ཁྲམ་པ་གཡོ་ཁྲམ་དང༌། །ཁྲམ་ཁ་ཁྲམ་བམ་ཁྲམ་ཤིང་ཐོགས། །ཁྲལ་བཀྲལ་བ་དང་ཁྲལ་གཞལ་བ། །ཁྲལ་འཇལ་དཔྱ་ཁྲལ་ཁྲག་ཁྲིག་གྲངས། །འདབ་ཆགས་ཁྲུང་ཁྲུང་རྗེས་སུ་ཁྲིད། །ལོང་ཁྲིད་མཛུབ་ཁྲིད་དམར་ཁྲིད་དང༌། །ཁྲུད་ཤིང་ཁྲུད་མ་ཁྲུད་ཁུ་དང༌། །རི་ཁྲོད་དུར་ཁྲོད་ནགས་ཁྲོད་དང༌།། ཁྲུན་རིང་ཁྲོན་པ་དང་ཚུལ་ཁྲིམས། །ཆུ་ཁྲེམ་ཁྲོམ་ནས་ཁྲེལ་ཡོད་བྱོས། །ཁྲོལ་ཚགས་དགོངས་ཁྲོལ་བཅིངས་པ་ཁྲོལ། །ཁྲིས་འཇག་ཁྲུས་བྱས་ཁྲོས་པ་མེད། །ཞེས་སོགས་ར་བཏགས་ཁ་ཡི་སྡེའོ། །
མཁྲང་འཁྱུར་མཁྲིག་མ་ས་མཁྲེགས་པ། །མཁྲིས་པ་མས་འཕུལ་ར་བཏགས་ཁའོ། །
བརྟེན་པའི་འཁྲ་ས་ཚིག་ལ་འཁྲི། །འཁྲི་ཤིང་དང་ནི་ཁྲལ་སོགས་འཁྲི། །བཀྲུ་བའི་འཁྲུ་དང་འཁྲུ་སྦྱོང་དང༌། །བྲོ་འཁྲབ་གར་འཁྲབ་འཁྲིག་ཚིག་སྨྲ། །འཁྲིག་པ་བསྟེན་དང་རྫོང་ལ་འཁྲས། །སྤྲིན་འཁྲིགས་གཡུལ་འཁྲུགས་ཁོང་བ་འཁྲོག །འཁྲུངས་པ་ཞེས་པ་བལྟམས་པ་དང༌། །མྱུ་གུ་འཁྲུངས་དང་གནས་སུ་འཁྲིད། །གོས་ཀྱི་དྲི་མ་འཁྲུད་ཕྱིར་འཁྲུ། །ཁྲུན་ནི་འཕང་ངམ་སྲིད་ཀྱི་དོན། །ཁྲུན་རིང་མཆུར་རིང་ངམ་དཀྱུས་རིང༌། །ཁྱིམ་ལ་འཁྲེན་དང་མིག་མི་འཁྲེབ། །བྲེད་པའི་འཁྲིམས་དང་འཁྲིལ་བག་ཆགས། །ལུས་ལ་འཁྲིལ་བ་འཁྱུད་པའི་འཁྲིལ། །སྲིད་པའི་འཁྲུལ་འཁོར་ནོར་བའི་འཁྲུལ། །རྣམ་རྟོག་འཁྲུལ་དང་རོལ་མོ་འཁྲོལ། །འཁྲིས་སུ་སྡོད་པ་འས་འཕུལ་བའི། །ར་བཏགས་ཁ་ཡི་སྡེ་པ་འོ། །
འདབ་ཆགས་ཁྭ་ཏ་ཝ་བཏགས་ཁའོ། །
ག༽ ག་ན་གནས་དང་ག་ཤལ་ཅན། །ག་ཞ་བཞད་གད་ཀྱི་སྒྲ་འོ། །ག་ལ་བ་དེར་ག་ལ་ཡོང༌། །ག་ཤེད་སོང་དང་ག་གེ་མོ། །ག་ག་ཚིལ་བྱེད་ག་ཆད་དུ། །ག་འུ་གུ་ཡངས་གུ་དོག་པ། །གྱུར་ཅིག་གུ་ཡི་གུ་སྨོན་ཚིག །གོ་རེ་ལོང་ནི་གང་བྱེད་པ། །གོ་འམ་གོ་གྱོན་གོ་ཆ་གྱོན། །གོ་འདུན་སྣ་ཚོགས་སམ་གང་མོས། །གོ་ལོག་གོ་ཡུ་བྱ་གོ་བོ། །གོ་རིམ་གོ་ར་བཙོན་རའོ། །ཟེར་ཀྱང་དུད་འགྲོ་གོ་ར་རུ། །འཇུག་ཀྱང་བཙོན་རར་མི་འཇུག་ཕྱིར། །གོ་ར་ལིང་བས་གོ་བཏང་ནས། །བསད་བྱ་བསྐོར་བ་ཡིན་ནམ་སྙམ། །གང་ཞིག་གང་ཡིན་གང་ན་ཡོད། །གང་བུ་ཆུས་གང་བྲེ་གང་དང༌། །གངས་རི་གང་དག་གང་སུ་དག །གང་དུ་འགྲོ་དང་གང་ལ་སོང༌། །གད་མོ་ཆེ་དང་གད་རྒྱངས་སྒྲོགས། །གཡང་སའི་གད་པ་གད་བདར་བྱེད། །གན་རྐྱལ་ལ་གནས་གན་ན་གནས། །རྒྱལ་པོའི་གན་མཛོད་སྦས་པའི་གབ། །ཉེ་འཁོར་གམ་དང་བ་གམ་དང༌། །གམ་ཡོ་ཞེས་པ་ཉེ་འཁོར་རོ། །གསེར་གྱི་གར་བུ་གླུ་གར་མཁན། །རྒྱ་གར་བྲོ་པས་བྲོ་གར་རྩེ། །གལ་གྱིས་ཞེས་པ་ནན་གྱིས་སམ། །རྒྱལ་གྱིས་ཞེས་པའོ་གལ་ལ་ཐུག །གལ་སྲིད་གལ་ཏེ་གལ་ཆེ་བ། །ཤིང་ནི་གས་ཤིང་རྩེ་མོ་གུག །གེགས་མེད་ནམ་གུང་ཉི་མའི་གུང༌། །འཁོར་གྱི་གུང་སོགས་དབུས་སམ་དཀྱིལ། །བསྟན་བཅོས་གུང་བསྒྲིགས་གུང་མོ་གཉིས། །གསེར་གྱི་གོང་བུ་གོང་དུ་བཞག །གུད་ན་མེད་ནི་ལོགས་ན་མེད། །སྟག་གི་གོད་མ་ཟས་མ་གོད། །གུམ་པ་ཤི་བའོ་གོམ་པ་འདེགས། །བློ་གོམས་གུར་ཁང་གུར་བུ་ནི། །གྲུ་བཞི་པ་འོ་གོར་མོར་འཁོད། །གོར་བུ་ཞེས་པའང་གྲུ་བཞིའོ། །གོར་མ་ཆག་ནི་ཐེ་ཚོམ་མེད། །མངལ་གྱི་གནས་སྐབས་གོར་གོར་པོ། །གོར་མ་རྡོ་ཡིན་ཤིང་གེལ་བ། །གེལ་བ་ཡལ་ག་ལ་ཡང་ཟེར། །མི་ཐུང་གེལ་པ་ལམ་གོལ་འགྲོ། ། གོལ་ས་ཤེས་ཤིང་གུས་པ་སྐྱེ། །གོས་བཟང་དྲི་མས་མ་གོས་པ། །ཞེས་སོགས་ག་ཡིག་རྐྱང་པའི་སྡེའོ། །
གནམ་གྱི་དགུ་ཚིགས་གྲངས་ཀྱི་དགུ། །དབྱིབས་དགུ་སྐྱེ་དགུ་འདོད་དགུ་དང༌། །ཡོད་དགུ་ཆེ་དགུ་སྣ་དགུ་དང༌། །ཡིད་ཀྱི་དགུ་ལའང་མི་དགེ་མེད། །དགེ་བ་དགེ་འདུན་དགེ་བར་འགྱུར། །དགེ་བསྙེན་དང་ནི་དགེ་བསྙེན་མ། །དགེ་ཚུལ་དང་ནི་དགེ་ཚུལ་མ། །དགེ་སློབ་མ་དང་དགེ་སློང་མ། །དགེ་སློང་དགེ་སྦྱོང་དགེ་བའི་བཤེས། །ཕ་བ་དགོ་དགོ་དགོ་བས་དགས། །དགག་བྱ་སྣོད་དགང་དགབ་པར་བྱ། །དགའ་འདུན་སྐྱེ་བོ་ཕོ་མོ་རྣམས། །དགའ་སྤྲོའི་ཕྱིར་དུ་ཚོགས་པའོ། །དགའ་ལྡན་དགའ་བདེ་ཡིད་དགའ་བ། །ཁལ་དགལ་བ་དང་ལོགས་སུ་དགར། །ཚལ་བར་དགས་དང་མདུན་དུ་དགུག །དགུང་ནི་གནམ་དང་མཚན་མོའི་མིང༌། །དགུང་ཟླ་དགུང་ལོ་དགུང་མོ་དང༌། །དགུང་སྔོན་དགོངས་འགྲེལ་གང་ལ་དགོངས། །དགོང་བ་ཞེས་པ་སྨད་པའི་དོན། །བདེ་ལ་འགོད་ཕྱིར་ཆོས་ལ་དགོད། །ལམ་ལ་དགོད་དང་ཆོས་ལ་དགོད། །རྒྱན་དགོད་དགུན་དུས་དགོན་དུང་ནི། །ཆུ་མེད་པ་འམ་ཚྭ་སྒོ་ཅན། །བ་ཚྭ་ཅན་ནོ་དགོན་པ་ནི། །དབེན་པའི་གནས་སོ་དགུམ་པ་ནི། །གསོད་པའོ་དགེས་པ་དགྱེས་པ་འོ། །དགོས་པ་ཆེ་སོགས་དས་འཕུལ་གའོ། །
བགོ་བཤའ་རྫས་བགོ་གོ་ཆ་བགོ །གོས་བགོ་བ་དང་གད་མོ་བགད། །སད་པའི་བགམ་ནི་ཚོད་བགམ་སྟེ། །ཚོད་བརྟགས་པའོ་གེགས་བྱེད་བགེགས། །བགོད་རྫས་བགོས་དང་གོ་ཆ་བགོས། །བས་འཕུལ་བ་ཡི་ག་སྡེ༌འོ། །
དགའ་ཞིང་མགུ་ནས་མགོ་བོ་བཏུད། །མགར་བ་ཡ་མགལ་མ་མགལ་དང༌། །མགོན་པོའི་མགུར་གྱི་བུམ་པ་ལ། །མགུར་ཆུས་བརྒྱན་ཅིང་མགུར་དབྱངས་སྒྲོགས། །གངས་རིའི་མགུལ་དུ་མགུལ་བ་བསལ། །མས་འཕུལ་ག་ཡི་སྡེ་པ་འོ། །
ཐོག་མའི་མགོ་དང་འགོ་བའི་ལྷ། །འགོ་ན་ཞེས་པ་ནི་ཐོག་མ། །འགོ་བའི་ནད་དང་སྐྱེ་འགག་དང༌། །འགངས་ཆེ་འགན་ཁུར་ལུས་ཀྱི་འགབ། །ཕྱེ་མ་འགམ་པ་འགའ་ཞིག་དང༌། །འགར་ཡང་འགལ་ཚབས་མི་མཐུན་འགལ། །འགལ་དུམ་འགལ་མེ་ཚལ་བར་འགས། །མདུན་དུ་འགུགས་དང་ལམ་འགོག་པ། །འགོག་པ་འགོག་སྙོམས་འགོག་བདེན་དང༌། །འགེངས་བྱེད་སྤྲིན་གྱིས་ནམ་མཁའ་འགེངས། །སེམས་མི་འགོང་བ་མི་ཞུམ་པའམ། །མི་སྐྲག་པ་འོ་འགེད་པ་ནི། །བགོ་བའམ་འགྱེད་པར་བྱེད་པ་འོ། །བདེ་ལ་དགོད་དང་ལམ་ལ་དགོད། །འདུ་འགོད་ཅེས་པ་འགྲོ་འོང་ངོ༌། །གོས་འགེབས་པ་དང་འཆི་བའི་འགུམ། །འགེམས་པ་འཇོམས་པའོ་མགོ་ལ་འགོམ། །ལམ་འགོར་གཡོ་འགུལ་ཁལ་འགེལ་བ། །ཡུལ་དུས་འགོལ་བར་ནད་འགོས་མེད། །འ་ཡིས་འཕུལ་བའི་ག་སྡེ་འོ། །
སྐྱེས་བུ་རྒ་བ་ན་ཚོད་རྒན། །རྒན་རབས་དང་ནི་ལེ་བརྒན་རྩི། །བརྒལ་བརྟག་བརྒལ་ལན་ཆུ་ལ་རྒལ། །ན་ཚོད་རྒས་དང་ལུས་རྒུད་པ། །དུད་འགྲོ་རྒོད་མ་དམུ་རྒོད་དང༌། །གྲུང་བའི་རྒོད་དང་བྱ་རྒོད་དང༌། །རྒོད་བག་ཅན་དང་སེམས་གཡེང་རྒོད། །ཕོ་རྒོད་པོ་དང་བློ་རྒོད་པོ། །རྒུན་འབྲུམ་རྒོལ་པ་ཕས་རྒོལ་ནི། །ར་ཡིག་ཐོད་དུ་བཅིངས་པའི་གའོ། །
ཕྱག་རྒྱ་དང་ནི་འདེབས་བྱེད་རྒྱ། །རྒྱ་མཐོངས་རྒྱ་གྲམ་རྒྱ་ཤུགས་དང༌། །སྲོག་སྐྱོབ་རི་རྒྱ་ཀླུང་རྒྱ་སྡོམ། །རྒྱ་ཅང་སྐུད་པ་མང་པོ་ཡིས། །བཏགས་པའི་སྐ་རགས་དབུས་ཁོང་སྟོང༌། །ཆགས་རྒྱ་བུ་ལོན་འདའ་བ་ཡི། །དཔང་རྒྱ་སྟེ་ཡི་གེ་བཅུག་པའོ། །རྒྱ་གར་རྒྱ་ནག་མི་རྒྱ་བོ། །རྒྱ་ཆེ་རྒྱ་ཁྱོན་གྲངས་ཀྱི་བརྒྱ། །བརྒྱ་ལའམ་བརྒྱ་ལམ་ན་ཞེས་པ། །རེ་འགའ་འམ་སྲིད་ཙམ་ན་ཞེས་པའོ། །བརྒྱ་བྱིན་མཆོད་སྦྱིན་བརྒྱ་པ་དང༌། །སྐྱེད་བྱེད་རྒྱུ་དང་རྒྱུ་མཚན་དང༌། །ཀུན་ཏུ་རྒྱུ་དག་རྒྱུ་འགྲུལ་བྱེད། །ནང་ཁྲོལ་རྒྱུ་མ་སྨིག་རྒྱུ་དང༌། །ན་རོ་ཅན་གྱི་རྒྱ་ནི་རྒྱོ། །ལུས་རྒྱགས་རྒྱགས་ཕྱེ་ལམ་རྒྱགས་དང༌། །རྒྱང་བསྲིངས་པ་དང་གྲུ་མོ་བརྒྱངས། །རྒྱང་རིང་རྒྱང་གྲགས་གད་རྒྱངས་དང༌། །རྒྱང་འཕེན་པ་དང་གྲངས་ཀྱི་བརྒྱད། ། བརྒྱད་བཀག་ཁ་སྨྲས་སམ་བཀའ་བཀྱོན། །བརྒྱད་བཀག་སྤྱོ་བ་ལ་ཡང་བཤད། །རྒྱན་པོ་འགྱེད་དང་རྒྱན་གྱིས་བརྒྱན། །ལུས་ཀྱི་རྒྱབ་དང་རྒྱམ་ཚྭ་དང༌། །ཕམ་རྒྱལ་མེད་དང་རྒྱུ་སྐར་རྒྱལ། །འོ་བརྒྱལ་དང་ནི་དྲན་མེད་བརྒྱལ། །རྒྱལ་བ་རྒྱལ་མཚན་རྒྱལ་ཚབ་དང༌། །རྒྱལ་པོ་རྒྱལ་སྲིད་རྒྱལ་བསྐུགས་པ། །རྒྱས་བཏབ་པ་དང་འཕེལ་ཞིང་རྒྱས། །ཕན་ཚུན་རྒྱུགས་དང་ཟས་ཀྱི་རྒྱུགས། །ལུས་ཀྱི་རྒྱུད་པ་གྲུ་རྒྱོངས་པ།། རྒྱུད་མང་སྐྱེས་བུའི་ཤེས་རྒྱུད་དང༌། །རང་རྒྱུད་གཏམ་རྒྱུད་ཕྲེང་རྒྱུད་མཁན། །བླ་མ་བརྒྱུད་པ་བརྒྱུད་མར་འབྱུང༌། །བརྒྱུད་དེ་འོང་དང་རྒྱུན་དུ་ཞུགས། །ཆུ་ཡི་རྒྱུན་དང་དུས་ཀྱི་རྒྱུན། །རྒྱུན་ལུགས་ཞེས་པ་རྒྱུ་འགྲུལ་ལོ། །རྡེག་པའི་རྒྱོབ་དང་ལོ་རྒྱུས་དང༌། །ལམ་རྒྱུས་ཆ་རྒྱུས་རྒྱུས་ཡོད་པ། །རུས་པ་འབྲེལ་བྱེད་རྒྱུས་པ་དང༌། །བསྟར་ལ་བརྒྱུས་དང་འཕྲེང་བ་བརྒྱུས། །ར་མགོ་ཡ་བཏགས་ག་ཡིག་གོ །
ཆུ་འཛིན་ལྒང་བ་ལ་ལྒ་འོ། །
རྟ་སྒ་བཅའ་སྒ་སྒུ་སྟེགས་བཙུགས། །སྒུ་དོ་མ་བཅག་སྒེའུ་གཤེར་ནི། །སྒ་རློན་ཡིན་ནོ་སྒོ་ཁང་དུ༑ ༑སྒོ་པ་སྒོ་བསྲུང་སྒོ་གླེགས་བསྡམས། །སྒོ་དྲུང་སྒོ་ང་བག་ཆགས་བསྒོ། །བསྒོ་བ་རྣར་གཟོན་ཞེས་བྱ་བ༑ ༑བསྒོ་བ་དང་དུ་མི་ལེན་པའོ། །བཀའ་བསྒོ་མནའ་བསྒགས་རི་ཡི་སྒང༌། །མཚན་གྱི་སྒང་དང་གྲང་བའི་སྒང༌། །བྱ་བའི་སྒང་ནི་བྱ་བ་ཡི། །དངོས་གཞིའམ་བྱ་བའི་དུས་ལ་བརྗོད། །ལུས་ཀྱི་སྒབ་ནི་ལུས་ཀྱི་སྨད། །སྒམ་པ་ཟབ་པའོ་ཤིང་གི་སྒམ། །སྲོང་བཙན་སྒམ་པོ་བློ་སྒམ་པོ། །བུ་རམ་བསྒར་དང་དམག་སྒར་དང༌། །ལུས་ཀྱི་སྒལ་བ་སྒལ་ཚིགས་དང༌། །སྒུག་སྡོད་ལམ་བསྒུགས་སྒེག་པའི་ཉམས། །སྒོག་པ་མནའ་སྒོགས་སྒོང་སྐྱེས་བྱ། །ཟས་སྒོད་པ་དང་བག་ཆགས་བསྒོད། །སྒོམ་དང་བསྒོམ་བྱ་ཏིང་འཛིན་བསྒོམས། །ལུས་སྒུར་བ་དང་སྒེར་དུ་བསྡད། །བུ་རམ་སྒོར་དང་དབྱིབས་སྒོར་མོ། །སྒུལ་བསྐྱོད་སྒོས་སུ་བག་ཆགས་བསྒོས། །སྒོས་ཀྱི་དཔོན་དང་བཀའ་བསྒོས་པ། །ས་མགོ་ཅན་གྱི་ག་ཡིག་གོ །
སྒྱུ་འཕྲུལ་སྒྱུ་མ་གཡོ་སྒྱུ་དང༌། །སྒྲུ་རྩལ་སྒྱེ་འུ་སྒྱེ་མོ་སྒྱེ། །དུས་བསྒྱངས་སྒྱུག་མོ་སྒྱོགས་རྡོ་དང༌། ། བསྒྱིངས་དང་སྒྱིད་ལུག་སྒྱིད་སྐྱུར་དང༌། །རྐང་པའི་སྒྱིད་པ་ཐབ་སྒྱེད་བུ། །གཞན་དུ་བསྒྱུར་དང་འཁོར་ལོས་བསྒྱུར། །ཁ་དོག་བསྒྱུར་དང་ཁ་ལོ་བསྒྱུུར། །བསྔོ་བ་སྨོན་ལམ་གྱིས་ཁ་བསྒྱུར། །བློ་བསྒྱུར་ཆུ་ཡི་འོལ་ཁ་བསྒྱུར། །གན་རྐྱལ་བསྒྱེལ་དང་ཤིང་བསྒྱེལ་བ། །ས་མགོ་ཡ་བཏགས་ག་ཡིག་གོ །
མཉན་བྱའི་སྒྲ་དང་སྒྲ་གཅན་དང༌། །རིགས་པ་མགོ་བསྒྲེས་རིགས་བསྒྲེ་བ། །སྒྲོ་འདོགས་བྱ་སྒྲོ་སྒྲོ་གུ་དང༌། །གཏམ་བསྒྲགས་ཆོས་བསྒྲགས་བསྒྲངས་ནས་ནི། །གྲངས་སུ་བཅུག་པའོ་ཆུ་ལས་བསྒྲལ། །ཕྱོགས་གཅིག་བསྒྲིགས་དང་བསྒྲིགས་ལེགས་པ། །ཟོས་པའི་སྒྲེགས་པ་ཆིལ་ཆིལ་སྒྲོག །ཆོས་སྒྲོག་སྒྲོག་རུས་འཆིང་བྱེད་སྒྲོག །སྔོན་རབས་སྒྲུང་དང་རྒྱལ་མཚན་སྒྲེངས། །གཤོག་པ་བསྒྲེངས་ཏེ་བསྒྲོད་པར་བྱས། །མཁས་པའི་སྒྲིན་པོ་སྒྲིན་མི་ཕོད། །འགྲན་པའི་བསྒྲུན་དང་སྒྲེན་མོ་ནི༑ ༑གཅེར་བུའོ་སྣང་བྱེད་སྒྲོན་མེ་དང༌། །སྒྲིབ་པས་མ་བསྒྲིབས་བྱ་བ་བསྒྲུབས། །སྲིད་སྒྲུབ་ཀླུ་སྒྲུབ་སྒྲུབ་ཐབས་དང༌། །སྒྲུབ་བྱེད་ཀྱིས་ནི་བསྒྲུབ་བྱ་བསྒྲུབས། །སྒྲོབ་ཆེ་བ་དང་རིག་པ་སྒྲིམས། །རུས་པའི་སྒྲོམ་དང་ཤིང་སྒྲོམ་དང༌། །སྒྲོམ་བུ་དང་ནི་སྲད་བུ་སྒྲིམས། །སྐུད་པ་སྒྲིལ་དང་ཆུ་ལས་སྒྲོལ། །སྒྲོལ་མ་སྒྲོལ་མཛད་ལ་ལས་སྒྲོལ། །མཆུ་སྒྲོས་བཤད་སྒྲོས་ཟེར་སྒྲོས་ནི། །ས་མགོ་ར་བཏགས་ག་ཡིག་གོ །
གྱ་ནོམ་སྣང་བ་ཞེས་པ་ཡི། །གྱ་ནོམ་ཕུན་སུམ་ཚོགས་པ་དང༌། །ལེགས་པ་ཞེས་པའི་དོན་ཡང་ཡིན། །གྱ་ཐོ་ཞེས་པ་རྣ་རྒྱན་དང༌། །གྱ་ཚོམ་ཞེས་པ་མ་བརྟགས་པའོ། །གྱུ་བ་ཞེས་པ་ནི་བཀུར་བ། །གྱ་གྱུ་ཞེས་པ་མི་དྲང་བའོ། །གྱི་ན་དང་ནི་གྱིན་འདའ་ནི། །དོན་མེད་པ་འམ་དམན་པ་དང༌། །རང་བཞིན་ངན་པའོ་གྱོ་མོ་ནི། །སོ་བཏང་བ་ཡི་སོ་ཕག་གོ །གྱང་རིམ་མཐོ་དང་སྟོབས་ཆེན་གྱད། །ཡ་གྱལ་གྱོང་པོ་ཕྱིར་གྱེད་པ། །གྱོད་མེད་གྱེན་འགྲོ་གོས་གྱོན་གྱུར། །གྱིམ་ཤིང་རོལ་མོའོ་གྱེར་དབྱངས་དང༌། །རྐང་པ་གྱོལ་པོ་འདི་གྱིས་ཤིག །སོ་སོར་གྱེས་དང་གྱོས་པོ་ནི། །ཡ་བཏགས་ག་ཡི་སྡེ་པ་འོ། །
ཚོན་དགྱེ་འོད་དགྱེ་ཕོ་ཉ་དགྱེ། །ལྟག་དགྱེ་ཕྱིར་དགྱེད་དགའ་བའི་དགྱེས། །དས་འཕུལ་ཡ་བཏགས་ག་ཡིག་གོ །
བྱ་བའི་བགྱི་བ་ཅི་བགྱི་བ། །དུས་བགྱངས་པ་དང་བྱེད་པའི་བགྱིད། །བགྱིས་པ་བས་འཕུལ་ཡ་བཏགས་གའོ། །
མྱུར་བའི་མགྱོགས་པ་མས་འཕུལ་ཞིང༌། །ཡ་བཏགས་པ་ཡི་ག་ཡིག་གོ །
གློག་འགྱུ་རྟོག་པ་འོག་འགྱུ་དང༌། །སེམས་ཀྱི་འགྱུ་བ་འོད་འགྱེ་བ། །ནོར་འགྱེ་དུས་འགྱངས་འགྱིངས་བག་ཅན། །འགྱེད་པ་གཏོང་བའོ་ཕོ་ཉ་འགྱེད། །ཚོན་འགྱེད་འོད་འགྱེད་ནོར་འགྱེད་པ། །གོས་འགྱེད་ཟས་འགྱེད་གཡུལ་འགྱེད་ནི། །འཐབ་པའོ་ཤགས་འགྱེད་རྩོད་པ་སྟེ། །འགྱོད་པ་རྣམ་འགྱུར་འགྱུར་བྱེད་ཆུ། །འགྱུར་བ་གྲེ་འགྱུར་འགྱེལ་བ་དང༌། །འགྱུས་པ་སོ་སོར་འགྱེས་པ་སོགས། །འས་འཕུལ་ཡ་བཏགས་ག་ཡིག་གོ །
གྲྭ་ས་གྲྭ་པ་ཆོས་གྲྭ་དང༌། །ནས་སོགས་སྙེ་མའི་རྩེ་མོ་ཡི། །གྲ་མ་དང་ནི་ཤིང་གྲ་མ། །བཞི་གྲྭ་གྲ་བཞི་སྤུ་གྲ་ལེགས། །རལ་གྲི་སྤུ་གྲི་ཆུ་གྲི་དང༌། །གྲི་གུག་གིས་ནི་གྲི་ཤ་གཏུབས། །གྲུ་བཙས་པ་ནི་གྲུ་ཚུགས་པ། །གྲུ་གཟིངས་གྲུ་ཆར་གྲུ་མོ་བརྐྱངས། །རྒྱུ་སྐར་མོན་གྲུ་ནམ་གྲུ་དང༌། །ཡུལ་གྲུ་དང་ནི་གྲུ་གསུམ་དབྱིབས། །གྲེ་བ་བདེ་དང་རྒྱུ་སྐར་གྲེ། །གྲོ་ག་སྟག་པའི་ཤིང་ཤུན་ཟེར། །གྲོ་མ་རིམ་གྲོ་འབྲུ་ཡི་གྲོ། །གྲོ་བཞིན་སྙན་གྲགས་ཡོངས་སུ་གྲགས། །དེ་ལྟར་གྲག་ཅེས་སྒྲ་གྲགས་པ། །གྲངས་མང་གྲང་རེག་ཡིན་གྲང་ན༑ ༑ཡུན་རིང་སྡོད་གྲབས་བསླུ་བའི་ཆོས། །རྒྱ་གྲམ་དང་ནི་ཆུའི་གྲམ་པ། །གྲལ་དུ་བསྒྲིགས་དང་འབྲུ་མ་གྲུག །གྲོག་པོ་ཕུག་རྡུགས་གྲོག་ཕུག་དང༌། །ངམ་གྲོག་ཅེས་པ་གཅོང་རོང་སྟེ། །གྲོག་པོ་སལ་སུལ་ལ་ཡང་ཟེར། །སྲོག་ཆགས་གྲོག་མ་གྲོགས་པོ་དང༌། །རིག་པ་གྲུང་པོ་གྲོང་དང་ནི། །གྲོང་དང་གྲོང་ཁྱེར་གྲོང་རྡལ་དང༌། །མ་གྲོངས་པ་དང་གྲོངས་ཕན་ཆད། །ནང་ཁྲོལ་གྲོད་པ་ཟས་ལ་སོགས། །མ་གྲོན་པ་ནི་མ་གོད་པའོ། །གྲིབ་དང་གྲིབ་མ་མི་གཙང་གྲིབ། །གྲུབ་མཐའ་གྲུབ་ཐོབ་དངོས་གྲུབ་ཐོབ། །གཞི་གྲུབ་ཤ་གྲིམས་ཤིན་ཏུ་གྲིམས། །སྐུད་པ་གྲིམས་དང་རིག་པ་གྲིམས། །སྲོག་ཆགས་གྲུམ་པ་ནད་གྲུམ་བུ། །ཆག་གྲུམ་གྲུལ་བུམ་མདུད་པ་གྲོལ། །ནད་ལས་གྲོལ་དང་འདུན་མའི་གྲོས། །གྲོས་འདེབས་ར་བཏགས་ག་ཡིག་གོ །
དགྲ་སྟ་མཚོན་ཆའོ་མཛའ་མིན་དགྲ། །དགྲ་བཅོམ་ཆུ་དགྲམ་མེ་ཏོག་དགྲམ། །ཟོང་དགྲམ་མདུད་དགྲོལ་དགོངས་པ་དགྲོལ། །བཅིངས་པ་དགྲོལ་སོགས་དས་འཕུལ་བའི། །ར་བཏགས་ག་ཡི་སྡེ་ཚན་ནོ། །
བགྲོ་བ་གླེང་བའམ་གྲོས་བྱེད་པ། །བགྲོ་གླེང་དང་ནི་བགྲོ་བ་མཛད། །བགྲང་འཕྲེང་བགྲང་བྱ་ཡོངས་བགྲང་དང༌། །མིག་བགྲད་པ་དང་རྙོག་པ་བགྲུངས། །མ་བགྲོད་བགྲོད་བྱ་བགྲོད་བྱེད་དང༌། །ལམ་དུ་བགྲོད་དང་བགྲུས་པའི་འབྲས། །རྒན་པའི་བགྲེས་པ་གཏམ་བགྲོས་པ། །བས་འཕུལ་ར་བཏགས་ག་ཡིག་གོ །
མགྲོན་པོ་མགྲིན་པ་མགྲོན་དུ་གཉེར། །མས་འཕུལ་ར་བཏགས་ག་ཡི་སྡེའོ། །
རིགས་འགྲེ་འགྲེ་ལྡོག་ལམ་དུ་འགྲོ། །འགྲོ་བ་གར་འགྲོ་ལས་ཀྱིས་འགྲོ། །ཟས་ཀྱིས་ལྟོ་འགྲངས་འགྲན་ཟླ་དང༌། །ཆུ་འགྲམ་སེངྒེའི་འགྲམ་པ་དང༌། །ཞེ་འགྲས་པ་ནི་མི་མཐུན་འགྲས། །འཕལ་ཀ་འགྲིག་ནི་རི་མོ་འགྲིག །སྦྱར་བའི་འགྲིག་དང་ཁྲིམས་ཀྱི་འགྲིག །འགྲོགས་བཤེས་འདུག་འགྲེང་འཆི་བའི་འགྲོངས། །འགྲོང་ནི་ཕོ་མཚན་ནམ་རྨའི་སྒོ། །རྐང་པ་འགྲེད་དང་འགྲོན་པོ་དང༌། །འཕེལ་འགྲིབ་འགྲུབ་འགྱུར་འགྲེམས་པ་ནི། །འགྱེད་པའོ་བྱ་བྲལ་རྒྱལ་ཁམས་འགྲིམ། །ཟོངས་སུ་མ་འགྲིམ་འགྲུལ་བ་འགའ། །དགོངས་པ་འགྲེལ་དང་དགོངས་པ་འགྲོལ། །བཅིངས་པ་འགྲོལ་དང་མདུད་པ་འགྲོལ། །བརྩོན་འགྲུས་དང་ནི་ངང་པའི་འགྲོས། །འ་ཡིས་འཕུལ་བའི་ར་བཏགས་གའོ། །
རི་དྭགས་གླ་བ་གླ་རྩི་དང༌། །གླ་མི་གླ་རྔན་སྨན་གླ་སྒང༌། །གླ་གོར་ཞོ་ཤ་གླུ་ལེན་པ། །གླེ་འདམས་ནང་ཁྲོལ་གློ་བ་དང༌། །གློ་འབུར་དང་ནི་གཞོགས་ཀྱི་གློ། །གློ་རྡེག་དང་ནི་གློ་བ་དགའ། །གླགས་བལྟ་གླགས་ཚོལ་འདབ་ཆགས་གླག །གླགས་རྙེད་གླང་ཤུ་ལན་གླན་པ། །དམུ་རྒོད་རྟ་ཡི་ཁ་གླན་དཀའ། །གླམ་པ་སྣམ་བུ་འཐུག་པོ་འོ། །གླལ་བ་གཡལ་བའམ་ཁ་གདངས་སམ། །རྣམ་པར་བསྒྱིངས་པའོ་གླེགས་བམ་དང༌། །གློག་འཁྱུག་པ་དང་གློག་པའི་ནད། །རི་གླིང་འབུད་པའི་གླིང་བུ་དང༌། །གླེང་མོ་གཏམ་གླེང་བགྲོ་གླེང་དང༌། །གཏམ་གྱི་གླེང་གཞི་སྲོག་གི་གླུད། །ཤེས་པ་གློད་དང་བཅིངས་པ་གློད། །གླེན་པ་ལན་གློན་ལེབ་མོར་གླེབས། །གླེབས་པ་ཞེས་པ་ནི་མནན་པ། །སྦང་གླུམ་ལ་བཏགས་ག་ཡིག་གོ །
གྭ་དོར་ཤ་བའི་རྭ་གསར་སྐྱེས། །གྭ་པ་གདོང་པ་དཀར་བའི་ཕྱུགས། །ཝ་བཏགས་ག་ནི་དེར་ངེས་སོ། །
ང༽ ང་དང་ངའོ་ང་ཡི་འོ། །ང་རོ་མ་ཆེ་ང་རྒྱལ་ཅན། །རྟག་ཏུ་ངུ་ཡི་ངོ་མཚར་གཏམ། །ངོ་དགའ་ངོ་ཤེས་ངོ་མ་ཆོག །ངོ་མཚར་ཆེ་དང་ངོ་སོ་ཆེ། །ངོ་ཚ་མེད་དང་ངོ་ཚ་ཤེས། །ངོ་བོ་ངོ་བསྲུང་ངོ་ཆེན་དང༌། །ངག་སྒྲོས་ངང་རིང་བྱ་ངང་པ། །པདྨའི་ངང་ཚུལ་ངང་ཚུལ་བཟང༌། །སྤོས་ངད་ལྡང་དང་དྲི་ངད་ལྡང༌། །ངན་ངོན་འབྱོར་བས་མི་ཆོག་པས། །ངན་པ་ངན་སོང་ངམ་གནག་འགྲོ། །ངམ་ངམ་ཤུགས་ཀྱིས་ངར་འཛིན་སྐྱེས། །ངར་མེ་ངར་བཏགས་རྗེན་བཏགས་སོ། །ངར་སྣབས་ངལ་དུབ་ངལ་གསོ་བ། །ཆུ་ཡི་ངོགས་ནི་ཆུ་ཡི་འགྲམ། །ངུད་མོ་མི་བྱེད་ངེད་རང་དག །བཏུང་བས་ངོམས་དང་དཔའ་རྩལ་ངོམས། །བྱང་གི་འབྲོང་ངུར་བྱ་ངུར་བ། །ལྷོ་ཡི་སྟག་ངར་གཞན་གྱི་ངོར། །བྱིས་པ་ངུས་དང་ཚད་མས་ངེས། །ངོས་འཛིན་དགོས་པ་དེ་ངོས་ཟིན། །རི་ཡི་ངོས་སོགས་ང་རྐྱང་ངོ༌། །
གྲི་ཡི་དངོ་ནི་གྲི་ཡི་སོ། །ཆུ་ཡི་དངོ་ནི་ཆུ་ཡི་ངོགས། །དངགས་ནི་ངག་གོ་མི་དངངས་པ། །དངན་འཐེན་རྫས་ཁྱེར་ཕྱིར་མི་སྤྲོད། །དངོམ་ཆེ་བ་དང་ཚར་དུ་དངར། །དངར་ནི་གྲལ་ལམ་ཕྲེང་བའོ། །རོ་དངར་བ་ནི་མངར་བའི་དོན། །ཟིལ་དངར་བདུད་རྩིའོ་རིན་ཆེན་དངུལ། །དངུལ་ཆུ་དངོས་པོ་དངོས་གྲུབ་དང༌། །དངོས་དང་དངོས་བཤམས་དངོས་གཞི་དང༌། །དངོས་མེད་ལ་སོགས་དས་འཕུལ་ངའོ། །
མངགས་གཞུག་བྲན་ནམ་ཕོ་ཉ་འོ། །ལན་མང་མངགས་ཀྱང་མངན་མི་བགྲང༌། །མངའ་བདག་ཁྱོད་ནི་མངའ་ཐང་རྒྱས། །མངའ་རིས་རྒྱ་ཆེ་མངའ་འབངས་དར། །མངའ་ཞབས་ཀུན་ལ་མངའ་བརྙེས་པ༑ ༑མངའ་མཛད་པ་དང་ཐུགས་ལ་མངའ། །མངལ་སྐྱེས་མངར་གསུམ་མངོན་སུམ་མཐོང༌། །མངོན་མཚན་ཆེ་དང་མངོན་དུ་གྱུར། །མངོན་པར་རྟོགས་པ་ཆོས་མངོན་པ། །མངོན་ཤེས་མངོན་སྤྱོད་མངོན་དུ་མཛད། །མས་འཕུལ་ང་ཡི་སྡེ་ཚན་ནོ། །
རྔ་ཆེན་བརྡུང་ཞིང་རྔ་ཡབ་གཡོབ། །རྔ་མོ་རྔ་མ་རྩྭ་རྔ་བ། །རྔུ་མ་ཟུག་རྔུ་རྔེའུ་ཆུང་བརྡུངས། །རྔེའུ་རྔ་མོའི་ཕྲུ་གུའི་མིང༌། །རྔོ་མི་ཐོགས་དང་ཕྱུགས་ནད་རྔོ། །རྔན་ཆན་མི་བྱ་གླ་རྔན་བྱིན། །བརྔན་པ་མཆོད་པའོ་རྔབས་རྭ་ནི། །འཇིབ་རྭ་ཡིན་ཏེ་བཀྲེས་རྔབ་ནད། །ནོར་ལ་རྔམ་པ་ཧམ་པའི་རྔམ། །བརྗིད་རྔམ་འཐུག་རྔམས་བཙས་མ་བརྔ། །དྲེའུ་རྔོག་དང་ནི་རྟའི་རྔོག་མ། །བུད་མེད་ཀྱིས་རྔོད་གཅན་གཟན་རྔོད། །རྔོད་པ་འདྲིད་པ་འམ་གཙེ་བ། །ནས་སོགས་འབྲུ་རྔོད་རྔོན་པ་དང༌། །དབུགས་རྔུབས་པ་དང་ཧུབ་ཀྱིས་བརྔུབས།། རྔོམ་བག་ཅན་དང་རྔུལ་གཟན་དང༌། །ལུས་ཀྱི་རྔུལ་ཆུ་འབྲུ་བརྔོས་པ། །ར་མགོ་ལྡན་པའི་ང་ཡིག་གོ །
ལྔ་པའི་ལམ་དང་གྲངས་ཀྱི་ལྔ། །ལ་མགོ་ཅན་གྱི་ང་ཡིག་གོ །
སྔ་མ་སྔ་ཕྱི་སྔ་དྲོའི་དུས། །སྔ་སོར་རིམ་པ་སྔ་མ་དང༌། །སྔ་དུས་སྔ་མོ་སྤྱན་སྔ་པ། །ཞལ་སྔ་ནས་དེ་སྐུ་མདོག་སྔོ། །བསྔོ་བྱ་འགྲོ་བའི་དོན་དུ་བསྔོ། །མོན་སྲན་སྔེའུ་གསང་སྔགས་དང༌། །རིག་སྔགས་གཟུངས་སྔགས་བསྔགས་པ་བརྗོད། །སྔགས་པ་མི་སྔང་སྔན་ཆད་དང༌། །སྔར་ཡང་སྡུག་བསྔལ་ལམ་ཆའི་སྔས། །དུས་སྔས་པ་དང་སྐྱོ་སྔོགས་ནི། །འཁྲུག་ལོང་སྐྱེད་པའམ་འཁྲུག་ལོང་གི །རྒྱུ་འོ་ཞེས་ཀྱང་ལ་ལར་འབྱུང༌། །མཚང་ནས་བསྔོགས་དང་སྔུན་བསུས་ནི། །མདུན་ནས་བསུས་པའོ་སྔོན་གྱི་དུས། །སྔོན་དུ་འགྲོ་དང་མདོག་སྔོན་པོ། །གཉིད་ཀྱི་སྔུར་བ་དགེ་བ་བསྔོས། །རྣམ་པར་བསྔོས་པའི་འདུ་ཤེས་སོགས། །ས་མགོ་ཅན་གྱི་ང་ཡིག་གོ །
ཅ༽ ཅ་ཅོ་ཅི་ཕྱིར་དོན་ཅི་ཞིག །ཕྱིན་ཅི་ལོག་དང་ཕྱིན་ཁ་ལོག །ཅི་ག་ཅི་ཡང་ལྟ་ཅི་ཞིག །ཕྱིན་ཅི་མ་ལོག་ཅི་སྟེ་མེད། །ཅི་རིགས་ཅི་སླད་ཅི་ནས་ཀྱང༌། །ཅི་བགྱི་གཡོག་པོའམ་བྲན་ལའང་ཟེར། །ཅི་འཚལ་ལ་སོགས་འདྲི་ཚིག་ཅི། །ཅི་ཆ་ཞེས་པ་ཆ་ཅི་ཡོད། །སུམ་ཅུ་དྲུག་ཅུ་བདུན་ཅུ་གྲངས། །ཅེ་སྤྱང་ཡོད་ཅེ་མིག་ཅེ་རེ། །བྱི་འུ་ཅོ་ག་ཐོ་ཅོ་ཆེ། །ཅོ་ཏོ་ནས་བཟུང་ཅོ་འདྲི་ནི། །མཐོ་འཚམ་པའོ་ཅག་ཅག་སྒྲ། །ཁྱེད་ཅག་བདག་ཅག་འུ་བུ་ཅག །གླང་པོ་ཅང་ཤེས་རྟ་ཅང་ཤེས། །ཧ་ཅང་ཐལ་དང་ཅང་མི་གསུངས། །ཅང་ལ་གྲོང་ཚིག་གཤང་ཞེས་ཟེར། །རྒྱ་ཅང་སྐ་རགས་ཕ་གུ་ཅན། །ཅང་ཏེའུ་ཅན་ནི་ལྡན་པའི་ཅན། །ཅན་ནེ་གྲོང་ཚིག་ཅ་ནེ་ཟེར། །སེམས་ཅན་མགོ་ཅན་ཡན་ལག་ཅན། །ཅབ་ཅོབ་མ་མང་ཅམ་གྱིས་བཞག །དེ་གཉིས་གཅིག་ཅར་ཅལ་ཅོལ་སྨྲ། །ཤིང་གི་ཅས་ཅུས་གྱུར་ཅིག་གི །ཅིག་ནི་སྨོན་པའོ་ལྷན་ཅིག་དང༌། ། ཐབས་ཅིག་སྐད་ཅིག་ཐང་གཅིག་དང༌། །མཐའ་དག་པ་ཡི་དོན་གྱི་ཅོག །ཡོད་དོ་ཅོག་དང་ཡིན་ནོ་ཅོག།། སྐྱེས་སོ་ཅོག་དང་འགྱུར་རོ་ཅོག །ཐོར་ཅོག་ཅན་གྱི་ཅོག་བུ་པ། །ཅོག་ཙེའི་ཁར་བཞག་གཏོར་མ་ཅོག ། རྟག་ཅིང་བཤད་ཅིང་འདི་ཟབ་ཅིང༌། །ཅུང་ཟད་ཅེས་པ་ཉུང་བའི་དོན། །ཟས་ཀྱི་བྱེ་བྲག་ཅུང་པེང་དང༌། ། རོལ་མོ་ཅོང་དང་ཅོད་པན་དང༌། །བེ་ཅོན་ཅིབས་པ་ཅིར་ཡང་བརྫུ། །ཅུར་ནིས་ཞེས་པ་ཕྱེ་མའི་སྨན། །སྤྱི་ཅེར་སྤྱི་ཐེར་སྐྲ་བྱི་བ། །རྟག་ཅེས་བསད་ཅེས་རྒྱབ་ཅེས་པ། །ཅིས་ཀྱང་དགོས་སོགས་ཅ་རྐྱང་ངོ༌། །
གཅི་བ་དང་ནི་གཅི་འུའི་སྨན། །གཅུ་བར་མི་བྱ་ཡིད་ལ་གཅགས། །གཅད་བྱའི་ཤིང་དང་ལ་གཅན་པ། །གཅན་གཟན་སྒྲ་གཅན་གཅམ་བུ་ནི། །བཅོས་པའམ་ཡང་ན་ངོ་བསྟོད་དོ། །གཅལ་དུ་བཀྲམ་དང་གམ་དུ་གཅར། །གཅིག་དང་དུ་མ་རོ་གཅིག་དང༌། །རྫས་གཅིག་པ་དང་ངོ་བོ་གཅིག །གཅིག་ཆར་ལ་ནི་གཅིག་ཅར་ཟེར། །མཛའ་གཅུགས་ཡིད་གཅུགས་འཁོན་གཅུགས་མེད། །ངག་མི་གཅོག་དང་ཤིང་མི་གཅོག །གཅུང་ནི་ནུ་བོའོ་གཅོང་ནད་མེད། །གཅོང་རོང་གཅུད་བོར་ཤིང་གཅོད་པ། །ཡོངས་གཅོད་ཚར་གཅོད་ཞལ་ལྕེ་གཅོད། །ཐག་གཅོད་གཅིན་ནི་དྲི་ཆུ་འོ། །རྩད་ནས་གཅུན་དང་གཅེན་ཞེས་པ། །ཕུ་བོ་ཞེས་པའོ་ཕུག་ཏུ་གཅུར། །གཅེར་བུ་མིག་གཅེར་གཅི་བ་གཅིས། །ལག་པ་གཅུས་ཏེ་གཅེས་ནོར་འཕྲོག ། གཅེས་འཛིན་དབང་གིས་ཤིན་ཏུ་གཅེས། །དེ་དག་ག་ཡིས་འཕུལ་བའི་ཅའོ། །
གཟར་བུས་ཆུ་བཅུ་བཅུ་ཐམ་པ། །བཅོ་ལྔ་བཅོ་བརྒྱད་ཞབས་ཀྱིས་བཅགས། །རྡོ་བཅག་ཤིང་བཅག་ལག་ཏུ་བཅངས། །ནོར་བཅངས་པ་དང་རྩ་བ་བཅད། །ཚར་བཅད་ཤིང་བཅད་ཞལ་ལྕེ་བཅད།། བཅབས་པ་སྦས་པའོ་ཉེས་པ་བཅབས། །བཅའ་ཁྲིམས་དམ་བཅའ་གནས་བཅའ་བ། །བཅའ་གཞི་བཅའ་སྒ་བཟའ་བཅའ་དང༌། །མིག་བཅར་ཁྲལ་བཅལ་ནོར་བཅལ་བ། །བཅས་འགལ་ཁྲིམས་བཅས་དམ་བཅས་པ། །འཁོར་དང་བཅས་པ་གནས་བཅས་པ། །ནང་དུ་བཅུག་སྟེ་འཆིང་བས་བཅིངས། ། བཅུད་ཟ་རྩི་བཅུད་བཅུད་ལེན་བྱེད། །བཅིབས་པ་ཞོན་པའོ་བློ་མི་བཅུམ། །ནང་དུ་བཅུམ་དང་སོ་ཡིས་བཅེམ། །བཅོམ་ལྡན་འཕགས་པ་དགྲ་བཅོམ་པ། །རྩྭ་ཤིང་བཅེར་བ་སྤུངས་པའི་དོན། །མེ་བཅིལ་ཕྱིར་བཅིལ་དྲི་མ་བཅིལ། །གཞན་ལ་ནོར་བཅོལ་ལས་ཀྱང་བཅོལ། །ཆུ་བཅུས་བཅོས་མ་ནད་བཅོས་པ། ། བསྟན་བཅོས་འགྱུར་བཅོས་རས་བཅོས་བུ། །བ་ཡིས་མདུན་ནས་འཕུལ་བའི་ཅའོ། །
ལྕ་བ་སྔོ་ཡིན་ལྕི་ཡང་དང༌། །དུད་འགྲོའི་ལྕི་བ་ཁ་ནང་ལྕེ། །ལྕེ་འབབ་གནམ་ལྕགས་འབབ་པའོ། །ཞལ་ལྕེ་མེ་ལྕེ་སྔོ་རེ་ལྕག །ལྕགས་ཀྱི་ལྕགས་རི་གནམ་ལྕགས་ཐོག །ལྕགས་ཕོད་ཅེས་པའི་སྐ་རགས་ནི། །ལྷས་མ་གྲུ་བཞིའོ་སྐུལ་བའི་ལྕག །ལྕང་ལོ་ཅན་དང་སྐྲ་ལྕང་ལོ། །ལྕང་མ་ཤིང་ཡིན་ལྕམ་དྲལ་དང༌། །ལྕམ་མོ་ལྕམ་པ་ལྕག་ལྕིག་དང༌། །བློ་ཡིས་ལྕིགས་དང་ལྕུག་ཕྲན་དང༌། །རི་ཡི་ལྕོག་ནི་རི་ཡི་རྩེ། །མེ་ཏོག་མང་པོ་མགོ་ལྕོག་ལྡེམ། །ལུས་ཀྱིས་ལྕོགས་དང་སེམས་ཀྱིས་ལྕོགས། །ལྕུང་ཀ་བྱ་ཡིན་སྦལ་ལྕོང་དང༌། །ལྕིད་ཆེ་ལག་ལྕིབས་ཚ་ལྕིབས་དང༌། །སྒོ་ལྕིབས་སྤྱན་ལྕིབས་ཉ་ལྕིབས་དང༌། །ཚིག་འབྲུ་ལྕིབས་དང་འཆི་ཕྱིར་ལྕེབས། །ལྕུམ་ནི་ལ་མགོ་ལྡན་པའི་ཅའོ། །
ཆ༽ ཆ་ཤས་ཆ་ལུགས་ཆ་ཆེ་ཆུང༌། །ཆ་ལང་བརྡབ་དང་གོ་ཆ་གྱོན། །ཆ་ཆོ་ཐུགས་ལ་མི་མངའ་ཟེར།། ཆ་མེད་རྒྱུས་མེད་པའོ་མཚོན་ཆ་ཐོགས། །མལ་ཆ་ཆ་བྱད་ཆ་ག་བ། །ཆ་གཅིག་ཆ་རྐྱེན་ཆ་ལག་ཚང༌། ། འགྲོ་བར་ཆ་དང་ཡ་ཆ་བ། །གྲང་དམྱལ་ལུས་ཀྱི་ཆུ་བུར་དང༌། །ཆུ་ཡི་ཆུ་བུར་ཆུ་ཚན་དང༌། །ཆུ་བོ་ཆུ་ཕྲན་ཆུ་མིག་དང༌། །ཆུ་ཟླ་ཆུ་ཤིང་ཆུ་ཡི་རླབས། །ཆུ་ལོན་ཞེས་པ་ཆུ་ཡི་རགས། །ཆུ་ཞེང་གབ་དང་བྱ་ཆུ་སྐྱར། །ཆུ་གང་སྙིང་སྟོབས་ཆུ་ཚོད་དུས། །ཆུ་སྐྱེས་ཀྱི་ནི་ཆུ་བ་དང༌། །ཆུ་བུན་ཚོས་ཀྱི་བྱེ་བྲག་གོ །ཆེ་བཞི་དབང་པོའམ་བདེན་དཔང་ངོ༌། །ཆེ་ཞེ་ཨ་ཆེ་འམ་སྲིང་མོ། །ལ་ལར་བཟའ་ཟླའམ་གཟའ་ཟླ་ཟེར།། ཆེ་གེ་མོ་དང་ཆེ་ལོང་ཞིག །ཆོ་ག་ཞེས་པ་ཐབས་ཡིན་ལ། །ཆོ་རིགས་རུས་ཡིན་ཆོ་འབྲང་ནི། །ཞང་པོའོ་ཆོ་འཕྲུལ་ཆོ་ལོ་ནི། །རྒྱན་པོ་ཡིན་ཏེ་ཆོ་ལོ་རྩེ། །ཆོ་ངེ་འདེབས་དང་རྡོ་ཆག་པ། །ཆག་གང་སོར་ཚད་བཞི་ལ་ཟེར། །དཀར་ཆག་མཐར་ཆགས་མ་ཆགས་པ། །འདོད་ཆགས་སྲོག་ཆགས་བག་ཆགས་དང༌། །ཆགས་བཅོམ་ཆགས་སྡང་ཆག་ཆག་བཏབ། །ཆག་སྒོ་སྡོམ་དང་གེགས་ཆག་སྡོམ། །ཆང་བུ་ཟན་ཆང་ཆང་བ་གང༌། །མྱོས་འགྱུར་ཆང་འཐུང་ཆད་པས་བཅད། །བཅད་ནས་ཆད་དང་ཁ་ཆད་བྱས།། གཅིག་ལས་གཉིས་ཆད་ལྷ་ལས་ཆད། །ཆན་པ་ཁྱེ་བོའི་གྲི་གུག་སྟེ། །འདྲེག་སྤྱད་ཆན་པའོ་འབྲས་ཆན་དང༌། །ཆབ་ནི་ཆུ་ཡི་ཞེ་སའོ། །ཆུ་ཡི་ཆབ་རོམ་ཆབ་སྒོ་པ། །ཆབས་ཅིག་པ་ནི་ལྷན་ཅིག་པ། །ཆབ་སྲིད་བརྟན་ཅིང་ཆབ་འོག་གི །ཆབ་འབངས་རྣམས་ལ་ཆབ་ཤོག་བཀྲམ། །ཆམ་པ་ནད་ཡིན་ཆམ་ལ་ཕབ། ། ཆམ་དུ་ཞེས་པ་གཏན་དུའོ། །ཆར་ཕབས་ཆར་བབས་གཉིས་ཆར་གྱིས། །འདག་ཆལ་བྱུག་དང་ཆལ་ཆིལ་གཡོ། །བཟའ་བའི་ཆས་དང་ལམ་དུ་ཆས། །དཔའ་བོའི་ཆས་ཞུགས་ཕོ་ཆས་སྤྲད། །ཆིང་རྐྱང་གོ་གྱོན་ཟས་ཁར་ཆུག །བྱེད་དུ་ཆུག་དང་སྡོད་དུ་ཆུག །ཡིན་དུ་ཆུག་དང་ཡོད་དུ་ཆུག །ནོར་གྱིས་མ་ཆོག་ཆོག་ཤེས་བསྟེན། །ཤིང་ཆོག་ཆིངས་ཤིང་བར་ཆིངས་གྱིས། །སྤྱི་ཆིངས་ཞེས་པ་སྡོམ་གྱི་ཆིངས། ། ཆུང་ངུ་ཆུང་མ་ཡིད་ལ་ཆོངས། །ཆུད་མི་ཟ་དང་ཁོང་དུ་ཆུད། །ཆུད་མ་གསོན་དང་ཆུད་མ་ཟོས། །སོར་ཆུད་ཁར་ཆུད་ནང་དུ་ཆུད། །ཆེད་དུ་བརྗོད་དང་དགོས་ཆེད་དང༌། །ཆེད་འགའ་རེས་འགའོ་དོགས་པ་ཆོད། །ཐག་ཆོད་ཚར་ཆོད་ས་ཆོད་ཆེ། །སྐུད་པའི་ཆུན་པོ་ཆུན་འཕྱང་པ། །ཆེན་པོ་སྦྲ་ཡི་ཆོན་ཐག་དང༌། །བཅིབས་པའི་ཆིབས་པ་ལ་ཆིབས་པ། །ཆུབ་པ་རྟོགས་པའོ་ཀུན་ཆུབ་པ། །བྱང་ཆུབ་བར་དུ་ཉོན་མོངས་ཆུམས། །ཆེམ་ཆེམ་གཡོ་དང་ཁ་ཆེམས་དང༌། །ཆེམས་པ་ཞེས་པ་འཕྲིན་ལ་བརྗོད། །ཆུར་བའི་དྭངས་མ་ཆུར་ཁུའོ། །ཆོམ་རྐུན་ཆོམས་ཤིག་ཆོལ་བུར་ཐོངས། །ཆོལ་ཟངས་ཞེས་པ་མཆིལ་སྣོད་དང༌། ། རྐང་ཁྲུས་སྣོད་དོ་ཆུ་ཆུས་ཤིག །ཡིད་ཆེས་གྱིས་ལ་ཆོས་ལ་སློབས། །ཞེས་པ་ཆ་ཡིག་རྐྱང་པའོ། །
དུར་གྱི་མཆད་པ་ཡི་གེའི་མཆན། །སྒྱུ་མའི་མཆན་བུ་ཡི་གེའི་མཆན། །མཆི་བ་འགྲོ་བ་ཞེས་པ་སྟེ༑ ༑སྐྱབས་སུ་མཆི་ཞེས་མཆི་མ་དཀུ། །འདི་ན་མཆི་དང་འགྲོ་བའི་མཆི། །འཛུགས་པའི་མཆུ་དང་མཆེ་བ་རྣོ། །འབྲུ་འཐག་མཆིག་ནི་ཡས་གཏུན་དང༌། །མཆིག་གུ་མས་གཏུན་ནོ་གཞུ་མཆོག །མགོ་ཡི་མཆོག་མ་མཆོག་ཏུ་གྱུར། །རྩྭ་ཡི་མཆོག་མ་རྩེ་མོའམ་ཕུད། །རྒྱ་མཚོའི་མཆིང་ནི་རྒྱ་མཚོའི་དཀྱིལ། །ནོར་བུ་མཆིང་བུ་རྩལ་གྱིས་མཆོངས། །མཆོང་དམར་དང་བཅས་བཀའ་མཆིད་སྩལ། །མཆིད་འདི་གསོལ་ཅིག་སྐུ་མཆེད་དག །མེ་མཆེད་སྐྱེ་མཆེད་དེ་ལས་མཆེད། །མཆོད་སྡོང་མཆོད་པ་བཀུར་སྟིའི་མཆོད། །ལྷ་མཆོད་པ་དང་མཆོད་ཕྱིར་ཐོགས། །ནང་ཁྲོལ་མཆིན་པ་མཆེར་པ་དང༌། །མཆིན་དྲི་དང་ནི་རྒྱན་གྱི་མཆོར། །མཆིལ་མ་འགོག་ཕྱིར་མཆིལ་ལྷམ་གྱོན། །མཆིལ་བ་ལྕགས་ཀྱུའོ་བྱེའུ་མཆིལ་བ། །མཆིས་བྲང་ཆུང་མའོ་འདིར་མཆིས་པ། །ཡོད་པའི་མཆིས་དང་མ་མཆིས་ནི། །མེད་པའོ་དེ་དག་མས་འཕུལ་ཆའོ། །
འཆི་མེད་བུ་མོ་འཆི་བས་འགྱོད། །ཆུ་ནི་འཆུ་ཞེས་ཁས་འཆེ་སྟེ། །འཆག་ས་དག་ཏུ་འགྲོ་འཆག་བྱེད། །སྐལ་བ་འཆགས་དང་ཉེས་པ་འཆགས། །རལ་གྲིའི་འཆང་གཟུང་ལག་ཏུ་འཆང༌། །ཆོས་འཆད་པ་དང་རྒྱུན་མི་འཆད། །སྲོག་འཆད་པ་དང་བཅད་པའི་འཆད། །འཆབ་པ་གསང་བའམ་སྤེད་པ་འོ། ། གར་འཆམ་གནས་འཆའ་བཅའ་བ་འཆའ། །ཉམས་འཆར་སེམས་ཀྱི་འཆར་སྒོ་དང༌། །ཉི་ཟླའི་འོད་འཆར་གཟུགས་བརྙན་འཆར། །འཆལ་བར་སྨྲ་བ་གཏད་མེད་འཆལ། །ཁྲིམས་འཆལ་ཚར་གཅོད་དོན་མི་འཆུག །འཆེག་པ་ཞེས་པ་འཇིག་པའོ། །འཆིང་བ་བློས་འཆུན་སྟོབས་ཀྱིས་འཆུན། །འཆོབས་ཤིག་གསོངས་ཤིག་ཅེས་པའོ། །བློ་ཡིས་མ་འཆུབ་བཅུམ་ནས་འཆུམས། །འདོད་ལ་ཞེན་པའི་འཆུམས་པ་དང༌། །གྲོས་འཆོམ་གནས་སུ་འཆུར་བ་དང༌། །བཟུང་བ་མི་འཆོར་ཞེན་པའི་འཆེལ། །འཆེལ་བ་འཆད་པ་ལ་ཡང་བཤད། །ཁྲོ་བོ་འཆོལ་བ་འཕྲིན་ལས་འཆོལ། །གོ་རིམ་འཆོལ་དང་ཡི་ག་འཆུས། །ཡོ་བའི་འཆུས་དང་ཚུལ་འཆོས་དང༌། །ཁས་འཆེས་པ་ནི་ཁས་ལེན་པའོ། །འཆོས་སྐྱོབ་ཡོན་ཏན་འས་འཕུལ་ཆའོ། །
ཇ༽ ཇ་ཧོང་ཞེས་པ་དམར་སེར་རམ། བཙོད་མདོག་ཀྱང་ངོ་རྒྱ་ཇ་དང༌། །ཐོད་པ་ཇ་རིལ་བྱ་རིལ་ཡང་ཟེར། །ཇི་ག་ཞེས་པ་བརྟག་པའི་ཚིག །ཅི་མི་སྙམ་དང་ཇི་སྐད་སྨྲ། །ཇི་སྲིད་ཅིག་ཏུ་ཇི་ལྟར་གྲུབ། །ཅི་འོས་ཞེས་པ་ནི་འཚམ་པ། །ཇེ་ནི་དང་པོ་ཞེས་པ་འམ། །ཇེ་ནི་རེ་ཞིག་ཇེ་ནི་དབྱངས། ། ཇོ་ཇོ་ཇོ་བོ་ཇོ་མོ་དང༌། །ཇག་པ་ཆོམ་པོ་འོ་ཇེང་ཞེས་པ། །དབྱངས་སམ་རྒྱུད་མང་ལ་ཡང་བཤད། ། མཆན་ཇུས་རྒྱས་སོགས་ཇ་རྐྱང་ངོ༌། །
ཕྲད་པའི་མཇལ་བ་མཇལ་ཕྲད་དང༌། །མས་འཕུལ་མཇེ་ནི་སྐྱེས་པའི་རྟགས། །དུད་འགྲོའི་མཇུག་མ་མཇིང་པ་དང༌། །མི་མཇེད་ཞིང་སོགས་མས་འཕུལ་ཇའོ། །
འཇི་བ་འཇིམ་པ་ལ་བརྗོད་ཅིང༌། །སྲིན་བུ་འཇུ་བ་ཁ་ཟས་འཇུ། །འདོད་འཇོ་བ་ནི་ནམ་འདོད་འཇོ། །འཇོ་སྒེག་འཇག་མ་ཁྲིམས་འཇགས་པ། །ཡིད་ལ་འཇགས་དང་འཇགས་གདན་འདིང༌། །མ་ཚོར་འཇབ་དང་རེག་བྱ་འཇམ། །འཇམ་མཉེན་གསུང་སྙན་འཇམ་པའི་དབྱངས། །ཡན་ལག་མི་འཇའ་འཇའ་བརྡེགས་པ། །འཇའ་ས་ཐོབ་དང་འཇའ་ཚོན་ཤར། །འཇར་ནས་ཁྲལ་འཇལ་ཆད་པ་འཇལ། ། བློས་འཇལ་ཚད་འཇལ་ཐོབ་ཀྱིས་འཇལ། །ཡན་ལག་ཞ་བའི་འཇས་པ་དང༌། །འཇིག་རྟེན་སྐྱེ་འཇིག་སྐྲག་པའི་འཇིགས། །མལ་འཇུག་རྗེས་འཇུག་ཆོས་ལ་འཇུག །ཤིང་སོགས་གཞོགས་པའི་འཇོག་པ་དང༌།། འཇོག་པོ་གནས་འཇོག་གང་དུ་འཇོག །རྩ་འཇིང་གཉེན་ཡིན་རྒྱ་མཚོའི་འཇིངས། །འཇུངས་པ་ཞེན་ཆགས་ཆེ་བ་སྟེ། །སེར་སྣའི་འཇུངས་དང་དབྱིབས་འཇོང་བ། །འཇུད་མཐུན་འདོད་འགྲོ་གཟུགས་འཚོ་མའོ། །འཇུད་པ་འཇུག་པའོ་མ་འཇུན་དང༌། །འཇེན་པ་ལེན་པའམ་བཅགས་པ་དང༌། །དངོས་པོ་ཡིད་ལ་འཐད་པ་དང༌། །རྣ་བར་འཐད་པ་ལྟ་བུ་འོ། །ཟངས་རིགས་འཇོན་དམར་ཁུ་བ་འཇིབ། །འཇེབས་པ་ལེགས་པའམ་སྙན་པ་དང༌། །ཡིད་དུ་འོང་བའོ་འཇིམ་པ་བསྣོས། །འཇེམ་པ་འཇོམས་བྱེད་དགྲ་འཇོམས་པ༑ ༑སྲད་བུའི་འཇུར་བ་འཇུར་འགག་དང༌། །འཇོར་ཐོགས་འཇོར་བུ་ཏོག་ཙེའོ། །ཞི་འགྱུར་འཇིལ་དང་བཅིལ་བའི་འཇིལ། །བྱེ་འུ་འཇོལ་མོ་སྤུ་འཇོལ་འཇོལ། །ལག་པ་འཇུས་ཏེ་འོ་མ་འཇོས། །འས་འཕུལ་ཇ་ཡི་སྡེ་པ་འོ། །
རྗེ་བོ་ལྷ་རྗེ་ཡབ་གཅིག་རྗེ། །རྗེ་བཙུན་རྗེ་དཔོན་དང་རྡོ་རྗེ། །རྗེ་རིགས་རྗེ་ངར་དང་གཤིན་རྗེ༑ ༑རྗེ་ས་ཞེ་སའོ་སྙིང་རྗེ་དང༌། །ཏིལ་རྗང་ཏིལ་གྱི་བང་བ་འོ། །གཟི་བརྗིད་དང་ནི་རྔམ་བརྗིད་ཆེ། ། ཤིན་ཏུ་བརྗིད་དང་རྒུད་པའི་རྗུད། །དྲན་པ་མི་གསལ་བརྗེད་ངས་དང༌། །རྗེད་པར་བྱ་དང་རིམ་གྲོར་བྱ༑ ༑བཙུན་པར་བྱ་ཞེས་བྱ་བ་ནི། །བཀུར་སྟི་དང་ནི་མཆོད་པའི་དོན། །བརྗེད་བྱེད་དང་ནི་མི་བརྗེད་གཟུངས། །རྗོད་བྱེད་ཀྱིས་ནི་བརྗོད་མི་ལང༌། །བརྗོད་བྱ་བརྗོད་དང་ཤ་རྗེན་ཟ། །རྗེན་པ་གཅེར་བུ་འམ་རྐྱང་པ། །རྗེན་ཚོས་རྗེས་འཇུག་ལག་རྗེས་དང༌། །རྗེས་འབྲེལ་རྗེས་འབྲང་རྗེས་མཐུན་དང༌། །རྗེས་སུ་བཟུང་དང་རྗེས་སུ་བསྐྱངས། །བདག་གཞན་མཉམ་བརྗེས་ནོར་བརྗེས་པ། །གླང་པོའི་རྗེས་སོགས་ར་མགོ་དང༌། །ལྡན་པའི་ཇ་ཡི་སྡེ་པ་འོ། །
ལྗགས་མཉེན་ཞིང་གི་ལྗང་བུ་དང༌། །ཁ་དོག་ལྗང་གུ་ལྗིད་ལྕི་བ། །མི་གཙང་ལྗན་ལྗིན་ཡུལ་ལྗོངས་དང༌། །སྨན་ལྗོངས་ལྗོན་ཤིང་ལོ་འདབ་རྒྱས། །ལྗོན་པ་རྟ་མགོ་ལ་མགོ་དང༌། །ལྡན་པའི་ཇ་ཡི་སྡེ་པ་འོ། །
ཉ༽ ཉ་རྒྱས་ཉ་གང་ཆུ་ཡི་ཉ། །ཉ་མ་ཉ་ཕྱིས་ཉི་མ་ཤར། །ཉི་ཚེ་བ་ནི་ཕྱོགས་རེ་བའོ། །ཉི་ཤུ་ཉི་ཟེར་ཉེ་རེག་ཁྲུས། །ཉེ་ཞོ་མེད་པ་ལེགས་པ་འམ། །སྐྱོན་མེད་པ་འམ་བཀྲ་ཤིས་པའོ། །ཉེ་བར་འཁོར་དང་ཉེ་འཁོར་དང༌། །ཉེ་དུ་ཉེ་ཚན་ཐག་ཉེ་བ། །ཉེའུ་ཆུང་ཉེ་གནས་ཉེའུ་འདོན། །ཉོ་ཚོང་བྱེད་དོ་གདོང་ཉག་པ༑ ༑ཉག་ཕྲན་མདའ་ཡིན་ཉག་གཅིག་པུ། །སྤུ་ཡི་ཉག་མ་རྩྭ་ཉག་གཅིག །ཉན་ཐོས་ཆོས་ཉན་རྣ་བས་ཉན། །ཉན་རྣ་པ་ནི་ལྐོག་ཏུ་ཉན། །ཉམས་ལེན་ཉམས་སད་ཉམས་སུ་མྱོང༌། །ཉམས་འོག་ཏུ་ཆུད་ཉམས་སུ་བླངས། །ཉམས་སུ་བསྟར་དང་ཉམས་དགའ་བ། །མ་ཉམས་པ་དང་ཉམས་མཚར་བ། །ཉམས་རྟོགས་ཅན་ལ་ཉམས་འཆར་བ། །ཉམས་རྒྱུས་ཅན་ལ་ཉམས་ཉེས་མེད། །ཉམ་ཆུང་ཉམ་ཐག་ཉམ་ང་བ། །མལ་དུ་ཉལ་དང་ཉུག་རུམ་ནི། །འབྲས་བུ་བཏོན་པའོ་བཙུན་མོའི་འཁོར། །སྤོས་ཉུག་པ་ནི་སྤོས་བྱུགས་པའོ། །ཆུ་ཉོག་པ་དང་ཤེས་པ་ཉོག །ཉིང་ཤ་ཞེས་པ་རང་གི་ཤ། །ཉིང་དགོས་ཉིང་ཁུ་ཉིང་མཚམས་སྦྱར། །ཉིང་ཏོར་ངེས་པར་ཞེས་པ་འོ། །ཉུང་མ་ཉུང་ངུ་ཉུང་ཟད་ཅིག །ཉུང་ཤོས་བདག་ཉིད་ཆེན་པོ་ཉིད། །དེ་ཉིད་འདི་ཉིད་ངོ་བོ་ཉིད། །ཉེད་པར་མི་བྱེད་ཉོད་པ་ཟས། །ཉིན་མཚན་ཉིན་སྲིབ་ཉིན་མོ་དང༌། །ཉེན་ཆེ་ཉེན་སྐོར་ཉོན་མོངས་ཆོམས། །ཉོན་ཅིག་ཉེར་བསྡོགས་ནི་སྟ་གོན། །ཉེར་ཉེར་སྒྲ་འབྱིན་བྲག་རི་ཉིལ། །སྟོང་གསུམ་མི་ཉུལ་ཉལ་ཉིལ་མེད། །ཉོལ་ཅིག་ཉིས་འགྱུར་ཉིས་རི་བ། །ཉིས་ན་ཡང་ནའམ་གཉིས་སུ་ནའོ། །ཉེས་པ་མེད་དེ་གསེར་གྱིས་ཉོས། །ཉ་ཡིག་རྐྱང་པའི་སྡེ་པ་འོ། །
གཉི་ག་གཉི་ཟེར་ཉི་ཟེར་རོ། །ནང་ཁྲོལ་གཉེ་མ་ཉག་བོར་གཉགས། །བཀའ་གཉན་པ་ནི་བཙན་པའི་གཉན། །ནད་ཀྱི་གཉན་དང་དུད་འགྲོ་གཉན། །གླང་སོགས་གཉའ་བའི་གཉའ་ཤིང་དང༌། །གཉའ་བོ་དབང་པོའོ་གཉའ་ལྟག་དང༌། །གཉིག་ཏུ་གཅིག་ཏུའོ་གཉུག་མར་གནས། །གཉུག་མ་གཤིས་སམ་གནས་ལུགས་སོགས། །གཉིད་ལོག་པ་དང་ལུས་གཉོང་ཆུང༌། །གཉེན་པོ་བཤེས་གཉེན་དང་དཔུང་གཉེན། ། གཉེན་བཤེས་ཞེས་པ་ཉེ་དུའི་གཉེན། །གཉོམ་ཆུང་བཅོལ་གཉེར་རྫས་ཀྱི་གཉེར། །ཁྲོ་གཉེར་བཞིན་གྱི་གཉེར་མ་དང༌། །གཉེར་དུ་གཏད་དང་མགྲོན་དུ་གཉེར། །གཉེར་བ་ཤར་གཉེར་དོན་དུ་གཉེར། །བཟང་ངན་གཉུལ་དང་གཉའ་ལྟག་གཉུལ། །གཉིས་སུ་མེད་དང་གྲངས་ཀྱི་གཉིས། །གས་འཕུལ་ཉ་ཡི་སྡེ་པ་འོ།།
ཆུ་ལས་སྒྲོལ་བའི་མཉན་པ་དང༌། །རྣ་བས་མཉན་བྱ་མཉན་ཡོད་གནས། །མཉམ་མེད་སྟོན་པ་མཉམ་པར་བཞག །མཉམ་པ་ཉིད་ནི་མཚུངས་པའི་མཉམ། །ཀོ་མཉེད་འཇམ་མཉེན་མཉེལ་བ་ནི༑ ༑ངལ་བའི་དོན་ནོ་མཉེས་གཤིན་དང༌། །ཀོ་ལྤགས་མཉེས་དང་དགྱེས་པའི་མཉེས། །མ་ཡིས་འཕུལ་བའི་ཉ་ཡིག་གོ །
བྱ་དང་རི་དྭགས་འཛིན་པའི་རྙི། །བརྙང་བ་འཁྲུ་བའོ་སྣང་བརྙན་དང༌། །བརྙན་པོ་གཡར་པོའོ་བརྙས་པའང་དེ། །ཕྱག་བརྙན་འཁོར་གཡོག་བརྙན་པའི་གོས། །གཡར་བའི་གོས་སོ་བརྙན་པ་ནི། །གཡར་པོའོ་གཟུགས་བརྙན་སྒྲ་བརྙན་ནི། །བྲག་ཅའོ་སྐྲ་བརྙན་སྐྲ་ཡི་ཚབ། །སྙོབ་བྱེད་ལག་པས་བརྙབ་བྱ་བརྙབས། །བརྙས་པ་གཡས་པ་སྟེ་ཉོས་པའོ། །དམན་ལ་བརྙས་པའི་བརྙས་ཐབས་སྤོངས། །ཟས་ཀྱིས་ཁ་བརྙོགས་ཆུ་རྙོག་པ། །གོས་རྙིང་རི་དྭགས་འཛིན་པའི་རྙོང༌། །རྙོང་བ་ཞེས་པ་ནི་རྐྱང་པ། །རྙོང་ངམ་བྱུག་པའམ་སྐྱང་ནུལ་ནི། །ཞལ་བའམ་ཞལ་ཞལ་ཡང་དེ་ཉིད། །དཀུ་སྐབས་མ་རྙོང་མ་རྙིད་པ། །སོ་རྙིལ་དང་ནི་ལག་པས་རྙོབས། །བདུད་རྩི་བརྙེས་པའི་གོ་འཕང་བརྙེས། །མངའ་བརྙེས་ར་མགོ་ལྡན་པའི་ཉའོ། །
རེག་བྱ་སྙི་དང་སྙེ་མ་ནི། །འབྲུ་ཡི་དོག་པའོ་སྙོབ་བྱེད་དང༌། །རྒྱུ་མཚན་བསྙད་པ་བཤད་པ་འོ། ། ཐ་སྙད་འདོགས་དང་སྙད་འདོགས་པ། །གཏམ་བསྙད་སྒྲ་སྙན་གཏམ་སྙན་དང༌། །སྙན་གྱི་སྙན་ཤལ་ཕན་ཚུན་བསྙམས། །འདི་སྙམ་དུ་སེམས་དེ་ཇི་སྙམ། །བདུད་ཀྱི་རྒྱལ་མཚན་ཐང་དུ་བསྙལ། །ལག་པ་བསྙལ་བ་བཀྲུས་པའི་དོན། །ལ་ལར་ལག་པ་བསྙུལ་བའང་ཟེར། །སྤུ་བསྙལ་ཉེས་པ་བཤགས་པ་འམ། །ཞེ་སྡང་ཞི་བའོ་མལ་དུ་བསྙལ། །ཞོ་བསྙལ་པ་དང་ཆང་བསྙལ་པ། །དུས་ཀྱི་སྙིགས་མ་བཏུང་བའི་སྙིགས། །ལྷུང་བཟེད་བསྙིག་དང་སྐྱུ་གང་བསྙུགས། །སྙུགས་སུ་ཡུན་དུའོ་བསྙུགས་བསྲིང་ནི། །ཡུན་བསྲིང་བའོ་རྗེས་སུ་བསྙེགས། །གང་དུ་སྙེག་པ་དེར་སྙོགས་ཤིག །ཁོང་པའི་སྙིང་དང་སྙིང་རྗེ་དང༌། །སྙིང་ཉེ་བ་དང་འགྲོ་སྙིང་འདོད། །སྙིང་པོ་སྙིང་ལས་ཆུང་ངུར་གནས། །འབིགས་བྱེད་སྙུང་དང་ནད་ཀྱི་སྙུང༌། །བསྙུངས་པ་ཉུང་ངུར་བྱས་པ་འོ། །བསྙེངས་པ་འཇིགས་པའོ་གཉེན་སྙིད་མོ། །ཇི་སྙེད་དེ་སྙེད་བྱེ་མ་སྙེད། །ཟས་སྙོད་གོས་སྙོད་སྐུད་པ་སྙོད། །སྙུན་ནི་ནད་ཡིན་བསྙུན་པ་ནི། །ན་བའི་མིང་ངོ་བསྙེན་བཀུར་དང༌། བསྙེན་པ་བསྟེན་པའོ་བསྙེན་བསྲིང་ནི། །ཉེ་རིང་ངོ་མ་རེག་པ་ཙམ་དུ། །དྲུང་དུ་བསྙེན་པ་ནི་ཉེ་བ། །བསྙེན་གནས་དགེ་བསྙེན་བསྙེན་རྫོགས་དང༌། །ལྷ་ནི་བསྙེན་ཕྱིར་བསྙེན་པ་བྱས། །སྙོན་པ་སྙོན་ཅན་སྙོན་འདིང་བ། །སྙོན་དོར་ལ་ལར་སྙོན་ཏོལ་ཟེར། །སྙིམ་པ་ལག་པའི་ཁྱོར་བ་འོ། །སྙེམས་དང་སྙེམས་པ་ང་རྒྱལ་མིང༌། །འགྲོ་ལ་སེམས་སྙོམས་བཏང་སྙོམས་དང༌། །བསོད་སྙོམས་པ་དང་སྙོམས་འཇུག་པ། །སྙོམས་ལས་པ་དང་ཁྲོ་གཉེར་བསྙེར། །བསྙིལ་བ་དོར་བའམ་ཕྱིར་བསྐྲད་པ། །བྲག་རི་བསྙིལ་དང་ཆར་དུ་བསྙིལ། །བསྙེལ་བ་བརྗེད་པའོ་སྤུ་སྙོལ་ནི། །ཁྲོ་བ་བསྐྱུངས་དང་ཞེ་སྡང་ཞི། །རྒྱགས་པ་མེད་དང་བཟོད་པ་འོ། །ཞོ་ཆང་བུ་སྙོལ་སྔས་ལ་སྙེས། །བསྙོས་པ་སར་བཏགས་ཉ་ཡིག་གོ །
ཉྭ་ནི་རྐང་ལག་ཉྭ་བཞི་སྟེ། ཝ་བཏགས་ཉ་ནི་དེར་ངེས་སོ། །
ཏ༽ ཞལ་ཏ་དཀོན་མཆོག་ཏ་ལ་ལ། །ཏ་ཧུང་ཏ་དབེན་རྒྱ་ནག་སྐད། །ཏེའུ་ཤིང་ཁྲི་དང་ཤང་ཤང་ཏེའུ།། རྟག་ཏུ་རབ་ཏུ་མཆོག་ཏུ་གྱུར། །རྒྱབ་ཏུ་ཤིན་ཏུ་ཕ་རོལ་ཏུ། །བརྟགས་ཏེ་བསྟན་ཏེ་ལེགས་བསྟར་ཏེ། ། ཏེའུ་ལོ་ནི་ཆུ་བྱིའང་ཟེར། །ཏེ་པོར་ལེགས་པར་ཞེས་པ་འམ། །ཏེ་པོར་ཤིན་ཏུའམ་རབ་ཏུ་དང༌། །དམ་པ་དང་ནི་སྲ་བ་དང༌། །དྲག་པ་ཚབས་ཆེ་བ་ལའང་འཇུག །གལ་ཏེ་དབྱུག་ཏོ་ཐོར་ཏོ་དང༌། །སྩལ་ཏོ་གྱུར་ཏོ་དེར་ཕྱིན་ཏོ། །ཏང་ཀུན་འོན་ཏང་འོན་ཀྱང་ངོ༌། །ཡོན་ཏན་ནན་ཏན་ནན་ཏར་དང༌། ཏལ་བ་ཏལ་ཅམ་ཏལ་མ་དང༌། །ཏིག་ཏིག་མུ་ཏིག་སྒྲ་ཏིག་ཏིག །སྔོ་ཡི་ཏིག་ཏ་ཏུག་ཆོམ་སྒྲ། །རྫ་རྔ་སོགས་ཀྱི་སྒྲའི་ཏུག་རིད། །ལོ་ཏོག་ཏོག་ཙེ་ཏོག་ཏོག་སྒྲ། །ཞབས་ཏོག་རྩི་ཏོག་ཟ་མ་ཏོག །ཏོག་དང་མེ་ཏོག་ནོར་བུའི་ཏོག ། ཏིང་འཛིན་ཏིང་ཕོར་ཏིང་ལོ་དང༌། །ཏིང་ཏིང་ཤག་གི་སྒྲ་ཏིང་ཏིང༌། །ཏོང་ཁུན་ཞེས་པ་རྒྱ་ནག་སྐད། །ཁ་ཏོན་སྤྱི་ཏོར་ནི་གཙུག་ཏོར། །ཏིལ་དང་གཤིན་རྗེ་ཏེལ་བ་སོགས། །ཏ་ཡིག་རྐྱང་པའི་སྡེ་ཚན་ནོ། །
གཏི་བ་སྨྲ་བ་ཞེས་པའོ། །གཏི་མུག་གཏི་ཐུག་བརྡུང་གཏག་བྱས། །གཏང་བྱ་མ་གཏང་གཏང་རག་གྱིས། །ལག་ཏུ་གཏད་དང་གཞན་ལ་གཏད། །ཡོངས་སུ་གཏད་དང་བསམ་གཏན་དང༌། །གཏན་ཚིགས་གཏན་འབེབས་གཏན་ལ་ཕབས། །གཏན་པ་མེད་པའི་མཆོད་སྦྱིན་དང༌། །གཏན་དུ་ཞེས་པ་དུས་ཡིན་ལ། །གཏན་གྱི་འདུན་མ་སྒོ་གཏན་ནི། །སྒོ་གླེགས་གཏམ་གླེང་གཏམ་གྱི་གཞི། །གདམས་པའི་གཏམ་དང་གཏམས་དཀྲིགས་གྲངས། །གཏམས་པ་ཁེངས་པའམ་གང་བ་དང༌། །བཤད་པ་དང་ནི་བསྟན་པ་དང༌། །བཅོལ་བ་དང་ནི་བལྟམས་པ་དང༌། །སྐྱེས་པ་དང་ནི་འཁྲུངས་པའོ། །གཏའ་ནི་ནོར་གྱི་གཏའ་མ་འོ། །གཏའ་གམ་ནར་སོན་བོང་ཚོད་ཞན། །ཁྲག་གཏར་ཆུ་གཏིགས་ཟད་པའི་གཏུགས། ། ཞབས་ལ་གཏུགས་དང་སེ་གོལ་གཏོགས། །ལྷ་ཆེན་གཏོགས་འདོད་ཁོངས་སུ་གཏོགས། །གཏིང་ཕྱིན་པ་ནི་དཔྱིས་ཕྱིན་པ། །གཏིང་ཟབ་པ་དང་ཟབ་ཀྱི་གཏིང༌། །སྦྱིན་པ་གཏོང་བ་ལག་ཏུ་གཏོད། །འབེན་ལ་གཏོད་དང་དམིགས་པ་གཏོད། །གཏུན་བུར་རྡུང་བྱེད་གཏུན་ཤིང་དང༌། །གཏིབ་ཆད་པ་ནི་རྡིབ་ཆད་པའོ། །ན་བུན་གཏིབས་དང་དུམ་བུར་གཏུབས། །མགོ་གཏུམ་ཁྲོ་གཏུམ་གཏུམ་པོ་དང༌། །གཏུར་བུ་ཆོས་གོས་འཇུག་པའི་སྣོད། །ས་འོག་གཏེར་དང་གཏེར་ཟན་གཏོར། །གཏོར་མ་གཏོར་ཞིང་སྤོས་གཏུལ་བ། །གཏོལ་མེད་པ་ནི་ཆ་མེད་པའམ། །ཐབས་མེད་པའམ་རྒྱུས་མེད་པའོ། །མཚང་ནས་བརྟོལ་དང་གཏོས་ཆེ་བ། །རི་བོའི་གཏོས་མཉམ་གས་འཕུལ་ཏའོ། །
སྔགས་བཏུ་མིང་བཏགས་ཐ་སྙད་བཏགས། །ཐགས་མཁན་གོས་བཏགས་ཐག་པས་བཏགས། ། བཏགས་ཡོད་ཀུན་བཏགས་སྒྲོ་བཏགས་པ། །ཕྱེ་མར་བཏགས་དང་ཞིབ་མོར་བཏགས། །མང་པོ་བསད་པའི་ཁ་བཏགས་པ། །བཏང་སྙོམས་བཏང་བཟུང་སྤྱིར་བཏང་དང༌། །བྱ་བཏང་པ་དེས་བློས་བཏང་བ།། ལ་ལར་བཏང་བ་མགོན་ལའང་བཤད། །ཕོ་ཉ་བཏང་བས་བྱ་ཞིག་བཏང༌། །ཞིང་ལ་ཆུ་བཏང་དུས་བཏབ་པ། །ས་བོན་བཏབ་དང་སྨོན་ལམ་བཏབ། །གསོལ་བཏབ་རྒྱས་བཏབ་ཕུར་བུས་བཏབ། །ལག་པ་བཏེགས་དང་བྱེས་སུ་བཏེགས། །མགྲིན་པ་བཏེགས་ཏེ་ཁ་སྤུ་བཏོག །གདན་བཏིང་བ་དང་སྲ་བརྐྱངས་བཏིང༌། །བཏུངས་པ་ཞེས་པ་ནི་བསད་པ། །བཟའ་བཏུང་ལུས་བཏུད་སྲོལ་བཏོད་པ། །རྩད་ནས་བཏོན་དང་ཁ་ཏོན་བཏོན། །ཡུལ་ནས་བཏོན་པ་སྡོད་མི་བཏུབ། །རུང་བའི་བཏུབ་དང་དར་གྱིས་བཏུམ། ། བདུད་བཏུལ་སྨན་བཏུལ་གདུལ་བྱ་བཏུལ། །སྨན་བཏུས་ཀུན་ལས་བཏུས་པ་སོགས། །བ་ཡིས་འཕུལ་བའི་ཏ་ཡིག་གོ །
རྟ་དང་རྟ་བབས་རུ་རྟ་དང༌། །བྱ་མ་རྟ་ནི་ཕོ་ཉ་བ། །རྟེ་འུ་རྟག་པ་མི་རྟག་པ། །བརྟག་བྱ་བརྟགས་དང་བརྟགས་པ་ནི། །གུས་པའམ་སྒྲིན་པ་ཞེས་པ་འོ། །རྟགས་སུ་བཀོད་པ་ལེགས་པར་བརྟགས། །བརྟད་པ་གློ་བུར་བའོ་མི་འགྱུར་བརྟན། །ཡིད་བརྟན་གནས་བརྟན་བརྟན་མཁས་ལྡན། །རྟབ་པ་རིངས་པ་སྟེ་བྲེལ་བ། །མ་རྟབ་པ་ནི་མི་རིངས་པ། །རྟབ་རྟབ་པོར་གྱུར་བྲེད་པའི་རྟབ། །བརྟ་བ་རྒྱས་པར་བྱ་བ་དང༌།། བརྟས་པ་རྒྱས་པ་ཞེས་པ་འོ། །ལུས་སེམས་བརྟས་དང་མི་གཙང་རྟུག །རྟོག་གེ་རྟོག་དཔྱོད་རྣམ་རྟོག་དང༌། །གཞལ་བའི་རྟོགས་དང་ཐོབ་པའི་རྟོགས། །རྟོག་དཔྱོད་རྟོག་ལྡན་མི་རྟོག་པ། །ལས་ཚོགས་ལ་ཡང་རྟོག་པ་ཟེར། །ཐུབ་པའི་ཞབས་ཀྱི་རྟིང་པ་ཡངས། །རྟེའུ་སྐྱེས་རྟིང་སྐྱེས་འཕྱིས་པ་འོ། །རྟིང་མ་ཞེས་པ་རྗེས་མའོ། །ཐག་པས་བརྟོད་དང་བརྩོན་པའི་བརྟུན། །བརྟུན་ངས་པ་ནི་གཟུ་ལུམ་དང༌། །རང་བཟོའམ་གཞན་ལ་གནོད་པ་དང༌། །འདོད་པ་ཆེ་བ་ལྟ་བུ་འོ། །མཆོད་རྟེན་རྟེན་འབྲེལ་རྟེན་བརྟེན་པ། ། རྟོན་པ་འདོད་པའམ་ཡིད་ཆེས་པ། །རྗེས་སུ་འབྲངས་པ་ཞེས་པ་འོ། །རྟུལ་ཕོད་སྙིང་སྟོབས་ཆེ་བ་དང༌།། བརྟུལ་ཞུགས་ཆ་ལུགས་འཆང་བ་འོ། །བརྟུལ་ནི་འཇམ་པ་ལ་ཡང་བརྗོད། །མོངས་རྟུལ་བླུན་པོའོ་དབང་པོ་རྟུལ། །སྤྱི་རྟོལ་བསྐྱེད་དེ་རྨ་སྨིན་བརྟོལ། །རྟོལ་གོག་རང་གི་གནས་སུ་བརྟོལ། །སྦུབས་བརྟོལ་ཚིག་བརྟོལ་དབུ་བ་བརྟོལ། །ཡོངས་འདུ་ས་བརྟོལ་ཤིང་ཞེས་པ། །ར་མགོ་ཅན་གྱི་ཏ་སྡེ་འོ། །
གྲུབ་མཐའི་ལྟ་བ་མིག་གིས་བལྟ། །ལྟ་བ་འཇིག་ལྟ་མཐར་ལྟ་དང༌། །ལྟ་ལོག་ལྟ་མིན་རྟག་ལྟ་དང༌། །ཆད་ལྟ་ལྟ་ཞོག་ལྟ་ཅི་སྨོས། །ད་ལྟ་བ་དང་བལྟ་བར་བྱ། །དེ་ལྟ་བུ་དང་འདི་ལྟ་སྟེ། །ལྟ་བར་བྱེད་པའི་མིག་གིས་བལྟས། །ལྟོ་འཕྱེ་ལུས་ཀྱི་གཉའ་ལྟག་དང༌། །ལྟག་སྒྲེ་ཞེས་པ་ནི་ལྟག་ཐེར། །ལྟག་འོག་སྔ་ཕྱི་འམ་གོང་འོག །ལྟག་ཆོད་སྨྲ་ཞིང་བུར་ལྟང་ཟ། །ལྟད་མོ་གོས་ལྟབས་སྐུ་བལྟམས་པ། །ལྟར་སྣང་མངལ་གྱི་ལྟར་ལྟར་པོ། །ལྟས་ནི་སྔ་ལྟས་བཟང་ངན་གཉིས། །འགྲངས་ལྟོགས་ལྟུང་བས་ངན་འགྲོར་ལྟུང༌། །ལྟེང་རྒྱས་འོད་སྲུང་ལྟེང་ག་དང༌། །མདའ་ལྟོང་གོས་ལྟེབ་ལྟེམས་ཀྱིས་གང༌། །ལྟོས་འགྲོ་ལྟོས་ས་ལྟོས་འཇོག་དང༌། །ལྟོས་ཆོས་རེ་ལྟོས་མིག་གིས་ལྟོས། །ལ་མགོ་ལྡན་པའི་ཏ་ཡིག་གོ །
སྟ་གོན་སྟ་རེ་དང་དགྲ་སྟ། །སྟ་ཟུར་དཔྱི་མགོའོ་བསྟི་སྟངས་དང༌། །བསྟི་བ་ངལ་བསོ་བའོ་བསྟི་གནས་ནི། །ངལ་བསོའི་གནས་སོ་བཀུར་སྟི་དང༌། །མོ་རྟགས་སྟུ་དང་མཚོན་སྟེ་འུ། །ཤ་སྟག་མེ་སྟག་ཤིང་སྟག་པ། །ཡ་སྟགས་གྲོང་ཚིག་ཡས་སྟགས་ཟེར། །གཅན་གཟན་སྟག་དང་རྡོ་སྟང་ཟིལ། །བསྟང་པ་མགོན་ནམ་བསྟང་པ་གྲོགས། །དཔའ་བོའི་སྟངས་སྟབས་བྱིན་ལེན་བསྟབས། །འཇིགས་སྟངས་ལྟ་སྟངས་བློའི་འཛིན་སྟངས། །སྒ་བསྟད་སྣ་བསྟད་འགྲོ་ཆས་བསྟད། །ཆོས་བསྟན་བསྟན་པ་ལ་གཞུག་ཕྱིར། །བསྟན་བཅོས་བཟུང་དང་བསྟན་པ་བཟུང༌། །འདིང་བའི་སྟན་དང་མལ་སྟན་དང༌། །སྟབས་བདེ་རྐང་པའི་སྟངས་སྟབས་དང༌། །བསྟབས་པ་ཞེས་པ་བྱིན་པ་འམ། །བྲིམ་པ་ཞེས་པའོ་ཞལ་དུ་བསྟབས། །སྟངས་གཅིག་ཁྱུ་མཆོག་སྟབས་གཤེགས་དང༌། །ཕྲེང་བའི་སྟར་དང་ཉམས་སུ་བསྟར། །བསྟར་བ་ལེགས་པའམ་བྱི་དོར་དང༌། །གཟབ་པ་དང་ནི་སྤྲས་པ་དང༌། །སེམས་ལ་སྒོམ་དང་ཡོད་པ་འོ། །སྟར་བུ་སྟར་ག་ལག་ཏུ་བསྟར། །སྟུག་པོ་བཀོད་པ་འཐུག་པའི་སྟུག །གཞོགས་སྟེགས་འཕྱར་གཡེང་སྟེ་སྟེགས་བུ། །མུ་སྟེགས་འཕྱ་བའི་བསྟིང་ཚིག་དང༌། །བསྟིང་ཚིག་སུན་འབྱིན་པ་ཡི་ཚིག །ཐུང་དུ་བསྟུང་དང་སྟེང་གི་ཕྱོགས། །ཁོང་སྟོང་དང་ནི་ཟད་པའི་སྟོང༌། །སྟོངས་ནི་ཕན་པའམ་སྟོངས་ནི་གྲོགས། །སྟོང་ཕྲག་གྲངས་ཡིན་སྟོང་པ་ཉིད། །ཡང་ཡང་བསྟུད་དང་བསྟུད་མར་འབྱུང༌། །ངོ་བསྟོད་ཟོལ་བསྟོད་བསྟོད་པའི་ཚིག །བློ་དང་བསྟུན་ཏེ་བྱ་བ་བསྟུན། །གཞུང་དང་བསྟུན་ཏེ་མཁས་པ་བསྟེན། །བསྟེན་པ་བཀུར་བའམ་བསྙེན་པའོ། །སྟོན་པ་ཆོས་སྟོན་སྟོན་ཀའི་དུས། །སྟོན་མོ་འགྱེད་དང་བྱིན་ལེན་སྟོབ། །རྩལ་གྱི་སྟོབས་དང་ཞལ་དུ་སྟོབ། །སྟོབ་པ་འབྲིམ་པའམ་སྟེར་བ་དང༌། །སྟོབ་པ་མགྲོན་དུ་གཉེར་བར་བཤད། །དངོས་སྟོབས་དངོས་པོ་སྟོབས་ཞུགས་དང༌། །ས་ལ་བསྟིམ་ཞིག་བྱད་སྟེམས་དག བསྟིར་མེད་མནར་མེད་ངལ་བསོ་མེད། །ཕོངས་ལ་ནོར་སྟེར་བོར་བའི་སྟོར། །སོ་སྟོར་བ་ནི་སོ་ཟིང་བ། །མི་གཙང་འབབ་པའི་སྟོར་ཁུང་དང༌། །སྟེས་དབང་སྟབས་ལེགས་སམ་སྟབས་ཤུགས། །མ་སྟེས་པ་ནི་མ་ལེགས་སོ། །ས་མགོ་ཅན་གྱི་ཏ་ཡི་སྡེའོ། །
ཐ༽ ཐ་ཚིག་ཅེས་པ་ཚིག་གི་དོན། །ཐ་སྙད་ཐ་ག་ཐ་ག་པ། །ཐ་བ་རེངས་པའོ་ཐ་རྒོད་བཏུལ། །ཐ་ཆད་པ་ནི་ངན་པ་དང༌། །ཐ་རམས་ཞེས་པ་གཏམས་པའོ། །ཐ་རམ་ངན་པའོ་ཐ་ཤལ་པ། །ཐ་མ་ཐ་ན་ཐ་བའི་སེམས། །ཐ་ཆུང་ཐ་དད་ཐ་མི་དད། །ཐ་མལ་ཐག་རིང་ཐགས་འཐག་པ། །བསམ་པ་ཐག་པས་ཐག་པ་བསྔོགས། །ཐག་རན་བཏགས་པའོ་ཐག་བཅད་པ། །ཐང་ཕྲོམ་ཐང་ཤིང་ཐང་ཆུ་ཟགས། །ཐང་གི་དཀྱིལ་དུ་ཐང་མར་བརྡལ། །ཐང་ག་བྲིས་པས་ཐང་ཆད་དེ། །ཐང་གཅིག་ཤ་ཐང་ཐང་དུ་འབད། །ཐད་ཀ་ཐན་ལྟས་ཐན་པ་དང༌། །ཐན་ཀོར་ཉེས་ཀོར་རམ་ཉེ་འཁོར། །ཐབས་ལ་མཁས་དང་ཐབས་ཅིག་ཏུ། །མེ་ཡི་ཐབ་དང་ཐམ་ག་དང༌། །ཐམས་ཅད་དང་ནི་བརྒྱ་ཐམ་པ། །ཐར་པ་ཐོབ་པ་འཕྲང་ལས་ཐར། །ཐལ་བར་གྱིས་ཤིག་ཐལ་མར་ཕུག །ཧ་ཅང་ཐལ་བའི་ཐལ་འགྱུར་འཕེན། །ཐལ་ལྕག་ཐལ་སྦྱར་ཐལ་མོ་རྡེབ། །བལ་གྱི་ཐི་གུ་བྱ་ཐི་བ། །གོས་ཀྱི་ཐུ་བ་བུ་ཐུ་བོ། །སྒོ་ཁྱི་ཐུ་མོ་འདྲེ་ཐེ་འུ་རང༌། །ཐེའུ་ཚེ་ཐེ་ཚོམ་ཐོ་ཡོར་དང༌། །མཚན་མཐའི་ཐོ་རེངས་ཐོ་བཙུན་དང༌། །ཐོ་བཙུན་ཐོ་བ་ཐོ་ལུམ་དང༌། །ཐིག་བཏབ་པ་དང་ཚོད་ཐིག་པ། །ཐིག་ལེ་ཆུ་ཐིགས་ཐུག་དཀར་ནག །ཕོག་ཐུག་ཐུག་རེག་ལུག་ཐུག་རེ། །ཐུགས་ཀ་ཐུགས་རྗེ་ཐེག་པ་ཆེ། །ཐེག་ཚད་ཁུར་ནས་གཞན་དུ་ཐེགས། །ཐོགས་པ་མེད་པ་གནམ་ལྕགས་ཐོག །ཐོག་མ་མེད་དང་ཁང་པའི་ཐོག།། ཐིང་རིལ་རིང་ཐུང་གནས་སུ་ཐེངས། །བཟུང་བ་ཐོང་ཞིག་ཚེ་བློས་ཐོངས། །ཐོང་གཤོལ་ཤ་ཁྲག་ཐེད་ལ་བོར། །ཐོད་ལེ་ཀོར་དང་མགོའི་ཐོད་པ། །ཐུན་མོང་ཐུན་ཚོད་ཐུན་གྱིས་བྲབ། །ལམ་དུ་ཐོན་དང་ཁ་ཏོན་ཐོན། །མུན་པའི་ཐིབས་པོ་ནགས་ཐིབས་པོ། །ཐིབས་ནི་རྡིབས་ཏེ་གཏིབས་ཀྱང་ཟེར། །ཐིབས་ནོན་རྡིབས་ཀྱིས་ནོན་པ་འོ། །ཐུབ་པ་དཀའ་ཐུབ་ཐུབ་ཚོད་དང༌། །ཟ་ཐེབས་གཅིག་དང་འགྲོ་ཐེབས་གཉིས། །ས་བོན་ཐེབས་དང་སྨོན་ལམ་ཐེབས། །ཐོབ་བྱ་ཐོབ་དང་མ་ཐོབ་དང༌། །ཐོབ་ཀྱིས་འཇལ་བ་ཞེས་པ་ནི། །ཐབས་ཀྱིས་གཞན་ནོར་འགུགས་པ་འོ། །ཆུ་ལ་ཐིམ་དང་ཐུམ་ཕྲས་དང༌། །ཐུམ་པོ་ཁུར་ནས་ཐེམ་པ་རྒལ། །ཐེམ་བུ་ཐེམ་སྐས་སྐལ་བ་ཐེམ། །ཐུར་མ་གྱེན་ཐུར་ཐེར་ཟུག་དང༌། །ཐེར་འབུམ་ཐོར་ཏོ་རྩེ་མོ་འོ། །ཐོར་ཅོག་ཐོར་ཚུགས་ཐོར་བུ་བ། །ལུས་མེད་ཐུལ་དེ་ཐེལ་གྱིས་འབབ། ། ཐོལ་བྱུང་ཐོས་སོ་མཉན་བྱ་རྣམས། །ཐོས་པའི་ཆོས་ལ་ཐོས་བསམ་གྱིས། །རྐྱང་པ་ཡི་ནི་ཐ་སྡེ་འོ། །
ནུས་མཐུ་མཐུ་སྟོབས་མཐུ་བོ་ཆེ། །མཐེ་བོང་མཐེ་བོ་མཐེ་འུ་ཆུང༌། །མཐོ་འཚམ་མི་བྱེད་མཐོ་རིས་འགྲོ། །ཚད་ཀྱིས་མཐོ་དང་དཔངས་མཐོ་བ། །སྨད་ཀྱི་མཐང་དང་མཐང་གོས་དང༌། །མཐའ་དག་ཅེས་པ་མང་ཚིག་གོ །མཐའ་འཁོབ་ཡོད་མཐའ་མེད་མཐའ་དང༌། །མཐའ་མེད་པ་དང་མཐའ་ཡས་པ།། མཐའ་གྲུ་ཐ་གྲུ་གཉིས་རྒྱ་ཁྱོན། །མཐར་གྱིས་ཞེས་པ་རིམ་གྱིས་སོ། །མཐར་འཛིན་མཐར་བྱེད་མཐར་ཕྱིན་པ། །མཐར་ཆགས་མཐར་ཐུག་མུར་ཐུག་པའོ། །མཐིང་ག་མཐོན་མཐིང་མཁའ་ཡི་མཐོངས། །མིག་གིས་མཐོང་དང་རྒྱ་མཐོངས་དང༌། །བྲང་གི་མཐོང་ག་ཆད་པ་འཐུད། །མཐུན་དང་མི་མཐུན་གཞི་མཐུན་དང༌། །བློ་མཐུན་མཐོན་ཀ་མཐོན་པོའི་རྩེ། །རྟ་ཡི་མཐུར་མདའ་ལག་པའི་མཐིལ། །ལྷམ་གྱི་མཐིལ་དང་ལུང་པའི་མཐིལ། །ཉམས་ལེན་མཐིལ་དུ་མཐོལ་བཤགས་མཛད། །མཐོལ་བཤགས་མཐོལ་བ་འགྱོད་པ་དང༌། ། མཐོལ་བ་སྨྲ་བའམ་མི་སྦེད་པའོ། །མ་ཡིས་འཕུལ་བའི་ཐ་སྡེ་འོ། །
མེ་ཏོག་འཐུ་དང་གྲོས་ལ་འཐུ། །ཐགས་འཐག་འབྲུ་འཐག་ཕྱེ་མར་འཐག །འཐད་མི་འཐད་དང་འོས་པའི་འཐད། །ནན་ཏན་འཐན་པ་མི་འཐན་པོ། །འཁྲུག་པའི་འཐབ་པ་འཐབ་མོ་སྟེ། །འཐམས་པ་ཞེས་པ་བྱམས་པའོ། །གྲོགས་སུ་འཐམས་དང་མཁྲེགས་པའི་འཐས། །ཆུ་འཐིག་རྔམས་འཐུག་ཤ་ལ་འཐོག སྨོད་ཚིག་འཐིང་སླད་འཐོར་འཐུང་ཁྲུས། །སྐོམ་འཐུང་རྐང་པ་འཐེང་པོ་དེ། །ཐག་པས་འཐེན་དང་ནང་ནས་འཐོན། །ཆར་སྤྲིན་འཐིབས་དང་ན་བུན་འཐིབས། །ཟས་འཐེབ་གོས་འཐེབ་འཐོབ་པར་རེ། །བློ་འཐུམ་རས་ཀྱིས་ཐུམ་མི་ཐུམ། །བྲེང་འཐོམ་དང་ནི་ནན་ཆགས་འཐེམས། །ཆུ་འཐོར་བ་དང་དུ་བ་འཐུལ། །ཟས་ལ་འཐུས་དང་གྲོས་ལ་འཐུས། །འས་འཕུལ་ཐ་ཡི་སྡེ་ཚན་རྫོགས། །
ད༽ ད་ནི་ཕལ་ཆེར་དུས་ལ་འཇུག །དུ་མ་ཡོད་དང་གྲངས་དུ་ཡོད། །སྤོས་ཀྱི་དུ་བ་དེ་ན་འཐུལ། །དེ་ནས་དེ་རིང་དེ་ཅི་ཞིག །དེ་ལ་དེ་བཞིན་དེ་ཇི་སྙམ། །དེ་དག་དེ་ལྟ་དེ་བས་ན། །དེ་ཁོ་ན་ཉིད་དེ་བཞིན་ཉིད། །དེ་ཉིད་དེ་ཡང་དེ་ཙམ་མོ། །དེ་འུ་བསད་དང་དེ་འུ་ཤི །དོ་མོད་དོ་ཤལ་དོ་མི་བསྡོ། །དོ་གལ་དོ་ར་སྤར་བ་དོ། །སྒྲིབ་པ་དག་དང་བཀྲུས་པས་དག །དག་ཚང་འདི་དག་ལྷ་མི་དག །གང་དག་ཡོངས་དག་དག་པའི་ཞིང༌། །དང་པོ་ཐོས་པ་དང་དུ་ལེན། །སྡོད་དང་ཉོན་དང་ཆོས་གྱིས་དང༌། །དང་ག་བདེ་ཞིང་དང་བ་འདྲེན། །དང་ར་བླ་གབ་མེད་པ་ཡི། །ར་བའོ་དྭངས་བསིལ་དད་པ་སྐྱེ། །དན་རྟགས་ཚེ་སྔོན་གར་སྐྱེས་པའི། །མཚན་མ་ཚེ་འདིར་གསལ་བའོ། །སྐྱེས་བུ་དམ་པ་དམ་ཚིག་ལྡན། །དམ་ཉམས་དམ་སྲི་དམ་དུ་བཅིངས། །དམ་རྒྱ་ཞེས་པ་ཁྲིམས་ཡིན་ལ། །དར་བ་འཐུང་ཞིང་དར་སྐུད་འཁེལ། །འཕེལ་བའི་དར་དང་ཆུ་ཡི་དར། །སོས་དལ་དུས་སུ་དལ་ཁ་བཟློག །དལ་འབྱོར་རྟེན་ཐོབ་དིག་པ་མིན། །དུགས་ཁང་བསྲོ་ཁང་ངམ་ཁྲུས་ཁང༌། །དུག་བཅོམ་སྐུད་པའི་དོག་པ་དང༌། །ཐེ་ཚོམ་མ་ཆོད་དོགས་པ་ཆེ། ། ཡངས་པ་མིན་པའི་གནས་དོག་པ། །ཕྲག་དོག་མི་བྱ་དེང་སང་དུས། །འབུད་པའི་དུང་དང་དུང་དུང་བློ། ། གཞན་དུ་དེངས་ཤིག་དོང་ཀ་ཟོ། །ས་ལ་ཐུར་དུ་བརྐོས་པའི་དོང༌། །དེར་དོང་བ་ནི་དེར་སོང་བའོ། །སྤོས་ཀྱི་དུད་པ་མགོ་བོ་དུད། །དུད་འགྲོ་བྲོས་པ་བདས་པའི་དེད། །དེད་དཔོན་དང་ནི་སྐྱེ་མཆེད་དོད། །དོན་མཐུན་ཚོང་པའོ་འགྲོན་པོའང་དེ། །གདམས་པའི་དོན་པོ་དོན་གྱི་གནད། །དོན་དམ་བདེན་པ་དོན་དམ་པ༑ ༑དོན་མེད་དོན་ལོག་དོན་དང་ལྡན། །དོན་བཅས་བློ་ཡི་ཡུལ་གྱི་དོན། །བརྗོད་བྱའི་དོན་དང་རང་དོན་དང༌། །གཞན་དོན་བསྒྲུབས་པས་མ་དུབ་པ། །འགལ་དུམ་གཏུབས་པའི་དུམ་བུ་དང༌། །སྡེ་ཚན་དུམ་བུ་གཅན་གཟན་དོམ། །རྨོན་དོར་དུར་ཁྲོད་རྩྭ་དུར་བ། །དོར་བ་མེད་དང་གཞན་དུ་དོར། །དོར་བྱེད་རྒྱལ་སོགས་རྒྱལ་ཐབས་གཡོ། །དོར་མ་སྨད་གོས་སྦུབས་ཅན་ནོ། །དབང་པོ་དུལ་དང་རྟ་དུལ་བ། །དོལ་ནི་རྔོན་པའི་ཡོ་བྱད་དོ། །འདས་པའི་དུས་དང་མ་འོངས་དུས། །ད་ལྟའི་དུས་དང་དུས་བཏབ་པ། །དུས་ཀུན་དགེ་བ་དེས་པ་ནི། །ཡི་དམ་བརྟན་པ་ཞེས་པ་འོ། །རྒྱུ་མཚན་དེས་ན་ད་རྐྱང་ངོ༌། །
རྙེད་པ་ལ་གདུ་ཟས་ལ་གདུ། །རྒྱན་གྱི་གདུ་བུ་ཁུ་བ་གདུ། །གདགས་པའི་བསྟན་བཅོས་མིང་གདགས་པ། །དམ་ལ་གདགས་དང་གདུང་མར་གདགས། །གདགས་པའི་གཞི་ལ་ཐ་སྙད་གདགས། ། གདངས་ཅན་ཀུན་དགའ་ར་བ་ན། །གདངས་སྙན་སྐད་གདངས་བསྙུང་བ་གདངས། །གདང་བུ་སྐས་གདང་གོས་འགེལ་དང༌། །ཁ་གདངས་སྤར་མོ་གདངས་པ་དང༌། །གདན་བཏིང་བ་དང་གདན་དྲངས་པ།། གསལ་གདབ་གསོལ་གདབ་སྨོན་ལམ་གདབ། །ཐིག་གདབ་པ་དང་ཕུར་བུས་གདབ། །ས་བོན་གདབ་དང་གདམ་ང་བྱེད། །བཀའ་གདམས་པ་རྣམས་གདམས་ངག་སྟོན། །གཉེར་གདམས་བཅོལ་གདམས་ཞེ་སའི་གདའ། །མཚོན་ཆ་རྡར་བར་བྱེད་པའི་བརྡར། །ཐུང་གདར་སོས་གདལ་ཁྱབ་གདལ་ཆེ། །གདུགས་ནི་ཉི་མའམ་ཉིན་པར་རོ། །ཚད་སྐྱོབ་གདུགས་ནི་འབུབས་པའི་གདུགས། །གདུག་པ་ཅན་དང་སྲང་ལ་གདེག གྱེན་དུ་གདེག་དང་གཏིང་བ་སྟན། །ཟས་སྐོམ་གྱིས་གདུངས་ནོར་གྱིས་གདུངས། །གདུགས་ཀྱིས་གདུངས་ནི་ཉི་མས་གདུངས། །གདུང་རྒྱུད་བརྩེ་གདུང་ཁང་པའི་གདུང༌། །སྐུ་གདུང་གདེང་ཐོབ་གདེངས་ཀ་ཅན། །མཚོན་གདེང་གདོང་ནི་བྱད་ཀྱི་གདོང༌། །གདོད་མའི་དུས་དང་གདོད་མ་ནས། །གདོད་ནས་མ་གྲུབ་ད་གདོད་འབྱུང༌། །གདོན་མི་ཟ་བར་གདོན་རྣམས་གཞོམ། །ཁ་ཏོན་གདོན་དང་གནས་ནས་གདོན། །གདུབ་ཀོར་ལག་གདུབ་དང་སོར་གདུབ། །གདུལ་བར་དཀའ་བའི་གདུལ་བྱ་བཏུལ། །རིགས་ངན་གདོལ་བ་ཁུ་བ་གདུས། །གདོས་པ་འཛིན་པ་གདོས་བུ་འདོགས། །གས་འཕུལ་ད་ཡི་སྡེ་ཚན་ནོ། །
ལུས་སེམས་བདེ་བ་སིམ་པའི་བདེ། །བདེ་བླག་ཉིད་དུ་བདེ་བར་གཤེགས། །སྙིགས་མ་སྔ་བདོ་དར་བའི་བདོ། །བདོ་བ་ཡོད་པ་ལ་ཡང་བརྗོད། །བདག་མེད་བདག་པོ་བདག་ཏུ་འཛིན། །བདག་ཅག་བདག་ཉིད་བདག་པོའི་རྐྱེན། །ཞིམ་པའི་བདའ་དང་འདེད་པའི་བདའ། །ལས་ལན་བདའ་བས་བདའ་འདེད་བྱེད། །རལ་གྲི་བདར་དང་བདེན་པ་བདར། །ཕྱི་བདར་བྱེད་ཅིང་ཐང་མར་བདལ། །ཁྱབ་གདལ་ཆེ་དང་བདས་ནས་བཟུང༌། །བདུག་སྤོས་བདུག་དང་ཡོད་པའི་བདོག །གཞུ་བདུངས་པ་ཡིས་བདུད་བཏུལ་བས། །བདུད་རྩི་བརྙེས་ཏེ་བདུན་བདུན་ནས། །བདེན་གསུང་བདེན་གཉིས་བདེན་བཞི་གསུངས། །བས་འཕུལ་ད་ཡི་སྡེ་ཚན་རྫོགས། །
མདོ་སྡེ་དང་ནི་སྡོམ་གྱི་མདོ། །སུམ་མདོ་བཞི་མདོ་ལུང་པའི་མདོ། །མདག་མ་མེ་མདག་དང་སོལ་མདག །མདང་སང་ཞེས་པ་དུས་ཡིན་ལ། །བཀྲག་མདང་བཟང་དང་ལུང་པའི་མདའ། །ར་མདའ་ཡིས་ནི་འཕེན་པའི་མདའ། །མདེའུ་རྣོ་དང་ཁ་དོག་མདོག །མདུང་དོར་རྒྱན་འགྱེད་པ་ཡི་དོན། །སྣུན་པའི་མདུང་དང་རྨ་བྱའི་མདོངས། །དྲང་གཏམ་མདོངས་གསོལ་དཔྲལ་བའི་མདོངས། །མདོངས་གསོལ་ངོ་དགའི་གཏམ་ལའང་ཟེར། །མདུད་པ་བཅད་ནས་མདུན་དུ་སླེབས། །མདུན་བདར་མདུན་ནས་བསྟོད་པ་འམ། ། མདུན་དུ་བགྱིས་པའོ་མདོར་བསྡུས་དང༌། །མདོས་སོགས་མས་འཕུལ་ད་སྡེ་འོ། །
འདི་དང་འདི་སོགས་ཉེ་བའི་ཚིག །འདུ་འཕྲོད་ཅེས་པ་ཚོགས་པའོ། །འདུ་ཤེས་འདུ་བྱེད་འདུ་འཛི་དང༌། །འདུ་མི་བྱེད་དང་ལྡེ་གུ་བྱུགས། །འདོ་མེད་འདོ་རྟ་འདོ་ལིའི་ཁྱོགས། །འདག་ཆལ་བྱུགས་ཤིང་འདག་གུ་འདག །དྲི་མ་འདག་དང་སྒྲིབ་པ་འདག །མ་འདང་གྲངས་སམ་ཚད་མ་ལོང༌། །འདད་ནི་གཤིན་པོའི་དགེ་བསྒྲུབ་པ། །འདབ་ཆགས་རི་འདབས་ལོ་འདབ་རྒྱས། །འདབ་གཤོག་འདབ་མ་འཁོར་འདབ་རྒྱས། །འདམ་བུ་འདམ་སྐྱེས་འདམ་དུ་སྐྱེས། །འདམ་རྫབ་དང་མཚུངས་འཁོར་བའི་འདམ། །འདམ་ག་མ་འཆུག་འདའ་ཁའི་དུས། །འདའ་བྱ་འདའ་བྱེད་མྱ་ངན་འདའ། །གཡོ་འགུལ་འདར་དང་སྐྱོ་མ་འདལ། །མྱ་ངན་འདས་དང་འདས་པའི་དུས། །གམ་ན་འདུག་དང་གྱེན་དུ་འདེགས། ། མང་པོ་གསོད་པའི་ཁ་འདོགས་པ། །མི་ལ་མིང་འདོགས་ཐ་སྙད་འདོགས། །ཐག་པས་མི་འདོགས་སྒྲོ་མི་འདོགས། །གདན་འདིང་གཞན་དུ་མི་འདེང་བ། འདོང་བ་འགྲོ་བའོ་ཕྱག་འཚལ་འདུད། །རྗེས་འདེད་འདོད་པ་འདོད་ཡོན་དང༌། །སེམས་བྱུང་འདུན་པ་དགེ་འདུན་དང༌། །གཏན་གྱི་འདུན་མ་མདུན་མའང་ཟེར། །འདུན་ས་ཞེས་པ་ནི་ཚོགས་ས། །མདུན་ན་འདོན་གྱིས་ཁ་ཏོན་འདོན། ཡུལ་ནས་འདོན་དང་ས་བོན་འདེབས། །གསོལ་བ་འདེབས་དང་ཕུར་བུས་འདེབས། །འཐབ་མོ་འདུམ་ཡང་ཁ་མ་འདུམ།། ཕྱོགས་གཅིག་འཛོམས་པའི་འདོམ་པ་དང༌། །འདྲེན་པ་ཆོས་འདོམས་གཞུ་འདོམ་དང༌། །བཅས་པ་ནང་འདོམ་གསང་གནས་འདོམས། །རྟ་མཆོག་འདུར་བའི་བང་འདུར་འདུར། །སྲོག་འདོར་བ་ནི་བོར་བའི་འདོར། །འདུལ་བ་འདུས་བྱས་འདུས་མ་བྱས། །ཚོགས་ཤིང་འདུས་པ་འས་འཕུལ་དའོ། །
གོ་བྱེད་བརྡ་དང་རྡོ་རྡེ་འུ། །རྟས་བརྡབས་བརྡབ་འཆལ་ཆལ་བརྡབ་བརྡབས། །ཆ་ལང་བརྡབས་ཤིང་མཚོན་ཆ་བརྡར། །ཁ་བརྡར་གྲོང་རྡལ་ཆལ་མར་བརྡལ། །ཐོགས་རྡུག་མེད་ཅིང་ཐབས་མི་རྡུགས།། རྡེག་བྱེད་ཀྱིས་ནི་བརྡེག་བྱར་བརྡེགས། །བརྡེག་འཆོས་པ་ནི་བརྡབ་འགྱེལ་བའོ། །རྡོག་པོ་གཅིག་ལ་རྡོག་པས་བརྫིས། །བརྡུང་འཚོག་མི་བྱེད་རྔ་རྡུང་ཞིང༌། །བྲོ་རྡུང་ཟངས་རྡུང་ལྕགས་ཀྱང་རྡུང། །ཐོག་རྡིབ་པ་དང་ལག་པ་རྡེབ། །མཇུག་རྡུམ་རྐང་རྡུམ་ལག་རྡུམ་དང༌། །རྡུལ་དང་རྡུལ་ཕྲན་རྡུལ་ཕྲ་རབ། ། རྡེལ་བཀྲམ་ཞབས་རྡོལ་བ་ཡི་སྣོད། །བླ་རྡོལ་བབ་ཅོལ་སྨྲ་བ་འོ། །ཆུ་མིག་རྡོལ་དང་རྡོལ་ཆོས་དང༌། ། གྲི་རྡོར་དབུ་བ་རྡོས་པ་དང༌། ལུས་རྡོས་ཆེ་བ་རར་བཏགས་དའོ། །
མཆོད་རྫས་ལྡ་ལྡི་ལྡེ་གུ་དང༌། །མིང་གི་ལྡེ་དང་ལྡེ་མིག་དང༌། །རེ་ལྡེ་མེ་ལྡེ་ཉི་མ་ལྡེ། །བལྡག་བྱ་ལྕེས་བལྡག་དྲི་ངད་ལྡང༌། །ནེའུ་ལྡང་ན་ཟླའམ་ན་མཉམ་པ། །ཉལ་ལས་ལྡང་དང་འཁོབ་པའི་ལྡང༌། ། བསྟན་བཅོས་ཀྱི་ནི་ལྡང་ཚད་དང༌། །ལྡད་བྱེད་སོ་ཡིས་མུར་བའི་བལྡད། །ཡོད་པའི་ལྡན་དང་སེམས་ལྡན་དང༌། །བཅོམ་ལྡན་གདོང་གི་ལྡན་པ་དང༌། །སྐྱར་ལྡབ་ལྡམ་པོ་རླན་གྱིས་ལྡར། །ཆུ་ལྡུག་ལྡེག་ལྡེག་རབ་ཏུ་ལྡེག །སོ་ལྡེག་དང་ནི་མགོ་ལྡོག་ཙམ། །གོ་ལྡོག་འཇུག་ལྡོག་ཕྱིར་མི་ལྡོག །ལྡོག་པ་ལ་ནི་རང་ལྡོག་དང༌། ། དོན་ལྡོག་དང་ནི་གཞི་ལྡོག་གོ །མཁའ་ལྡིང་སེང་ལྡེང་ལྡོང་རོས་དང༌། །མིག་ལྡོང་བ་དང་བཏུང་བ་ལྡུད།། དྲི་བའི་ཚིག་གི་ལན་ལྡོན་པ། །སྐད་ཀྱི་ལྡབ་ལྡིབ་ལོགས་ཀྱི་ལྡེབས། །སྨྲ་བ་ལྡོབ་སྐྱེན་སྔོ་ལྡུམ་བུ། །ལྡུམ་ར་དང་ནི་དྲང་མིན་ལྡེམ། །ལྡེམ་དགོངས་ལྡེམ་སྐུ་འཁྱོག་ལྡེམ་ལྡེམ། །ལྡོམ་བུ་ལྟོ་ལྡིར་སྒྲ་ལྡིར་ལྡིར། །ལྡེར་བཟོ་ལྷག་མ་མི་ལྡུས་པ། །ལ་མགོ་ཅན་གྱི་ད་སྡེ་འོ། །
བསྡུ་བྱ་བསྡུ་དང་བསྡུ་སྐྱོགས་དང༌། །སྡེ་སྣོད་སྡེ་ཚན་མང་པོའི་སྡེ། །སྲོག་ལ་མི་སྡོ་དོ་མི་སྡོ། །ཞེ་སྡང་སྡང་སེམས་སྡང་མིག་བལྟ། །གནས་སུ་བསྡད་དེ་ཉེས་པ་བསྡམས། །ལག་པས་བསྡམས་དང་ཐག་པས་བསྡམས། །སྐྱེ་བོ་སྡར་མ་བྲེད་པའི་སྡར། །སྲོག་ཆགས་སྡིག་པ་དགེ་སྡིག་དང༌། །སྡིག་མཛུབ་སྡིགས་མཛུབ་གཞན་ལ་བསྡིགས། །སྡིག་ཏོ་ཅན་དང་སྡིག་ལྟ་ཅན། །ཞེས་པ་ལྟ་ངན་ལ་གནས་པའོ། །སྡུག་བསྔལ་བ་དང་མཛེས་པའི་སྡུག །གྲབས་ཀྱི་བསྡོགས་དང་ཉེར་བསྡོགས་དང༌། །གནས་ཀྱི་སྡིངས་དང་ཤིང་སྡོང་པོ། །སྡོང་བུ་མཆོད་སྡོང་གྲོགས་དང་བསྡོངས། །གོས་ཀྱི་སྡུད་དང་མདོ་སྡུད་པ། །དབང་སྡུད་ནོར་སྡུད་གནས་སུ་སྡོད། །ཆར་སྡོད་བྱེ་འུ་སྒུག་སྡོད་དང༌། །སྡེབ་སྦྱོར་གདོང་བསྡེབས་ཕྱོགས་གཅིག་བསྡེབས།། ཕན་ཚུན་བསྡེབས་དང་གྲོགས་དང་བསྡེབས། །ཁྱིམ་བདག་སྡུམ་བྱེད་འགལ་བ་བསྡུམས། །སྡུམ་པ་ལག་པ་སྡུམ་པ་ཁྱིམ། །ཆོས་ཀྱི་སྡོམ་བཞི་གཅིག་ཏུ་བསྡོམས། །ཁས་བླངས་སྡོམ་པ་སྲུང་སྡོམ་དང༌། །སྲོག་ཆགས་སྡོམ་དང་ཐག་པས་སྡོམས། །གྲོས་བསྡུར་གོ་བསྡུར་ཉམས་རྟོགས་བསྡུར། །སྣོད་སྤྱད་སྡེར་མ་སྡེར་མོ་རྣོ། །ཐུག་པའི་སྡོར་དང་གཅིག་ཏུ་བསྡུས། །མདོར་བསྡུས་རྒྱས་མིན་བསྡུས་པ་དང༌། །སྲོག་དང་བསྡོས་སོགས་སར་བཏགས་དའོ། །
ཡ་རབས་དྲ་མ་དྲ་བ་དང༌། །དྲ་ཕྱེད་དྲ་ཕད་གོས་དྲ་བའི། །དྲ་གྲི་མི་གཙང་དྲི་མ་དང༌། །དྲི་ལ་དྲི་ཞིམ་དྲི་མི་ཞིམ། །དྲི་ང་བ་དང་དྲི་བཅོས་དང༌། །དྲི་མ་མེད་པ་དྲི་རྨེད་མཁས། །དྲི་བ་ཞུ་དང་དྲི་ཟ་དང༌། །སྐུད་པའི་དྲུ་བུ་མོན་དྲེ་དང༌། །དྲེའུ་དྲེའུ་རྔོག་མོན་སྲན་དྲེའུ། །སྔ་དྲོ་ཕྱི་དྲོ་ཉི་མ་དྲོ། །དྲོ་ལ་བབས་པའི་དུས་དྲོ་ཟ། །དྲག་པོ་ནད་དྲག་ཐལ་བས་དྲག །ཁ་དྲག་པ་དང་དྲག་ཤུལ་ཆེ། །མ་དྲངས་པ་ནི་མ་དུལ་བ། །ངན་འགྲོ་ལས་དྲངས་ཐར་པར་དྲངས། །དྲང་སྲོང་དྲང་པོར་བཞུགས་པ་ལ། །བསོད་པ་དྲང་བ་དྲང་དོན་གསུངས། །དྲན་པ་ཉེར་བཞག་འདས་དུས་དྲན། །ལྕམ་དྲལ་གོས་དྲལ་ཁྲིམས་དྲལ་བ།། དྲལ་བ་བཅོས་པའམ་ཞིག་པ་འོ། །དྲལ་བོ་ཞེས་པ་མིང་བོ་འོ། །དྲས་པའི་གོས་གྱོན་སྨིན་དྲུག་བུ། །ཉིན་མཚན་དུས་དྲུག་གྲངས་ཀྱི་དྲུག །རྒྱགས་པའི་དྲེགས་དང་ནོར་གྱིས་དྲེགས། །དྲེག་ནད་རྫ་དྲེག་ཁ་ནང་དྲེག །གཞན་དྲིང་མི་འཇོག་ཤིང་དྲུང་གནས། །དྲུང་བ་ཞེས་པ་ནི་རྩ་བ། །དྲུང་ཕྱུངས་རྩད་ནས་ཕྱུངས་པ་འོ། །གཡུང་དྲུང་བརྙེས་པའི་ཞབས་དྲུང་དུ། །ཟས་དྲོངས་ཐར་པའི་ལམ་དུ་དྲོངས། །ས་ལ་དྲུད་པའི་དྲེད་ལྤགས་དང༌། །དྲེད་པོ་མི་དྲེད་ཉི་མའི་དྲོད། །དྲོད་ཐོབ་དྲོད་ཉུལ་སྦྱོར་ལམ་དྲོད། །བཀའ་དྲིན་དྲན་ནས་དྲིན་ལན་འཇལ། །ཆུ་དྲོན་བཏུང་ཞིང་ཟན་དྲོན་ཟ། །གོས་དྲུབས་པ་ནི་གོས་བཙེམས་པའོ། །དྲིལ་བསྒྲགས་པ་དང་དྲིལ་བུ་ཉོས། །དར་གྱིས་དྲིལ་ཏེ་དྲེལ་ལ་བཀལ། །གཏམ་དྲིས་དྲིས་ལན་བ་དྲུས་མ། ། དྲེས་མ་རྩྭ་ཡིན་ཉི་མས་དྲོས། །ར་བཏགས་ད་ཡི་སྡེ་པ་འོ། །
མཚོན་གྱིས་གོས་འདྲ་མཚུངས་པའི་འདྲ། །ཡི་གེར་འབྲི་དང་གླེང་མོ་འདྲི། །གཏམ་འདྲི་བ་དང་མཚང་འདྲུ་བ། །ཁུང་བུ་འདྲུ་བ་འདྲེ་ཡང་ཤེས། །སོ་ཡིས་འདྲད་ཅིང་གོས་འདྲལ་བ། །ཁྲིམས་འདྲལ་འདྲེག་མཁན་རྟ་འདྲོགས་པ། །དྲངས་ནས་མ་འདྲོངས་བསླུ་བའི་འདྲིད། །ཤིང་འདྲུད་ཞབས་འདྲེད་སྨོན་འདྲིན་འབོད། །འདྲེད་འདྲིལ་ག་འགྲེད་བྱེད་པའང་ཡོད། །འཇིག་རྟེན་འདྲེན་པ་འདྲེན་མ་ནི། །སྣ་ཚོགས་འདྲེས་མ་འམ་ཁྲ་བོ། །གོས་འདྲུབ་པ་ནི་གོས་འཚེམ་པ། །དྲང་སྲོང་འདྲོབ་སྐྱོང་གོང་བུར་འདྲིལ། །རྦབ་ཏུ་འདྲིལ་དང་རུལ་འགྱུར་འདྲུལ། །གོམས་འདྲིས་འདྲེས་མ་ཕྱོགས་གཅིག་འདྲེས།། འས་འཕུལ་ར་བཏགས་ད་སྡེ་འོ། །
ཡི་དྭགས་རི་དྭགས་ཚིག་བླ་དྭགས། །དྭངས་བསིལ་ཆུ་འཐུང་ནམ་མཁའ་དྭངས། །དྭ་ཕྲུག་མ་དང་གཏན་བྲལ་བའི། །བྱིས་པའི་མིང་ཡིན་ཝ་བཏགས་པའི། །ད་ཡི་ངེས་པ་དེས་རྫོགས་སོ། །
ན༽ ན་མཉམ་ན་ཚོད་ཕྲ་བ་དག །ན་བུན་འཐིབས་པས་ན་བཟའ་གྱོན། །ན་སོ་རྒས་པ་ན་བས་གཟིར།། ད་ནི་ཁྱོད་ནི་ནུ་མ་ནུ། །ནེའུ་སིང་ནེ་འུ་ལེ་ནེ་ཙོ་དང༌། །ནེ་འུ་ཟླ་ནི་ནལ་ཟླ་སྟེ། །ན་ཚོད་དམ་ལོ་ཚོད་མཉམ་པའོ། །ཁ་དོག་ནག་དང་ནགས་ཚལ་དང༌། །སྐར་མ་ནག་པ་སང་ནངས་པར། །ནང་གསེས་དང་ནི་ཕྱི་ནང་དང༌། །ན་ནིང་ནང་རོལ་ནང་ཁྲོལ་དང༌། །ནང་བྱན་གཡོག་ཡིན་ནད་མེད་པ། །ནན་ཏུར་ཆད་ལས་ནན་ཁུག་ནི། །མཐུ་ཡིས་རྐུ་བའོ་ནན་ཏན་དང༌། །ནན་གྱིས་སྐར་མ་ནབ་སོ་བལྟ། །ནམ་ཞར་ཞེས་པ་ནམ་ཡང་ངོ༌། །ནམ་ནངས་ནམ་མཁའ་ནམ་འཕང་བཅད། །ནམ་གུང་ནམ་ཞིག་ནམ་གྱི་ཚེ། །ནམ་དུའང་ནར་མའི་ཟས་ཀྱིས་འཚོ། །ནར་ནར་དབྱིབས་དང་ནལ་བུ་དང༌། །འཕྲུག་སྤྱད་ནལ་ཟེ་ནས་འབྲུ་དང༌། །དེ་ནས་སླད་ནས་ཐོག་མ་ནས། །དྲི་མ་ནག་ནོག་ཕྱུགས་ཀྱི་ནོག །མ་ནིང་ནོངས་པ་ནི་ཉེས་པ། ། ཕྱིར་ནུད་ཕྱིར་ནུར་ཞེས་པ་འོ། །གདམས་པ་ནོད་དང་སྡོམ་པ་ནོད། །ནོད་པ་ཐོབ་པའམ་ལེན་པ་འོ། །ནུབ་མོ་ནུབ་ཕྱོགས་ཉི་མ་ནུབ། །ནེམ་ནུར་ཞེས་པ་ཡིད་གཉིས་སོ། །མནན་ན་ནེམ་དང་ནོམ་ཉུག་བྱེད། །ནུར་ནུར་པོ་དང་དཀོན་ནོར་དང༌། །མ་ནོར་ལམ་སྟོར་ནོར་བ་མེད། །ཡིད་བཞིན་ནོར་བུ་མནོལ་བ་མེད། །མི་ནུས་ནུས་པ་ནུས་མཐུ་ཆེ། །སྨན་གྱི་ནུས་པ་ན་རྐྱང་ངོ༌། །
གནག་རྫི་ཡིས་ནི་གནག་ཕྱུགས་སྐྱོང༌། །མདོག་ནག་གནང་བཀག་གནངས་ཀྱི་ཉིན། །ཆོས་ཀྱི་གནད་ཤེས་གནད་གཅོད་མེད། །གནད་དུ་བསྣུན་དང་གནན་པ་དང༌། །གནའ་བོ་ཞེས་པ་སྔོན་ཡིན་ལ༑ ༑གནའ་ཡི་དུས་ནི་སྔོན་གྱི་དུས། །གནམ་པོ་དྲང་པོའོ་མཁའ་ཡི་གནམ། །ཁྲེལ་བའི་གནམ་པོ་ཞེས་པའང་ཡོད། །གནམ་རུ་གཞུ་ཡིན་གནའ་ཞེས་པ། །ཐོག་མའམ་སྔོན་ཡིན་གནས་སྐབས་དུས། །སྟོན་པའི་ཉེ་གནས་གནས་ཁང་གནས། །གནས་བརྟན་གནས་ལ་གནས་པ་བརྟེན། །གནས་མལ་ལ་ཞེན་གནས་ངན་ལེན། །གནས་འགྱུར་ཞི་གནས་གནས་ལུགས་རྟོགས། །གནོང་བ་ངོ་གནོང་ཞེ་གནོང་བ། །གནོང་མི་བཀུར་བ་ཞེས་པ་ནི། །ཉེས་པ་ཁས་མི་ལེན་པ་འོ། །གནོད་པ་གནོད་སྦྱིན་གནོད་གནས་དང༌། །གྲིབ་གནོན་ཟིལ་གནོན་རྐང་པས་གནོན། །གས་འཕུལ་ན་ཡི་སྡེ་ཚན་ནོ། །
མནོ་བསམ་དང་ནི་བསམ་མནོ་གཏོང༌། །བརྣག་དཀའ་བ་ནི་བསྲན་དཀའ་བའོ། །བརྣག་པ་བཟོད་པའམ་བསྲན་པའི་དོན། །འོག་ཏུ་མནན་དང་མནབ་རྩལ་ནི། །ཁ་ཟས་མནབ་པ་གྱོན་པ་འོ། །དྲི་མནམ་མནའ་མ་མནའ་བསྐྱལ་བ། །མནར་མེད་པ་རྣམས་ལས་ཀྱིས་མནར། །དེས་ན་གཞན་ལ་མནར་སེམས་སྤོངས། །མནལ་གཟིམས་མནལ་ལམ་ཟས་མནོག་ཟ། །མནོག་ཆུང་བ་ནི་ཁེ་ཆུང་བའོ། །གྲིབ་ཀྱིས་མནོལ་བ་མན་ངག་མནོས། །མནོས་པ་བསམས་པ་ལ་ཡང་བཤད། །མས་འཕུལ་ན་ཡི་སྡེ་ཚན་རྫོགས། །
ཁུག་རྣ་ལ་ལར་ཁུག་སྣའང་ཟེར། །ལྷོ་འུར་མ་དང་ན་བུན་ཡང་ཟེར། །རྣ་བ་རྣ་གཤོག་རྩེ་མོ་རྣོ། །རྣ་སྒྲང་ཞེས་པ་ནི་མདེའུ། །བརྣགས་པ་ཡིད་ལ་བསམས་པའི་དོན། །བརྣག་དཀའ་བཟོད་པར་དཀའ་བ་འོ། ། རུལ་བའི་རྣག་དང་ཞིང་རྣང་མ། །ཟས་ཀྱིས་བརྣངས་དང་ཟས་ལ་བརྣན། །གཞན་ནོར་ཐོབ་འདོད་བརྣབ་སེམས་དང༌། །ཚིག་ཕྲད་རྣམ་པར་རྣམ་གྲངས་དང༌། །རྣམ་འགྱུར་རྣམ་གཞག་རྣམ་པར་དག །རྣམ་བྱང་རྣམ་པར་བྱང་ཆུབ་པའོ། །རྣམ་པ་ཤེས་རྣམ་དོན་རྣམ་དང༌། །གཟུང་རྣམ་འཛིན་པའི་རྣམ་པ་དང༌། །རྣམ་ཤེས་རྣམ་རྟོག་མང་པོའི་རྣམས། །རྣམ་ཕྱིངས་ཕྱི་སའི་ཁང་པ་འོ། །རྣལ་དུ་ཕབ་པ་གཞན་གྱིས་ནི། །འཚེ་མེད་རང་དབང་གནས་པའོ། །རྣལ་མ་དོན་དེ་དངོས་ཡིན་པའོ། །རྣལ་འབྱོར་པ་དང་སྦས་པའི་བརྣོགས།། མདུན་དུ་བརྣུ་བ་འཐེན་པ་དང༌། །ལ་ལར་མདུན་དུ་བརྣུར་བའང་ཟེར། །སོ་རྣིལ་དང་ནི་ངེས་བཟུང་བརྣན། །བརྣན་པར་ནན་ཏན་ཞེས་ཀྱང་འབྱུང༌། །ར་མགོ་ཅན་གྱི་ན་སྡེ་འོ། །
དྲི་འཛིན་སྣ་དང་སྣ་ཚོགས་དང༌། །སེར་སྣ་མེ་ཏོག་སྣ་མ་དང༌། །ལམ་སྣ་སྣ་མང་བྱ་བས་གཡེངས།། སྣ་བོ་གཙོ་བོའོ་སྔོ་སྣེ་འུ། །སྣེ་ཟུར་སྣེ་མོ་ཐག་པའི་སྣེ། །སྣག་ཚ་སྣག་གི་གཉེན་མཚམས་འཆའ། །སྣག་དབོན་རུས་ཀྱི་ཚ་བོ་ཟེར། །སྣང་ཤས་འདི་སྣང་སྣང་བ་དང༌། །མཐོང་སྣང་དང་ནི་བར་སྣང་དང༌། །སྣང་གསལ་ལྟར་སྣང་ཡོད་པའི་སྣང༌། །མཚོན་གྱིས་མ་བསྣད་ཡང་ཡང་བསྣན། །མི་གཙང་སྣབས་ནི་སྣམ་བུས་ཕྱིས། །སྣམ་སྦྱར་སྣ་ཡིས་དྲི་མ་བསྣམས། །ཕྱག་ན་བསྣམས་པ་ཐོགས་པ་འོ། །སྣམ་ལོགས་ཟུར་རམ་རྒྱབ་ལ་ཟེར། །རྒྱུ་སྐར་སྣར་མ་མཇུག་མ་བསྣར། །གོས་ཀྱི་རྒྱུ་ཡི་སྣལ་མ་དང༌། །སྡེ་སྣོད་མང་པོ་སྣོད་དུ་བཅུག །ཚེ་ལ་བསྣོན་པའམ་སྣོན་མ་མེད། །སྲོལ་ངན་བསྣུབས་དང་མཚོ་བསྣུབས་དང༌། །གནད་བསྣུན་མཚོན་བསྣུན་ནུ་མ་བསྣུན། །སྣུམ་གྱི་དྲི་བྲོ་ནེམ་ནེམ་བསྣེམས། །དྲི་ལ་སྣོམས་དང་ཕྱག་མཚན་སྣོམས། །སྣག་ཚ་བསྣུར་བ་ཞིབ་མོར་བསྣུར། །དུས་བསྣུར་བ་དང་གོང་འོག་བསྣོར། །ཐུ་བ་བསྣོལ་དང་ལག་པ་བསྣོལ། །འདྲེས་པར་བསྣོས་དང་སྣྲོན་དང་བསྣུབས། །སྣྲེལ་ཞི་ལོགས་སམ་འཕྲེད་དམ་འཆོལ།། གོ་རིམ་བཞིན་དུ་མི་གནས་པའོ། །ས་མགོ་ཅན་གྱི་ན་སྡེ་རྫོགས། །
པ༽ པ་ཝ་སངས་དང་པི་ཝང་དང༌། །པི་པི་ལིང་དང་གཅིག་པུ་བ། །ཅོག་བུ་པ་དང་པུ་ཤེལ་རྩེ། །ཁང་པའི་པུ་ཤུ་བྱ་པུ་ཤུད། །པོ་ཟོས་ཀྱང་ཞེས་བྱ་བ་ནི། །ཇི་ལྟར་ཐོགས་ཀྱང་ཞེས་པའོ། །པོ་ཏོ་བ་ཡིས་པོ་ཏི་བསྣམས། །འོག་པག་སྐ་རགས་ཀྱི་རྒྱན་ནོ། །བང་སོ་དུར་གནས་བོན་གྱི་བརྡ། །པང་བ་ལ་ལར་ཕང་པ་ཟེར། །པར་བུ་སྣོད་ཡིན་པར་བུར་ཐོགས། །པོག་ནི་སྤོས་དང་པོག་ཕོར་ནི། །སྤོས་ཕོར་ཡིན་ནོ་ལག་པོད་དང༌། །པིར་ཐོགས་པུར་རྒྱལ་ག་བུར་འཐུལ། །བེར་ཀ་དབྱུག་པའོ་པུས་མཁྱུད་ནི། །སྒོམ་ཐག་པུས་མོ་ས་ལ་བཙུགས། །པ་ཡིག་རྐྱང་པའི་སྡེ་ཚན་ནོ། །
དཔེ་ཆ་དཔེ་བྱད་དཔེ་མེད་དཔེ། །དཔག་ཚད་རྗེས་དཔག་དཔག་ཏུ་མེད། །རྗེས་སུ་དཔག་བྱ་དཔག་བསམ་ཤིང༌། །དཔག་ཚད་ཙམ་དུ་མཁའ་ལ་དཔག །ཆེ་བཞིའི་དཔང་པོ་དཔངས་མཐོ་བ། །དཔའ་བོ་བྱང་ཆུབ་སེམས་དཔའ་དང༌། །དཔལ་བེའུ་དཔལ་ལྡན་རྗེས་སུ་དཔོག །ལུས་ཀྱི་དཔུང་པ་དཔུང་རྒྱན་དང༌། །ཤིང་ང་དཔུང་ནི་དགེ་སློང་མའོ། །དཔུང་བུ་ཆུང་ནི་དམག་གི་དཔུང༌། །དཔོང་ས་ཞེས་པ་མི་མང་པོ། །ཚོགས་སའམ་འདུ་སའོ་ཡི་གེ་དཔོད། །དཔེན་པ་ཞེས་པ་མཁོ་བའམ། །ཕང་པའམ་ཡིད་དུ་འོང་བ་འོ། །སློབ་དཔོན་རྗེས་དཔོན་དེད་དཔོན་དང༌། །དཔེར་ན་ཞེས་པ་དས་འཕུལ་པའོ། །
ལྤགས་བྱེའུ་ལ་ལར་ཕ་ཝང་ཟེར། །སྟག་ལྤགས་གཟིག་ལྤགས་གླང་ལྤགས་སོགས། །ལ་མགོ་ཅན་གྱི་པ་ཡིག་གོ །
སྤ་བ་མཛེས་པའམ་བྱིན་ཆགས་པ། །སྤ་ལོ་ཞེས་པ་སྤོབས་པའོ། །སྤ་དབྱུག་ཐོགས་ཏེ་སྤ་བཀོང་པ༑ ༑ལུས་ཀྱི་སྤུ་དང་བ་སྤུ་དང༌། །མཁར་གྱི་སྤེའུ་སྤེ་ཞོལ་དང༌། །ལ་ལར་མཁར་ལ་སྤེའུ་ཟེར། །རི་ཡི་སྤོ་དང་མཐོ་བའི་སྤོ། །གནས་ནས་སྤོ་དང་གོས་སོགས་སྤོ། །འབྲས་ཆན་ཚོད་མ་སྤགས་ཟ་བ། །བསྲེས་ཏེ་ཟ་བའི་དོན་ཡིན་ནོ། །གནས་ནས་སྤགས་པའི་སྤོང་བ་པ། །སྤང་རི་སྤང་གཤོང་སྤང་སྤོས་དང༌། །སྤང་རྒྱན་ཚལ་དུ་སྤང་བྱ་སྤངས། །ཕ་སྤད་ཕ་བུ་གཉིས་ཀྱི་མིང༌། །རྣ་སྤབ་དང་ནི་རྡུལ་གྱི་སྤབས། །སྤམ་མཐོ་སྤར་མོ་གོ་འཕང་སྤར། །ཁེ་སྤོགས་མོད་ཉོ་དཀོན་འཚོང་ངོ༌། །རིན་ཆེན་སྤུག་སོགས་ཕུང་པོར་སྤུངས། །རྒྱན་གྱིས་སྤུད་དང་ཟས་ཀྱི་སྤོད། །གནས་ནས་སྤེད་པ་ཞེས་པ་ནི། །གནས་ནས་ཕྱུངས་པ་ཞེས་པའོ། །ཐགས་ཀྱི་སྤུན་དང་གཉེན་གྱི་སྤུན། །སྤུན་པ་ཞེས་པ་ནི་བསྲེས་པ། །རྩི་ཤིང་སྤེན་མ་གཟའ་སྤེན་པ། །རྒྱན་གྱི་སྤེན་ཏོག་སྣོད་ཁ་སྤུབ། །སྤོབས་པ་ཆེ་དང་བྱ་སྤུར་བ། །གཞན་དུ་སྤོར་དང་སྤེལ་མ་དང༌། །རབ་བྱུང་ཆོས་སྤེལ་གཞན་ནོར་སྤེལ། །བདུག་པའི་སྤོས་དང་འདུག་ས་སྤོས། །ས་མགོ་ཅན་གྱི་པ་སྡེ་འོ། །
ལུས་ཀྱི་སྤྱི་བོ་དུ་མའི་སྤྱི། །རྫས་སྤྱི་སྒྲ་སྤྱི་དོན་སྤྱི་དང༌། །སྤྱི་བུངས་ཞེས་པ་མང་པོའི་རྫས། ། གཅིག་ཏུ་སྤུངས་པ་ལ་བརྗོད་དོ། །སྤྱི་རྟོལ་ཆེ་ནི་དཔྲལ་ཀོ་འཐུག །སྤྱི་ཅེར་སྤྱི་ཐེར་སྐྲ་མེད་པ། །སྤྱི་བླུགས་དང་ནི་གཤེ་བའི་སྤྱོ། །སྤྱོ་བ་དང་ནི་བརྒྱད་པ་ནི། །འཐབ་པའམ་སྨད་པ་ལ་ཡང་ཟེར། །སྤྱང་པོའི་མི་དང་ཅེ་སྤྱང་དང༌། །དངོས་སྤྱད་ལོངས་སྤྱད་དཀའ་བ་སྤྱད། །སྤྱན་སྔ་སྤྱན་འདྲེན་མིག་གི་སྤྱན།། སྤྱན་པ་བྱ་ར་པའི་ཞེ་ས། །སྤྱུགས་པ་ཞེས་པ་བསྐྲད་པ་འོ། །ཆུ་ལ་སྤྱིངས་དང་ལོངས་སྤྱོད་ལ། །སྤྱོད་ཅིང་སེམས་དཔའི་སྤྱོད་པ་སྤྱད། །ཆོས་སྤྱོད་དང་ནི་འབྱར་བྱེད་སྤྱིན། །སྤྱོན་པ་ཚུར་ཤོག་འབོད་པའི་བརྡ། །སྤྱོམས་པ་ངོམས་པའམ་བདག་བསྟོད་པ། །རྩྭ་སྤྱིལ་ལོ་མའི་སྤྱིལ་པོ་དང༌། །སྤྱོས་པ་གཤེ་བའམ་བསྡིགས་པའོ། །ཡ་བཏགས་སྤ་ཡི་སྡེ་ཚན་རྫོགས། །
དུད་འགྲོ་སྤྲ་ནི་སྤྲ་བ་བཏུ། །སྤྲ་འཆལ་སྤྲ་ཚིལ་སྤྲེའུ་དང༌། །སྤྲོ་ཐུང་དགའ་སྤྲོ་སེམས་སྤྲོ་སླ། །ནོར་མེད་སྤྲང་པོ་འཐབ་མོ་སྤྲད། །ལག་ཏུ་ནོར་སྤྲད་རྒྱན་གྱིས་སྤྲས། །གཅེས་སྤྲས་དགོས་པའི་གོས་སྤྲུགས་ཤིང༌། །རྡུལ་སྤྲུགས་ད་དུང་རལ་བ་སྤྲུགས། །འཕྲིན་ཡིག་སྤྲིངས་པ་ལག་ཏུ་སྤྲོད། །སྤྲིང་ཡིག་བརྒྱུད་ནས་བསྐུར་བ་འོ། །མཁའ་ལ་སྤྲིན་འཁྲིགས་སྤྲུལ་པ་འགྱེད། །སྤྲིབས་པ་ལྟོགས་པའོ་མུན་སྤྲུལ་དང༌། །ཞོ་ཡི་སྤྲིས་མ་མང་དུ་སྤྲོས། །ར་བཏགས་སྤ་ཡི་སྡེ་ཚན་རྫོགས། །
དཔྱ་བ་འཕྱ་བའོ་དཔྱ་ཁྲལ་ནི། །ལུས་ཀྱི་དཔྱི་དང་དཔྱང་ཐག་དཔྱངས། །བརྟག་དཔྱད་གསོ་དཔྱད་དཔྱས་མི་འདོགས། །དཔྱིད་དུས་རྟོག་དཔྱོད་རྣམ་དཔྱོད་རྒྱས། །དཔྱིས་ཕྱིན་དས་འཕུལ་ཡ་བཏགས་པའོ། །
པྲ་ཕབས་པ་དང་པྲི་ཡང་ཀུ། །ཟེ་པྲོག་པྲོག་ཞུ་ར་བཏགས་པའོ། །
ད་ཡིས་འཕུལ་བའི་ར་བཏགས་པ། །དཔྲལ་བ་ཞེས་པ་ཁོ་ནར་ངེས། །
ཕ༽ ཕ་རོལ་ཕྱིན་པ་ཕ་མཐའ་ཡས། །ཕ་རྒན་ཕ་རི་ཕ་གི་ན། །ཕ་བི་ན་ནི་ཕ་རོལ་ནའོ། །རྡོ་རྗེ་ཕ་ལམ་རྡོ་ཕ་བོང༌། །ཉེ་དུ་ཕ་ཚན་ཕུ་བོ་ཡིས། །ཕུ་དུང་ངམ་ཕུ་ཐུང་ཕུ་རུང་གྱོན། །ཕུ་ནུ་ཕུ་ནུ་མོ་རུས་གཅིག །ཉེ་དུའོ་ལུང་པའི་ཕུ་ཐག་ཆོད། །ཁ་ཡི་ཕུ་ཡིས་ཕུ་བཏབ་པ། །ཐང་དུ་ཆུ་ཕོ་སྐྱེས་པ་ཕོ། །ཕོ་བྲང་ཕོ་རུས་ཕོ་བ་དང༌། །ཕོ་ལོང་སྐུད་པའི་དྲུ་བུ་འམ། །དྲུ་གུའམ་ཕོ་ཉ་ཕོ་ཉ་མོ། །རི་ཡི་ཕག་ཏུ་དུད་འགྲོ་ཕག །ཕང་པར་ཕང་འགྲོ་ཡིད་ལ་ཕངས། །ཕད་བུ་སྒྱེའུའོ་དྲ་ཕད་དང༌། །ཕན་བཏགས་ཕན་ཚུན་ཕན་ཡོན་དང༌། །པྲ་ཕབས་པ་དང་ཆང་གི་ཕབས། །རི་བྲག་པ་ཕབས་ཆམ་ལ་ཕབས། །ཕམ་ཕབ་གསོལ་ལྷག་སྟེ་གསོལ་རས། །ཕར་ལ་སོང་དང་ཕར་འགྲམ་དུ། །ཕལ་བ་ཕལ་ཆེར་ཕལ་ལ་ཆགས། །ཕས་ཀྱི་མདའ་ཡིས་འབེན་མ་ཕིགས། ། བྲག་གི་ཕུག་ཏུ་ཕུག་རོན་འཁུན། །དམིགས་ཕུག་ཤིང་ལ་མིག་ཕུག་པ། །འཕྲལ་ཕུགས་ཕེག་རྡོབ་མདའ་ཡིས་ཕོགས། །ཁལ་ཕོག་ཁུར་པོ་ཐང་དུ་ཕོགས། །ཕུང་པོ་ལྔ་དང་ཕང་ཕུང་གཡོ། །ཕུང་ཀྲོལ་ཞེས་པ་དོན་མེད་པ། །ནོར་གྱིས་མ་ཕོངས་ཟས་ཀྱི་ཕུད། །ལུས་ཀྱི་གོས་ཕུད་ཐ་རྒོད་ཕེད། །ཕོ་ཀ་ཕོད་བཙུགས་ཕོད་པ་ཆེ༑ ༑ཕུན་སུམ་ཚོགས་དང་ཕུན་ཚར་དང༌། །ཕན་ཕུན་ཕོན་པོ་ནི་ཚོགས་པ། །རྒྱ་ཕིབས་ཕུབས་ཏེ་ཕུབས་རལ་ཐོགས། །ཕུབ་མ་མང་བ་དེར་མ་ཕེབས། །ཡིད་ཕེབས་པ་ནི་བག་ཕེབས་པ། །ཕེབས་པར་སྨྲ་ནི་གཏམ་འདྲེས་པའོ། །ཆར་པ་ཕོབས་དང་རྟའི་ཕུམ་ཕུམ། །ཕུར་པ་འདེབས་དང་ཕུར་བུ་འདེབས། །ཕྱེ་མ་ཕུར་མ་ཕོར་གང་ཕུལ། །འབྲུ་གཞལ་ཕུལ་དང་རྒྱབ་ནས་ཕུལ། །ཕོལ་མིག་ལ་ནི་འཁོར་ལོའང་ཟེར། །ཕུས་བཏབ་པ་སོགས་ཕ་རྐྱང་ངོ༌། །
འཕགས་པ་དགྲ་བཅོམ་མཁའ་ལ་འཕགས། །མུ་སྟེགས་བྱེད་རྣམས་འཕོངས་འཕག་འཕག །ནམ་འཕང་བཅད་དང་གོ་འཕང་མཐོ། །ཁྲི་འཕང་མཐོ་དང་དབུ་འཕང་མཐོ། །འཕང་ལོ་མདའ་འཕང་སྐུད་འཁེལ་འཕང༌། །འཕན་དར་འཛད་ལ་འཕན་མེད་པ། །རི་ནས་མི་འཕབ་རང་མི་འཕམ། །གཅན་གཟན་འཕར་པ་གྱེན་དུ་འཕར། །འཕལ་ཀ་འགྲིག་དང་འཕུད་བྱེད་མེད། །འཕོང་སློབ་དབུལ་འཕོངས་ལུས་ཀྱི་འཕོངས། །འཕེན་བྱེད་མདའ་འཕེན་འཕེན་པ་བཏང༌། །གདུགས་འཕུབ་བྱ་འཕུར་རླུང་གིས་འཕུལ། ། ཆོས་འཕེལ་ནོར་འཕེལ་ལྷ་ལས་འཕོས། །འས་འཕུལ་ཕ་ཡི་སྡེ་ཚན་རྫོགས། །
ཕྱ་ལེ་བ་ནི་མཉམ་པའོ། །ཕྱྭ་མཁན་ཕྱི་མ་ཕྱི་མའི་ཚེ། །མི་གཙང་ཕྱི་ས་ཕྱི་རོལ་དོར། །ཕྱི་ནང་ཕྱི་ཕྱིར་ཕྱི་བཞིན་འབྲང༌། །ཕྱི་བི་ཞེས་པ་ནི་ཕྱི་རོལ། །ཙནྡན་ཕྱེ་མ་གོ་སྐབས་ཕྱེ། །སོ་སོར་ཕྱེ་དང་རབ་ཕྱེ་དང༌། །ཉི་མ་ཕྱེའི་དུས་ཉིན་ཕྱེད་དུས། །ཕྱེ་མ་རེད་ནི་ཕྱི་དྲོའི་སྒང༌། །སྒོ་ཕྱེ་རྒྱགས་ཕྱེ་ཕྱེ་མར་འཐག །ཁ་ཕྱེ་བ་དང་ཕྱེ་མ་ལེབ། །ཕྱག་ནི་ལག་པའི་ཞེ་ས་དང༌། །རང་གི་ཕྱག་བདར་ཕྱགས་མས་ཕྱགས། །ཕྱག་བདར་བྱས་ཏེ་ཕྱག་འཚལ་དུས། །ཕྱག་ལྷམ་ཕྱག་དར་ཁྲོད་དུ་བཞག །ཕྱག་ཚང་ཕྱག་བདེ་འམ་ལག་བདེ། །ཕྱག་བརྙན་ཞེས་པ་འཁོར་གཡོག་གོ །ཕྱང་ངེ་བ་ནི་འཇོལ་ལེ་བའོ། །ཕྱང་སྤྲུལ་རྒྱན་ནམ་སྤུང་བ་ཟེར། །རྒྱན་གྱི་ཕྱང་ཕྲུལ་ཕྱམ་ལ་འཕངས། །ཕྱར་བ་བཏིང་སྟེ་བ་དན་ཕྱར། །ཆུ་ཕྱར་བ་ནི་གཟར་བུས་ཕྱར། །ཕྱལ་ནི་ལྟོ་བའམ་གྲོད་པ་ཡི། །ཞེ་སའི་ཚིག་ཡིན་ཕྱལ་ཕྱང་ངེ༌། །དབང་ཕྱུག་ཆེན་པོ་ཕྱུགས་བདག་དང༌། །ཆོས་ནོར་གྱིས་ཕྱུག་བློ་ཁ་ཕྱོགས། །ཕྱོགས་ལྷུང་ཕྱོགས་རིས་ཕྱོགས་འཛིན་མེད། །ཕྱོགས་བཅུ་རས་ཡུག་གི་ཕྱོགས་གཅིག །ཕྱོགས་མཐུན་ཕྱིང་བ་ཡིད་ཕྱུངས་པ། །དབུགས་ཕྱུང་སུན་ཕྱུང་ཤུགས་ནས་ཕྱུང༌། །ཕྱིད་ནི་དར་ཡོལ་བ་དང་ནི། །རྒན་པོའོ་ལྟོ་ཕྱིད་མི་ཚེ་ཕྱིད། །ཁ་བས་མིག་ཕྱིད་རྐང་ལག་ཕྱིད། །སོ་སོར་ཕྱེད་དང་དབྱེར་མི་ཕྱེད། །ནམ་ཕྱེད་རང་གི་གནས་སུ་ཕྱིན། །སུན་ཅི་ཕྱིན་དང་ཕྱིན་ཅི་ལོག །དེར་ཕྱིན་ཕྱིན་ཆད་ཕྱེན་མི་གཏོང༌། །ཕྱིར་ཕྱུང་ཕྱིར་ཕྱོགས་དེ་ཡི་ཕྱིར། །ཅི་ཕྱིེར་དུ་བ་ཕྱུར་ཕྱུར་བྱེད། །དུང་ཕྱུར་གྲངས་ཡིན་ཕྱུར་བུར་སྤུངས། །བ་དན་ཕྱོར་དང་རུ་མཚོན་ཕྱོར། །དུས་ཕྱིས་རྡུལ་ཕྱིས་དྲི་མ་ཕྱིས། །ཕྱིས་གནོན་ཟིལ་གྱིས་གནོན་པའོ། །ཡ་བཏགས་ཕ་ཡི་སྡེ་ཚན་རྫོགས། །
གཞན་ལ་སྨོད་པའི་འཕྱ་བ་དང༌། །སྲོག་ཆགས་འཕྱི་བ་དུས་འཕྱི་བ། །ལྟོ་འཕྱེ་རྐང་མེད་འཕྱེ་བོ་དང༌། །ཕྱག་དར་པ་ཡིས་ཕྱགས་མས་འཕྱག །ཐུར་དུ་འཕྱར་དང་འཕྱང་མོ་ཉུག །འཕྱན་པ་འཁྱམས་པའམ་ཡན་པ་འོ། །བ་དན་འཕྱར་དང་མཚོན་ཆ་འཕྱར། །འཕྱར་གཡེང་ཞེས་པ་རྣམ་གཡེང་དང༌། །རང་ཉིད་འདོད་པའི་ཆོས་གཞན་ལ། །ངོམ་ཞིང་སྒེག་པའི་དོན་ཀྱང་ཡིན། །འཕྱར་ཀ་འཕྱས་གདགས་སྨོད་པའི་འཕྱས། །སྙིང་འཕྱོ་འཕྱོ་བ་ལྡིང་བ་འོ། །སྐྲ་འཕྱིངས་ལྟོ་འཕྱིད་མི་ཚེ་འཕྱིད། །འཕྱོན་མ་མཚོ་འཕྱུར་སྒེག་འཕྱོར་དང༌། །དུས་འཕྱིས་འས་འཕུལ་ཡ་བཏགས་ཕའོ། །
ཕྲ་ཞིབ་ཕྲ་ཚོགས་ཕྲ་བཀོད་པ། །ཕྲ་མ་ཕྲ་མེན་རྟས་ཕྲ་བརྒྱབ། །ཕྲ་མོ་ཁ་ཕྲུ་ཕྲུ་བ་རློགས། །ཕྲུ་མ་མངལ་གྱི་ཕྲུ་གུའི་གོས། །ཕྲུ་མ་ཞེས་པ་ཕོ་བྲང་དང༌། ཕྲུ་མ་བཏབ་ནི་སྒར་བཏབ་པའོ། །འབྲས་འཚོད་པ་ཡི་སྣོད་ཕྲུ་བ། །ལུས་ཀྱི་ཕྲག་པ་གྲངས་བརྒྱ་ཕྲག རྭ་ཕྲག་ཕྲག་དོག་ཚིག་ཕྲད་དང༌། །ཕན་ཚུན་ཕྲད་དང་མ་ཕྲད་པ། །ཕྲན་བུ་ཆོས་གོས་ཀྱི་སྣམ་ཕྲན། །ཕྲན་ཚེགས་ཁ་ཕྲལ་སོ་སོར་ཕྲལ། །རི་དྭགས་ཕྲུག་གུ་སྣམ་ཕྲུག་དང༌། །ཉིན་ཞག་ཕྲུགས་གཅིག་ཕྲེང་བ་དང༌། །སོ་སོར་ཕྲོལ་ཞིག་ཕྱེ་ཞིག་པའོ། །ར་བཏགས་ཕ་ཡི་སྡེ་ཚན་ནོ། །
ལྡེམ་འཕྲུ་འོད་འཕྲོ་སྔ་མའི་འཕྲོ། །ལམ་འཕྲང་དོག་སར་གྲོགས་དང་འཕྲད། །གློ་བུར་འཕྲལ་དང་སོ་སོར་འཕྲལ། །འཆི་འཕྲས་འཕྲིག་ཚུད་ལུས་ལ་འཕྲུག །ཟ་འཕྲུག་ནད་ལ་འཕྲུག་སྤྱད་འཆང༌། །ནོར་འཕྲོག་འཕྲེང་བ་སེམས་ལ་འཕྲེངས། །ལག་ཏུ་འཕྲོད་དོ་སྤྲིང་པའི་འཕྲིན། །འཕྲིན་ལས་རྣམ་འཕྲུལ་མིག་འཕྲུལ་དང༌། །རྫུ་འཕྲུལ་སྒྱུ་འཕྲུལ་འོད་དཀར་འཕྲོ། །འས་འཕུལ་ར་བཏགས་ཕ་སྡེའོ་རྫོགས། །
བ༽ བ་གམ་མཐོན་པོར་བ་མོ་ཆགས། །བ་ལང་བ་མེན་བ་ཚྭ་ཟ། །བུ་དང་བུ་མོ་བུ་རམ་ཟ། །བུ་ལོན་བུ་ག་བུ་ཡུག་འཚུབས། །བེ་ཅོན་ཐོགས་ཏེ་བེའུ་བདས། །བག་ཆགས་བག་ཙམ་བག་ལ་ཞ། །བག་མ་བག་ཕབས་བག་ཟན་ཟ། །བག་ཡངས་བག་ཚ་བག་ལ་ཉལ། །བག་ཡོད་བག་མེད་བག་འཁུམས་པ། །བགས་ཀྱིས་ཞེས་པ་རིམ་གྱིས་སོ། །བགས་ཀྱིས་གཞོལ་ཏེ་བག་ཟོན་གྱིས། །བག་ཚོས་ཞེས་པ་འཁུར་བའོ། ། མགྱོགས་པའི་བང་དང་བང་རིམ་དང༌། །བང་མཛོད་ཆུ་ཡི་རླན་གྱིས་བངས། །ཁང་པའི་ཁ་བད་ནད་བད་ཀན། །བབ་ཅོལ་འཕྲལ་མའམ་མ་བསམ་པར། །སྨྲ་བའོ་ཆར་བབས་དུས་ལ་བབས། །རྣམ་པ་བམ་པ་བམ་པོ་དང༌། །བར་སྣང་བར་དོ་བར་མ་དོ། །བྱང་ཆུབ་བར་དུ་བར་ཆད་མེད། །བར་ཏང་སྟན་ཁྲ་སྟེ་གྲུམ་ཙེ། །ལ་ལར་དྲེའུ་རྔོག་ཅེས་ཀྱང་ཟེར། །ཤིང་བལ་སྲིན་བལ་ལུག་གི་བལ། །དེ་ལྟ་བས་ན་དེ་བས་ན། །བས་པ་ཟད་པ་འམ་མཐའ་དག །དེར་བས་པ་ནི་དེར་ཟད་དོ། །བས་མཐའ་གྲོང་གི་ཟད་མཐའ་འོ། །བུག་པ་སྣོད་ཀྱི་བུག་རྡོལ་དང༌། །ལམ་ལ་བོགས་འབྱིན་བརྒྱལ་ནས་བོགས། །ནགས་ཀྱི་བུང་བ་བོང་ཚོད་རྫོགས། །བོང་བུ་རྟ་ཡི་ཁྱུ་ནས་བུད། །བུད་མེད་བོད་ཡུལ་འབོད་པའི་སྒྲ། །བུན་བསྐྱེད་སྣང་བ་བན་བུན་སྐྱེས། །བོན་པ་བཟླས་པ་འམ་བྱུང་བ། །ཁ་བུབས་བུབས་ཁ་རི་ལས་བོབས། །བུམ་པ་བེམ་པོ་ཉིད་དུ་གྲུབ། །བུམ་བུ་ཞེས་པ་བུམ་ཆུང་ངོ༌། །བེམ་ཏོལ་གུང་ལྟག་མཐེབ་སྦྱར་བརྒྱབ། །ཟ་བེར་གྱོན་ནས་བོར་སྟོར་འཚོལ། །ཤིང་ཐོག་བིལ་བ་འགྲོས་བུལ་བ། །བུལ་བ་འགོར་བའམ་ཉུལ་བའང་ཟེར། །ཕྱག་གི་བོལ་དང་ཞབས་ཀྱི་བོལ། །བུས་པ་བྱིས་པའོ་མེ་བུས་པ། །དུང་དཀར་བུས་ཤིང་མིང་ནས་བོས། །བ་ཡིག་རྐྱང་པའི་སྡེ་ཚན་ནོ།།
མཐའ་བྲལ་དབུ་མ་ཆུའི་དབུ་བ། །དབུ་ནི་མགོ་ཡི་ཞེ་སའི་ཚིག །དབུ་རྨོག་ཅེས་པ་ནི་དབུ་འཕང༌། །སྐར་མ་དབོ་དང་ཆུ་སོགས་དབོ། །སྐྱོན་གྱི་བག་ནི་སྐྱོན་གྱི་ཞད། །དབང་ལྡན་ལྷ་དབང་དབང་པོ་ལྔ། །ཀླུ་དབང་མི་ཡི་དབང་པོ་དང༌། །དབང་ཐང་ཆེ་ནི་དཔལ་ཆེ་བའམ། །སྐལ་བ་ཆེ་བའམ་སྐལ་བ་བཟང༌། །གཅན་གཟན་སྡེར་མོས་ས་ལ་དབད། །དབབ་པ་འབེབས་པ་འམ་བཞག་པ། །ཡེ་ཤེས་པ་དབབ་གཏན་ལ་དབབ། །སྨྲ་མི་དབབ་དང་བྱིན་དབབ་པ། །ཞེ་སའི་དབའ་དང་ཆུའི་དབའ་རླབས། །དབར་ནི་བར་གྱི་བརྡ་རྙིང་ངོ༌། །དབལ་ནི་ཤ་ཉམས་རྒྱས་པ་དང༌། །ཕུར་བུའི་རྩེ་སོགས་མཚོན་གྱི་དབལ། ། དབལ་ནི་མེ་དྲོད་དབལ་ནི་ཏོག །བུག་པ་དབུག་དང་ཁ་ནང་དབུགས། །ལུང་དབོག་ཁུར་དབོག་ནོར་སྐལ་དབོག།།དབུང་ནི་དབུས་ཏེ་དཀྱིལ་གྱི་མིང༌། །གྲོང་གིས་དབེན་པས་དབེན་པའི་གནས། །དབོན་པོ་གདུགས་དབུབ་རྫིང་དབོལ་བ། །བསོད་སྙོམས་དབུལ་དང་བཀྲེན་པའི་དབུལ། །ཡུལ་གྱི་དབུས་སོགས་དས་འཕུལ་བའོ། །
འབུ་སྲིན་ཁ་ནས་ཆུ་མི་འབོ། །བཙོགས་པའི་འབགས་དང་འདྲ་བའི་འབག །འཁོར་འབངས་འབད་རྩོལ་ཆར་པ་འབབ། །རི་ནས་མི་འབབ་འབའ་ཞིག་གིས། །འབའ་སྒྲ་སྒྲོག་ཅིང་འབའ་ཆ་ཟ། །མེ་འབར་དཔལ་འབར་གཞན་ལ་འབར། །སྐྲ་འབལ་འབིགས་བྱེད་མཚོན་གྱིས་འབིགས། །སྨྱོ་ཞིང་འབོག་པ་བརྒྱལ་བ་འོ། །ལུང་འབོག་པ་དང་སྡོམ་པ་འབོག །ཆོས་ལ་འབུངས་ཤིང་ཆོས་དུང་འབུད། །མེ་འབུད་འབོད་འགྲོགས་མིང་ནས་འབོད། །འབེན་བཞག་ཁྱིམ་འབུབས་གདུགས་འབུབས་པ། །ཆར་པ་འབེབས་དང་ཆམ་ལ་འབེབས། །ལྷམ་འབོབ་དང་ནི་གྲངས་ཀྱི་འབུམ། །འབེམ་ལས་མི་གཡོ་འབུར་འབུར་པོ།། འབོར་པ་འདོར་བའོ་འབུལ་བ་བཞེས། །འབེལ་པའི་གཏམ་ནི་བཀའ་མཆིད་དང༌། །ཡང་དག་པ་ཡི་གཏམ་ལ་བརྗོད། །འབོལ་སྟན་ལ་འདུག་བློ་བདེ་འབོལ། །མེ་ཏོག་ཁ་འབུས་འས་འཕུལ་བའོ། །
ཁ་རྦད་ཆེ་ཞིང་ཁྱི་རྦད་པས། །རྦད་འདྲེ་སྐྱ་རྦབ་རྦབ་ཏུ་སྒྲིལ། །རྦོད་གཏོང་རྦོད་མ་ཆུ་ལ་སྐྱེལ། །ར་མགོ་ཅན་གྱི་བ་སྡེ་འོ། །
ལྦ་བ་དང་ནི་ཆུའི་ལྦུ་བ། །ལྦོ་ནི་ལུས་ཀྱི་ཆ་ཤས་ཏེ། །ལ་མགོ་ཅན་གྱི་བ་ཡིག་གོ །
སྦ་མཁར་གསང་བའི་སྦ་བ་དང༌། །སྦེ་ག་སྦྱོང་དང་འདྲེས་པའི་སྦགས། །ཆང་གི་སྦང་མ་ཆུ་ལ་སྦང༌། །རྟ་སྦང་མེ་སྦར་སྦར་མོ་བསྡམས། །སྦལ་དུ་བཅུག་ནི་དོང་ངུ་བཅུག །སྦལ་བ་གཏེར་སྦས་ཁང་པའི་སྦུགས། །སྦུངས་ཆེ་བ་ནི་བོང་ཆེ་བ། །སྟོབས་ཀྱི་སྦུངས་དང་ཆུ་ལ་སྦེངས། །མེ་ཆས་སྦུད་པ་མཛོད་དུ་སྦེད། །སྦུན་པ་ཞེས་པ་ཕུབ་མ་སྟེ། །ཤུན་པའི་སྦུན་པའོ་ཁུང་བུའི་སྦུབས། །ཕྲ་བ་ལས་ལྡོག་སྦོམ་པོ་དང༌། །སྲོག་ཆགས་གྲོག་སྦུར་མེ་སྦོར་བ། །གཏེར་དུ་སྦོས་དང་གསུས་པ་སྦོས། །ས་མགོ་ཅན་གྱི་བ་སྡེའོ། །
སྦྱག་ཚེ་སྦྱང་བྱ་སྦྱངས་པ་དང༌། །ལེགས་པར་སྦྱར་དང་སྦྱིག་མོར་སྦྱིག །སྦྱོང་བྱེད་གསོ་སྦྱོང་དང་དགེ་སྦྱོང༌། །སྦྱིན་བདག་གནོད་སྦྱིན་འཚོ་བ་སྦྱོར། །སྦྱོར་མི་བཟོད་ནི་འགྲོ་མི་ནུས། །བྱ་བའི་སྦྱོར་བ་མཚམས་སྦྱོར་བ། །ས་མགོ་ཡ་བཏགས་བ་ཡི་སྡེའོ། །
འབུབ་པའི་སྦྲ་དང་སྲོག་ཆགས་སྦྲེ། །ཉིས་སྦྲགས་སུམ་སྦྲགས་སྦྲགས་ཏེ་བསྒྲུབ། །སྦྲང་མ་སྦྲང་བུ་དང་ཤ་སྦྲང༌། །གཙང་སྦྲ་བྱས་ཏེ་སྦྲང་རྩི་ཟ། །གྲོགས་སུ་སྦྲན་ལ་གསེར་སྦྲམ་བྱིན། །ས་ལེ་སྦྲམ་ནི་སྦྲོགས་མར་བཞག །ཆུ་སྦྲེངས་པ་དང་གཡལ་བའི་སྦྲིད། །ར་མདའ་སྦྲོན་ཅིག་སྦྲེབས་པ་ནི། །སྐེམ་པའོ་སྦྲུམ་མ་སྲོག་ཆགས་སྦྲུལ། །ཐག་པས་སྦྲེལ་དང་ཟན་སྦྲུས་པ། །ཆུས་སྦྲུས་པ་དང་གྲང་བས་སྦྲེས། །ས་མགོ་ར་བཏགས་བ་ཡི་སྡེའོ། །
བྱ་མ་རྟ་ནི་ཉན་རྣ་བའམ། །བང་ཆེན་པའོ་བྱ་བཞིན་རྒྱུ། །བྱ་དགའ་རྔན་པའོ་བྱ་ར་བ། །བྱ་བཏང་བ་དེས་བྱ་ཞིག་བཏང༌། །བྱ་མོ་ལབ་ནི་མཆོད་རྫས་དང༌། །བྱ་ན་ཚོད་མའོ་བྱ་བ་ནི། །མཛད་པ་དང་ནི་དགོས་པ་དང༌། །འཕྲིན་ལས་ལ་ཡང་འཇུག་པར་གསུངས། །བྱི་ལ་བྱི་བ་སྤུ་བྱི་བ། །བྱི་བོ་བྱེད་པ་བྱི་བཞིན་དང༌། །བྱི་དོར་བྱུ་རུ་བྱེ་བྲག་ཕྱེད། །བྱེ་བ་གྲངས་ཡིན་བྱེ་མ་རྡུལ། །སྣོད་ནས་ཆུ་བྱོ་བྱག་མཁན་དང༌། །ཤིང་གི་བྱང་བུར་མིང་བྱང་བྲིས། །བྱང་ཕྱོགས་བྱང་ཁོག་ནད་བྱང་བ། །གོམས་པའི་བྱང་བ་བྱང་ཆུབ་པ། །སྒྲིབ་པ་བྱང་བའི་བྱད་བཞིན་གསལ། །བྱད་མ་ཡོ་བྱད་ཆ་བྱད་བརྟུལ། །བྱན་མོ་གཡོས་ལ་ནང་བྱན་ཆུད། །ལག་པས་བྱབས་དང་བྱམས་པས་བཏུང༌། །བྱ་བ་བྱས་ཤིང་བྱས་པ་གཟོ། །བྱུག་པ་བྱུགས་དང་བྱུག་རིས་གྲལ། ། བྱིང་རྒོད་དང་ནི་འདམ་དུ་བྱིང༌། །རྩ་བའི་བྱིངས་དང་རྒྱུ་ལས་བྱུང༌། །སྔོན་བྱུང་ད་བྱིད་སྦུ་བྱིད་པ། །བྱེད་པ་གཟི་བྱིན་བྱིན་རླབས་དང༌། །བྱིན་ལེན་རྐང་པས་བྱིན་པ་དང༌། །བྱོན་པ་སླེབས་ཟིན་པ་ཡི་དོན། །བྱོན་ཏམ་ཡོ་བྱད་གོས་ཀྱིས་བྱིབས། །བྱུར་ནི་མྱ་ངན་ལ་བརྗོད་དོ། །སྣོད་རྣམས་བཅུད་ཀྱིས་བྱུར་བུར་བཀང༌། ། བྱེར་བ་འཐོར་བའམ་བྲོས་པ་འོ། །བྱུལ་བ་མྱུལ་བའི་དོན་དུ་བཤད། །བྱོལ་སོང་མི་ལ་བྱོལ་ཏེ་འགྲོ། །བྱིས་པ་གཞོན་ནུ་བྱེས་སུ་སོང༌། །བྱ་བ་བྱོས་ཤིག་གྱིས་ཤིག་པའོ། །ཡ་བཏགས་བ་ཡི་སྡེ་ཚན་རྫོགས། །
རི་མོ་དབྱི་བ་བསུབ་པའི་དོན། །ཕྱུགས་ཀྱི་སྦུ་དབྱི་དབྱུ་གུ་ནི། །ཆུ་ཚོད་དམ་ཤིང་བུ་ལ་ཡང་ཟེར། །དབྱེ་བ་ངོ་བོ་རྣམ་གྲངས་དབྱེ། །དབྱེ་ནི་ཚོང་ཁང་དབྱེ་ནི་ཐང༌། །ཁུ་བྱུག་དབྱངས་སྙན་དབྱར་གྱི་དུས། །དབྱར་འདབ་སྣོད་ཀྱི་སྟེགས་བུའི་མིང༌། །རིན་ཆེན་དབྱིག་དང་དབྱིག་གི་གཉེན། །དབྱིག་པ་དབྱུག་པ་བེར་ཀའི་མིང༌། །མཚོན་དབྱུགས་མཁའ་དབྱིངས་ཆོས་ཀྱི་དབྱིངས། །དབུགས་དབྱུང་སུན་དབྱུང་ཕྱིར་དབྱུང་བ། །འབྱེད་པའི་དབྱེན་དང་བཞིན་གྱི་དབྱིབས། །དབྱེར་མེད་དབྲལ་བའི་དབྱེ་ཆེ་བ༑ ༑དས་འཕུལ་ཡ་བཏགས་བ་ཡི་སྡེའོ། །
སྤུ་འབྱི་སྒོ་འབྱེ་ཆུ་མི་འབྱོ། །ལྟོ་བ་འཁྲུ་བའི་འབྱང་བ་དང༌། །སྒྲིབ་པ་འབྱང་འགྱུར་ནད་འབྱང་འགྱུར། །རབ་འབྱམས་འབྱམས་ཀླས་སྦྱར་བའི་འབྱར། །ཚོན་འབྱུག་ལྕེས་འབྱོག་འདམ་དུ་འབྱིང༌། །འབྱུང་བ་མ་འོངས་འབྱུང་འགྱུར་དང༌། །འབྱུང་བ་བཞི་ལ་འབྱུང་པོ་བརྟེན། །བློ་འབྱོངས་པ་དང་འགྲེད་པའི་འབྱིད། །མི་ཚེ་འབྱིད་དང་སྒོ་འབྱེད་པ། །སུན་འབྱིན་པ་ཡི་ཚིག་མི་འབྱིན། ། དྲུང་འབྱིན་རྩད་ནས་འདོན་པ་འོ། །མཚོན་ཆ་མི་འབྱིན་འབྱོན་བཞུད་དང༌། །འབྲོས་པའི་འབྱེར་དང་འབྱོར་བ་ཆེ། །དགོས་པའི་ལས་ལ་འབྱོལ་མི་བྱེད། །འབྱེས་པ་མཛེས་པའམ་མཚམས་བྱེད་པ། ། འས་འཕུལ་ཡ་བཏགས་བ་སྡེ་རྫོགས། །
འབྲུ་ཡི་བྱེ་བྲག་བྲ་བོ་དག །ཟ་བར་མ་བྲ་བྲ་བས་ཟོས། །ཆུ་བྲི་རྒྱ་མཚོ་བྲི་གང་མེད། །བྲུ་བ་ལྟོགས་པའམ་བཀྲེས་པ་དང། །བྲུ་བ་ཚ་བ་ལྟོགས་པའི་མིང༌། །ས་ལ་དོང་བྲུ་འབྲུ་བཤར་བྲེ། །བྲེ་མོའི་གཏམ་དང་བྲོ་ནད་དང༌། །བྲོ་འཚལ་བ་ནི་ནད་པ་འོ། །བྲོ་བོར་བ་ནི་མནའ་བསྐྱལ་བ། །བྲོ་བརྡུངས་ཟས་ཀྱི་རོ་ཡི་བྲོ། །བྲག་རི་ལས་ནི་བྲག་ཅ་འབྱུང༌། །ལུས་ཀྱི་བྲང་དང་བྲང་འགྲོ་དང༌། །སྡེར་མོས་ས་བྲད་བྲན་གཡོག་དག །ཞིང་ལ་ཆུས་བྲན་བྱེ་མས་བྲབས། །བྲམ་ཟེ་སྐྱོན་བྲལ་ཆུ་བྲུགས་པ། །སྐྲ་བྲེགས་རི་དྭགས་བྲེང་བྲེང་རྒྱུག །བློ་བྲིད་པ་ནི་བསླུ་བ་འོ། །འཇིགས་པའི་བྲེད་དང་དགའ་བའི་བྲོད། །ཕྱི་མ་ཆོས་བྲིན་ཟོང་མི་བྲིན། །བྱི་བྲུན་ས་ཡི་དོང་དུ་བྲུབས། །བྲིམས་པ་བྱིན་པའམ་བསྟབས་པའོ། །བསོད་སྙོམས་བྲིམས་དང་ཤིང་ལོ་བྲུལ། །བྲེལ་བ་མེད་པར་ཡི་གེར་བྲིས། །དོང་བྲུས་མཚང་བྲུས་རྒྱང་རིང་བྲོས། །གླང་ཆེན་བྲེས་དང་རྟ་ཡི་བྲེས། །བླ་རེ་བྲེས་དང་ཡོལ་བ་བྲེས། །ར་བཏགས་བ་ཡི་སྡེ་ཚན་ནོ། །
དབྲི་བསྣན་མི་བྱ་དབྲ་བཙོག་པ། །རྨིག་པ་ཁ་དབྲག་དབྲག་ནི་བར། །དབྲལ་དཀའ་དབྲོག་པ་འཕྲོག་པ་འོ། །དས་འཕུལ་ར་བཏགས་ཡི་གེ་བའོ། །
ཡི་གེ་འབྲི་དང་དུད་འགྲོ་འབྲི། །ཆུ་སོགས་འབྲི་བ་འགྲིབ་བའི་འབྲི། །ཚིག་ལ་འབྲུ་བསྣན་ཡིག་འབྲུ་འོ། །ལོ་ཏོག་འབྲུ་སྣ་ཁུར་ནས་འབྲོ། །རྗེས་འབྲང་མང་པོ་རྗེས་སུ་འབྲངས། །སྡེར་མོས་འབྲད་ལ་བྱེ་མས་འབྲབ། །བྲལ་བ་འབྲལ་དང་རྒྱུའི་འབྲས་བུ། །ནད་ཀྱི་འབྲས་དང་འབྲུ་ཡི་འབྲས། །འབྲུག་སྒྲ་གྲགས་དང་སྐྲ་འབྲེག་པ། །གྲོང་ལས་ཐག་རིང་འབྲོག་གི་གནས། །མཆོག་དམན་སོགས་ཀྱི་བར་མའི་འབྲིང༌། །ཀོ་ཐག་འབྲེང་བས་འབྲོང་གཡག་འཆིང༌། །འབྲོངས་པ་ཉེ་བར་བསྟེན་པའི་མིང༌། །བསླུ་བའི་འབྲིད་དང་འབྲུབ་ཁུང་དང༌། །འབྲིམ་པ་སྟོབ་པ་འམ་སྟེར་བ། །ཁ་ཟས་འབྲིམ་དང་རྨ་འབྲུམ་བུ། །ཤིང་ལོ་འབྲུལ་ཞིང་སླར་མི་འབྲེལ། །འབྲོས་པ་བཞིན་དུ་རླུང་གིས་བདས། །འས་འཕུལ་ར་བཏགས་བ་ཡི་སྡེའོ། །
བླ་མ་བླ་མེད་བླ་ན་མེད། །གོང་ན་མེད་ཅེས་བྱ་བ་འོ། །བླ་མཐང་སྟོང་ངམ་ཕྱི་དང་ནང༌། །ཡིན་ཀྱང་བླ་ལ་ཡོད་ཀྱང་བླ། །བླ་ནི་རུང་ངམ་བཟོད་དམ་ཆོག །དཀོར་གྱི་བླ་དང་ནོར་གྱི་བླ། །གླང་པོ་ཆེ་ཡི་བླ་ཞེས་སོགས། །དེ་ཡི་ལས་ལ་བསྒོས་པ་འོ། །བླ་ཐབས་ས་བླ་ཚོན་པ་བླ། །བླ་ཚེ་བླ་གབ་ནི་སྟེང་གཡོགས། ། བླ་འོག་ཅེས་པ་སྟེང་འོག་གོ །བླ་བ་བླ་རྡོལ་ཚིག་བླ་དྭགས། །བླ་བོ་སྲོག་བླུ་བློ་བྲིད་པ། །བློ་དང་བློ་གྲོས་བློ་རིག་གསལ། །རྣ་བ་བླགས་ནི་རྣ་བ་གཏོད། །བཙོ་བླག་མཁན་གྱིས་བདེ་བླག་ཏུ། །བླང་དོར་བླང་བྱ་ལག་ཏུ་བླངས། །ལྷུར་བླངས་པ་དང་ཉམས་སུ་བླངས། །སོས་བླད་ལན་བླན་སྤྱི་བླུགས་སུ། །ཆུ་བླུགས་གསེར་དངུལ་གར་བླུགས་ནི། །ལུགས་སུ་བླུགས་པའོ་རྣ་བ་བློགས། །བལ་གོས་ཕྱིང་བ་འཕྱིངས་ཕྱིར་བླིངས། ། རིག་པ་མི་གསལ་བློང་བློང་པོ། །ཡི་མུག་པ་ཡི་དོན་ཡང་ཡིན། །བླུད་མ་སྐོམ་བླུད་བླུན་པོ་དང༌། །བློན་འདེབས་པ་ནི་ཆོས་སྟོན་ནམ། །ཟུར་ནས་གྲོས་འདེབས་པ་ཞེས་བྱ། །བློན་པོ་སྲོག་བླུས་བླུས་མ་བྱིན། །ལ་བཏགས་བ་ཡི་སྡེ་པ་རྫོགས། །
མ༽ མ་ལུས་འགྲོ་འདི་མ་རིག་པས། །མ་འཁྲུལ་མ་བསྐྱེད་པ་དེ་གང༌། །མ་ཡིས་བསྐྱེད་དང་མ་མས་གསོས། །མ་མོ་འཛིན་པ་མ་མོ་ནི། །ཕྱི་མོའོ་སྲིད་པའི་མ་མོ་དང༌། །མ་མཐའ་མ་རུངས་མ་ཧེ་ཞོན། །མ་སྐྱེས་མ་འོངས་མ་གི་ན། །མ་ནངས་པ་ནི་མ་ལངས་པའོ། །མ་ལ་ཞེས་པ་ཀྱེ་མ་འམ། །ཀྱི་ཧུད་མ་ནིང་མི་འུ་ཐུང༌། །མི་ཡིས་མི་མ་ཡིན་མི་མཐོང༌། །མི་ངས་ཞེས་པ་རིམས་ནད་དམ། །མི་ནད་དང་ནི་མུ་གེ་འོ། །མི་འམ་ཅི་དང་མུ་མཐའ་མེད། །མུ་མེན་མུ་ཏིག་འཕྲོ་ཡི་མུ། །མུ་རན་མུ་ཟི་མུ་སྟེགས་པ། །མུ་ཏོ་བ་ནི་དམུ་ལྟོ་བ། །མུ་ཅོར་ཁ་ཟེར་རམ་ཁ་དྲག །མུ་ཁྱུད་མེ་ཡི་མེ་ལྕེ་གཡོ། །མེ་ལོང་ནང་དུ་མེ་ཏོག་ཤར། །མོ་དང་མོ་གཤམ་མོ་མ་དང༌། །ལྷ་མོ་མི་མོ་གྲངས་མང་བ། །མད་ནི་བདེན་ལ་ཞེ་ས་འོ། །མན་ངག་མན་ཤེལ་དེ་མན་ཆད། །འབྲུ་མར་རྩི་མར་མར་མེ་དང༌། །མར་གྱི་ངན་སོང་མལ་ཆ་དང༌། །མས་ཀྱི་ས་ལ་ལྟ་བའི་མིག །ཕོལ་མིག་ཆུ་མུག་ནད་མུག་མེད། །འབྲི་མོག་ཚོས་བསྒྱུར་འོད་མོག་མོག །མིང་བཏགས་མིང་སྲིང་མིང་པོ་དང༌། །མོང་དུ་ཆུད་ནི་ཁོང་དུ་ཆུད། །མོང་རྟུལ་ཞེས་པ་ནི་བླུན་པོ། །ཉོན་མོངས་ཀྱིས་ནི་འགྲོ་ཉོན་མོངས། །ཐུན་མོང་དང་ནི་ཐུན་མོང་མིན། །མགུལ་བའི་མིད་པར་ཟས་མིད་པ། །གཏན་ནས་མེད་དང་རེས་འགའ་མེད། །སྐར་མ་མོན་གྲེ་མོན་གྲུ་དང༌། །མང་པའི་མོད་དང་ཡིན་མོད་དང༌། །དེ་ལྟ་མོད་དང་དེའི་མོད་ནི། །དེ་མ་ཐག་ཅེས་བྱ་བ་འོ། །མོད་མི་དམའ་ནི་དཔང་མཐོ་དང༌། །ཕྲ་མོ་མ་ཡིན་པ་ཡི་དོན།། ཡིན་པ་བཀག་པའི་མིན་པ་དང༌། །མུན་སྲོས་པ་དང་མུན་པ་འཐིབས། །མུར་ཐུག་པ་ནི་མཐར་ཐུག་པ༑ ༑མེ་མ་མུར་ནི་མེ་ཡི་དོང༌། །ཁ་ཡིས་མུར་དང་མེར་མེར་པོ། །མེལ་ཚེ་པ་ནི་ཚོར་གསང་པ། །མོལ་མཆིད་མོལ་བ་གཏམ་མམ་གྲོས། །མེས་པོ་ཆོས་ལ་མོས་པ་ཆེ། །ཞེས་པ་མ་ཡིག་རྐྱང་པའི་སྡེའོ། །
འདྲེ་སྲིན་དམུ་དང་ནད་དམུ་ཆུ། །མི་སྲུན་དམུ་རྒོད་དམེ་བོ་ནི། །རང་དང་རུས་གཅིག་གསོད་པ་པོ། །དམག་མི་མག་པ་དམངས་རིགས་དང༌། །མཆོག་མིན་དམན་དང་མཐོ་མིན་དམའ། ། ཁ་དོག་དམར་དང་གཅེས་པའི་དམར། །ཉམས་དམས་དམིགས་པ་ཉེས་དམིགས་དང༌། །ལོང་ཁྲིད་དམིགས་བུ་བུ་གའི་དམིག །ཁྱིས་དམུག་དམོད་བཙུགས་དམོད་པ་འདོར། །བླུན་པའི་དམུན་དང་འཛུམ་དམུལ་བ། །དམུས་ཕྱུང་ཚི་ཆད་དམ་ཡི་ཆད། །དམུས་ལོང་ཞེས་པ་དས་འཕུལ་མའོ། །
རྨ་བྱ་དང་ནི་ལུས་ཀྱི་རྨ། །རྨི་ལམ་རྨིས་དང་བསྲིས་རྨེ་བ། །རྨེ་བ་ཞེས་པ་ནི་སྨྲ་བ། །སེར་རྨེ་ཞེས་པ་ནི་སེར་སྣ། །ས་རྨོ་བ་དང་གཉེན་རྨོ་མོ། །རྨག་ཆད་སྙན་གྱི་གོང་རྒྱན་དང༌། །ཡང་དག་པ་དང་ཕལ་བོ་ཆེའོ། །རྨང་གཞི་རྩིག་རྨང་འགྲམ་གྱི་རྨང༌། །རྨང་ལམ་རྨི་ལམ་ཞེས་པ་འོ། །ངོ་མཚར་རྨད་དང་རྨད་དུ་བྱུང༌། །རྡོ་དབྱུག་མཚོན་གྱིས་རྨས་པ་དང༌། །ལ་ལར་སྨས་པ་ཞེས་ཀྱང་གསུངས། །ཉམས་པར་བྱས་པའི་དོན་དུ་བཤད། །དྲིས་པའི་རྨས་པ་སྨྲས་པའོ། །རྟ་རྨིག་སྲོག་ཆགས་རྨིག་པ་དང༌། །གནོད་སྦྱིན་རྨུགས་འཛིན་རྨུགས་པར་བྱེད། །བྱིང་རྨུགས་དང་ནི་གནོད་པའི་རྨུགས། །རྨིག་མེད་ཅེས་པ་གཏན་མེད་དོ། ། རྨོག་གྱོན་རྨོངས་པ་སྒ་ཡི་རྨེད། །རྨེད་པ་ཞེས་པ་གསོལ་བའོ། །དྲི་རྨེད་དང་ནི་རྨོ་རྨོ་བ། །རྨུན་པོ་ཞེས་པ་ནི་བླུན་པོ། །ཤ་ཡི་རྨེན་དང་རྨེན་བུ་དང༌། །རྨོན་པ་རྨོན་དོར་ཁྱིས་རྨུར་བ། །བལ་རྨེལ་སྨེལ་བའོ་རྨི་ལམ་རྨིས། །སུན་པའི་རྨུས་དང་རྨོ་རྨོས་པ། །ར་མགོ་ཅན་གྱི་མ་ཡིག་གོ །
རྨྱ་བ་གདུང་བའམ་ཉམས་པ་དང༌། །རྨྱེ་བ་ཞན་པའོ་བྱ་རྨྱངས་ནི། །ར་མགོ་ཡ་བཏགས་མ་ཡིག་གོ །
སྨ་ཕབས་གདོང་གི་སྨ་ར་དང༌། །གཙང་སྨེ་མེད་པ་སྨེ་ཤ་ཅན། །ལུས་ཀྱི་སྨེ་བ་མུན་པའི་སྨག།།སྨང་འཚེར་སྣ་སྤུ་འཐོག་བྱེད་དོ། །བསྟོད་པའི་འོས་གྱུར་མ་སྨད་པ། །མ་བུ་གཉིས་ལའང་མ་སྨད་ཟེར། །སྨད་ར་བྱས་པས་གདོང་སྨད་པ། །ཡུལ་གྱི་སྨད་དང་ལུས་ཀྱི་སྨད། །སྨན་བཏགས་པ་ནི་ཕན་བཏགས་པ། །ཕན་པའི་སྨན་དང་གསོ་བའི་སྨན། །སྨན་པ་སྨན་ལྗོངས་དག་ཏུ་རྒྱུ། །ཟོང་མིན་སྨར་དང་སྨལ་བོ་ནི། །སྐར་མའོ་ཆུར་འཁྲུལ་སྨིག་རྒྱུ་དང༌། །སྨུག་པ་འཐིབས་དང་ཁ་དོག་སྨུག ། སྨུག་རྩི་དང་ནི་འཕྱ་བའི་སྨོད། །རྣམ་སྨིན་རྨ་སྨིན་ན་ཚོད་སྨིན། །གདོང་གི་སྨིན་མ་འབྲས་བུ་སྨིན།། སྐར་མ་སྨིན་དྲུག་སྨིན་དྲུག་བུ། །སྨོན་འདྲིན་གྲོགས་ཡིན་སྨོས་འདྲིན་ཡང༌། །གང་ལ་སྨོན་དང་སྨོན་ལམ་བཏབ། །སུག་སྨེལ་མིང་སྨོས་སྨོས་ཅི་དགོས། །ས་མགོ་ཅན་གྱི་མ་ཡི་སྡེའོ། །
སྨྱི་གུ་སྨྱོ་བྱེད་སྨྱག་ཤད་དང༌། །སྨྱར་བ་ཞེས་པ་བརྐྱང་པའོ། །སྨྱན་བྱེད་པ་ནི་འཕྲིན་བྱེད་པ། །སྨྱན་ཀ་བྱེད་དང་སྨྱིག་མ་དང༌། །སྨྱུགས་ནས་ཞེས་པ་བཅུག་ནས་སོ། །སྨྱུག་མ་ཤིང་ཡིན་མགོ་སྨྱུང་བ། །ཟས་བཅད་པ་ཡི་སྨྱུང་གནས་དང༌། །སྨྱོན་པ་སྨྱུར་ཏེ་ནི་མྱུར་དུ། །སྨྱོས་པ་ས་མགོ་ཡ་བཏགས་མའོ། །
གཏམ་སྨྲ་བ་དང་གདམས་སྨྲ་བ། །སྨྲེ་ཞེས་བྱ་བ་ནི་སྡུག་བསྔལ། །སྨྲེ་བ་ངན་པར་སྨྲེ་བ་སྟེ། །སྨེ་སྔགས་ཞེས་པ་འང་དེ་ཉིད། །ཁ་དོག་ངུར་སྨྲིག་དགོས་ཞེས་སྨྲོས། །བྲམ་ཟེ་ཡི་ནི་སྨྲེང་འདོན་པ། །སྨྲེང་ཚིག་གསང་ཚིག་དང་སྨྲ་ཙམ། །སྨྲེང་བ་ཞེས་པ་ནི་སྨྲ་བ། །ས་མགོ་ར་བཏགས་མ་ཡི་སྡེའོ། །
སྡུག་བསྔལ་མྱ་ངན་རྩྭ་ཆུ་ཤིང༌། །མེད་པ་ཡི་ནི་མྱ་ངམ་ཐང༌། །ཆུ་མེད་མྱ་ངམ་ཐང་ཡང་ཟེར། །རྩི་ཤིང་གསར་སྐྱེའི་མྱུ་གུ་དང༌། །རུལ་མྱག་དང་ནི་རོ་མྱག་འདམ། །མྱང་འདས་རོ་མྱང་བདེ་བ་མྱོང༌། །ཉམས་མྱོང་མྱུར་འགྲོ་ནགས་མྱུལ་བ། །མྱོས་འགྱུར་ཡ་བཏགས་མ་ཡི་སྡེ།
ཙ༽ ཙུབ་ཙུབ་དེ་ཙམ་དེ་ཙུག་དང༌། །ཙུག་ཙུག་སྒྲ་དང་ཙོག་ཙོག་བུ། །ཙ་ཡིག་རྐྱང་པའི་སྡེ་ཚན་ནོ། །
གཞན་གྱིས་མ་གཙེ་གཙོ་བོ་དང༌། །ཁྲག་འདོན་པ་ཡི་གཙགས་བུས་གཙགས། །གཙང་སྦྲ་ལ་དགའ་གཙང་རིས་པ། །གཙང་ཁང་གཙང་མ་ཆུ་གཙང་དང༌། །མཆེ་བ་གཙིགས་དང་གཙིགས་ཆེ་བ། ། མི་རིགས་པ་ཡི་མི་གཙིགས་པ། །སྤྱི་གཙིགས་ཆེ་དང་སྤྱི་གཙུག་དང༌། །གཙུག་ཏོར་གཙུག་ལག་ཅེས་པ་ནི། །སྡེ་སྣོད་ཅེས་པའོ་གཙུག་ལག་ཁང༌། །གཙོད་རུ་གཙུབས་ཤིང་གཙུབས་སྟན་དང༌། །མི་རིགས་གཙེར་བ་རྔོན་པས་གཙེས། །ག་ཡིས་འཕུལ་བའི་ཙ་ཡིག་གོ །
བཙོ་བླག་མཁན་ནི་ཚོས་མཁན་ནོ། །གསེར་སྦྱངས་བཙོ་མ་བཙོ་མའི་གསེར། །དམར་བའི་བཙག་དང་ཚགས་ཀྱིས་བཙགས། །བཙད་པོ་བཙན་པོ་བཀའ་བཙན་པ། །ཁྲི་སྲོང་ལྡེ་བཙན་ཁྲི་ལྡེ་བཙན། །བཙན་དུག་མཐོ་བཙམས་འདྲེ་ཡི་བཙན། །ལྕགས་ཀྱི་བཙའ་དང་སྤྱན་རས་ཀྱིས། །བཙའ་བ་འཚོ་བར་བྱེད་པའི་དོན། །ཕྲུ་གུ་བཙའ་དང་མེ་བཙའ་དང༌། །བོར་སྟོར་བཙལ་དང་ཕྱག་བཙལ་བ།། ཕྲུ་གུ་བཙས་དང་བཙས་མ་རྔ༌། །ཀོ་བཙས་གྲུ་བཙས་ལ་བཙས་དང༌། །ཤིང་བཙུགས་སྲོལ་བཙུགས་རྒྱལ་མཚན་བཙུགས། །ངན་པའི་བཙོག་དང་རྡེག་བཙོག་དང༌། །འབགས་པའི་བཙོག་དང་བཙོག་ཆུ་དང༌། །སྒོག་བཙོང་དག་ནི་ཟོང་དུ་བཙོངས། །ཚོས་ཀྱི་བཙོད་དང་ནང་དུ་བཙུད། །བཙུན་པ་བཙུན་མ་བཙུན་མོ་དང༌། །བཙོན་ར་ཁྲི་མུན་ནམ་ཁྲི་མོན། །བཙོན་དུ་བཟུང་བ་མིག་བཙུམ་པ། །གོས་བཙེམ་པ་དང་འཚིར་བའི་བཙིར། །ཚོས་ཀྱིས་བཙོས་པ་བས་འཕུལ་ཙའོ། །
སྔོ་ཡི་རྩྭ་དང་ལུས་ཀྱི་རྩ། །ལྗོན་པའི་རྩ་བ་རྩ་ལག་ནི། །གཉེན་གྱི་མིང་ངོ་ཚོན་རྩི་དང༌། །རྩི་ཤིང་རྩི་ཏོག་རྩེ་མོ་དང༌། །བརྩེ་ཆེན་སྙིང་བརྩེ་བརྩེ་བ་ཅན། །རྩེ་དགོད་ལྷ་འབངས་ལ་ཡང་བརྗོད། ། སྲོག་ཆགས་རྩངས་པ་ཚེར་མའི་རྩང༌། །རྩངས་ནན་བཏུང་བ་ཞིག་གི་མིང༌། །གྲོང་ཚིག་ཁ་སང་ཁ་རྩང་ལའོ། །རྩད་ནས་གཅོད་དང་ཕན་ཚུན་བརྩད། །བརྩན་པོའི་མཁར་དུ་རྩབ་ཧྲལ་བྱས། །བཏུང་བའི་རྩབ་མོ་ཞོ་རྩབ་དང༌། །རྩམ་པ་ཟ་ཞིང་བྱ་བ་བརྩམས། །རྩད་གཅོད་སྒྱུ་རྩལ་སྟོབས་རྩལ་དང༌། །མཆོང་དུ་བརྩལ་དང་བརྩལ་མ་ཐག །བརྩས་མ་རྩིག་མཁན་རྩིག་པ་བརྩིགས། །བཏུང་བའི་རྩིག་མ་རིན་ལ་རྩེག །བརྩེགས་མ་གཅིག་སྟེང་གཅིག་བརྩེགས་པ། །འབགས་པའི་རྩོག་དང་སྤྱོད་པ་རྩིང༌། །རྩིང་ཞིབ་ཧ་ཅང་རྩིངས་པའི་གོས། །སྤུ་ཡི་རྩིད་པ་རྩེད་མོ་རྩེ། །སོ་རྩེད་ལུས་རྩེད་འཐབ་རྩོད་དང༌། །རྩེན་པ་རྩེ་བ་འམ་རོལ་པ། །སུམ་རྩེན་དང་ནི་ལྔས་རྩེན་བརྩེན། །བརྩོན་པ་མི་འདོར་བརྩོན་འགྲུས་བསྐྱེད། །རུས་པའི་རྩིབ་མ་འཁོར་ལོའི་རྩིབས། །རེག་བྱ་རྩུབ་དང་བྱ་བ་རྩོམ། །བརྩམ་བྱ་རྩོམས་ཤིག་རྩོལ་བ་བསྐྱེད།། རྩོལ་བྱུང་འབད་རྩོལ་སྲོག་རྩོལ་དང༌། །ལེགས་པར་བརྩིས་དང་རྩིས་མཁན་གྱིས། །རྩིས་བྱེད་རྩིས་ཆེ་བརྩི་བྱ་བརྩིས། །བརྩེས་པ་ར་མགོ་ལྡན་པའི་ཙའོ། །
བཀའ་སྩོལ་མཆོག་སྩོལ་དམ་པ་སྩོལ། །དངོས་གྲུབ་སྩོལ་ཅིག་སྩལ་ཏུ་གསོལ། །བཀའ་སྩལ་བ་དང་སྩལ་བར་བགྱི། །དངོས་གྲུབ་སྩལ་བ་ས་མགོ་དང༌། ལྡན་པའི་ཙ་ཡི་སྡེ་ཚན་ནོ། །
ཚ༽ མེ་ཡི་ཚ་ཚ་རེག་བྱ་ཚ། །ཚྭ་སྒོ་ཅན་ནི་བ་ཚྭ་ཅན། །ཚ་བོ་ཚི་གུ་ཚི་གུའི་རྩི། །བལ་གྱི་ཚི་དང་ཚུ་རི་དང༌། །དུས་ཀྱི་ཚེ་དང་སྐྱེས་བུའི་ཚེ། །ལང་ཚོ་ལྡན་པའི་ལྷས་སྦྱིན་ཚོ། །སྡེ་ཚན་ཚོ་དང་ཆུ་ཚགས་དང༌། ། ལུས་ཚགས་བཟང་ཞིང་སོ་ཚགས་དམ། །ཚགས་སུ་ཚུད་དང་ཚག་སྒྲ་དང༌། །སྟན་དང་སྔས་ཀྱི་ནང་ཚང་དང༌། །ཚང་མང་མེ་ཁང་ནགས་ཚང་ཚིང༌། །གྲངས་ཚང་བ་དང་བྱ་ཡི་ཚང༌། །ཚངས་པ་བ་དང་ཚངས་སྐུད་ཐོགས། །ཚངས་པ་མྱང་འདས་ཚངས་སྤྱོད་དང༌། །མི་ཚངས་སྤྱོད་དང་འགྱོད་ཚངས་དང༌། །ཚད་ཀྱིས་གཞལ་དང་ཚད་མ་དང༌། །ཚད་འཛིན་ཆ་ཚད་ཚན་པ་གཅིག །ཚན་པོ་ཆེ་ཡི་སྟོབས་དང་ལྡན། །ཕ་ཚན་ཉེ་ཚན་སྡེ་ཚན་དང༌། །ཆུ་ཚན་ཁོལ་མ་དངོས་མིན་ཚབ། །ཕན་པ་ཚབས་ཆེ་གནོད་ཚབས་ཆུང༌།། རྒྱལ་ཚབ་འཇིགས་སྟངས་ཚམ་རྔམ་དང༌། །ཚམ་ཚོམ་མེད་དང་ཟད་པའི་ཚར། །ཚར་བཅད་ཚར་གཅོད་ཚར་ཆོད་ཅིག །རས་ཀྱི་ཁ་ཚར་ཚར་དུ་བསྒྲིགས། །ཚར་ཕྱིན་པ་ནི་མཐར་ཕྱིན་ཏོ། །སྐྱེད་མོས་ཚལ་དང་ནགས་ཚལ་དང༌། །པདྨོའི་ཚལ་དང་ཚལ་བར་བཀས། །ཚིག་གུ་འབྲས་བུ་འམ་སྙིང་པོ། །མིང་གཞན་ཐོག་གུ་ཞེས་ཀྱང་བྱ། །ཚིག་སྨྲ་ཚིགས་སུ་བཅད་པའི་སྡེ། །ལུས་ཀྱི་ཚིགས་དང་དུས་ཀྱི་ཚིགས།། སྨྱུག་མའི་ཚིགས་སོགས་མཚམས་ཀྱི་ཚིགས། །མེ་ཡིས་བསྲེགས་པ་མེ་ཡིས་ཚིག །ཚུགས་ཐུབ་མི་ཡི་ཤ་ཚུགས་ཅན། །སྤྲ་བའི་ཚུག་བཞག་གཞི་ཚུགས་ཤིག །དཀའ་ཚེགས་ཚོགས་བདག་སྣ་ཚོགས་དང༌། ། མང་པོ་ཚོགས་པས་ཚོགས་བསགས་པ། །ཚོང་པ་ཉོ་ཚོང་ནང་དུ་ཚུད། །ཚོད་འཛིན་ཚོད་བགམ་ཚོད་བརྟགས་པ། །དུས་ཚོད་སྔོ་ཚོད་དེ་ཚུན་ཆད། །ལྷས་སྦྱིན་ཚོན་པོ་ཚོན་གྱིས་བཀྲ། །ཁ་ཚོན་བཅད་དང་ཚུབ་མ་རླུང༌། །ཟས་ཀྱིས་མ་ཚིམ་ནོར་གྱིས་ཚིམ། །ཚེམས་ཕྲེང་དཀར་དང་ཚེམ་བུ་པ། །འབྲུ་ཡི་ཚོམ་བུ་ཁང་པའི་ཚོམས། །ཕྲ་ཚོམ་ཐེ་ཚོམ་ཚིར་ཅིག་ནི། །འཚིར་བར་བསྐུལ་བའོ་ཚུར་མཐོང་དང༌། །ཚུར་ཤོག་ཚེར་མ་ཚེར་གཟུང་ནི། །འཇབ་རྩེའོ་མཉན་བྱ་རྣ་བས་ཚོར། །སེམས་བྱུང་ཚོར་བ་ཚིལ་བུ་དང༌། །ཚུལ་འཆོས་མ་ཡིན་ཚུལ་ཁྲིམས་ལྡན། །པདྨའི་ངང་ཚུལ་ཚུལ་བཞིན་དང༌། །ཚུལ་མིན་རྙེད་པས་རྙེད་པ་ཚོལ། །སོ་ཚིས་ཞལ་ཚུས་ཡར་ངོའི་ཚེས། །ཟླ་བ་ཚེས་དང་རྗེན་པ་ཚོས། །རྐྱང་པ་ཡི་ནི་ཚ་སྡེའོ། །
ལྷན་ཅིག་གཉིས་སྐྱེས་མཚེ་མ་དང༌། །མཚེ་འུའི་འགྲམ་གྱི་སྔོ་སྨན་མཚེ། །རྒྱ་མཚོ་ཆེན་པོ་ཆུ་ཡི་མཚོ། །མཚག་བཟང་བ་ནི་ཉམས་རྒྱས་པའམ། །ཡན་ལག་ཉིང་ལག་རྒྱས་པ་འོ། །སྐྱོན་གྱི་མཚང་བརྗོད་མཚང་འདྲུ་བ། །རྟགས་ཀྱི་མཚན་མ་མིང་གི་མཚན། །མོ་མཚན་གྱི་ནད་མཚན་པར་བརྡོལ།། ཡ་མཚན་མཚན་མོ་མཚན་མས་མཚན། །མཚན་ཉིད་མཚན་གཞི་ཕྱག་མཚན་དང༌། །མཚན་དཔེ་རྒྱལ་མཚན་དུས་མཚམས་དང༌། །མཚམས་བཅད་ཕྱོགས་མཚམས་བར་མཚམས་དང༌། །མཚལ་ལུ་རྟ་ནི་རྟིང་དཀར་རོ། །མཚའ་ནི་གཅན་གཟན་དྲེད་མོ་འོ། །ངོ་མཚར་ཉམས་མཚར་མཚར་སྡུག་པ། ། ཚོན་རྩི་མཚལ་དང་མགོའི་མཚོག་མ། །འདྲ་བའི་མཚུངས་དང་དུར་མཚོད་དང༌། །མཚུན་ནི་ལྷ་འམ་ཕ་མེས་སོ། །མཚོན་ཆ་མཚོན་བྱ་དེས་མཚོན་པ། །འབྲོག་གི་རུ་པ་སྡོད་པའི་མཚེར། །ཁ་ཡི་མཚུལ་པ་ཁྱིམ་མཚེས་ནི། །མས་འཕུལ་ཚ་ཡི་སྡེ་ཚན་ནོ། །
གནོད་པའི་འཚེ་བ་མེད་པ་དང༌། །གཞན་ལ་མི་འཚེ་ཉེར་འཚེ་མེད། །ཇི་སྲིད་འཚོའི་བར་འཚོ་བ་བདེ། །ཕྱུགས་མ་འཚོ་བ་ཟས་ཀྱིས་འཚོ། །འཚོ་བྱེད་ནད་འཚོ་སྲོག་འཚོའི་སྨན། །འཛོམས་པའི་འཚག་དང་ལུས་སྟོབས་འཚག །ཆུ་འཚག་འཚང་རྒྱ་ནང་དུ་འཚངས། །བློ་འཚབ་པ་དང་སྐྱིན་པ་འཚབ། །གང་ལ་གང་འཚམ་བློ་དང་འཚམ། །དུས་མཚམས་དང་ནི་ལོངས་པའི་འཚར། །འཚལ་ནི་ཤེས་པའམ་ཆོག་པ་དང༌། །འདོད་པ་ལ་ཡང་ཤེས་པར་བྱ། །འཚལ་མ་ཟས་སམ་འཚལ་མ་ལྟོ། །འཚལ་མ་འཚལ་ནི་ཟས་ཟ་བ། །མེས་འཚིག་བརྡེག་འཚོག་འཚོག་ཆས་འཚོང༌། །རྒྱལ་བའི་འཚེངས་དང་ཟས་འཚེང་བ། །རྗེན་པ་འཚོད་དང་དུ་བ་འཚུབས། །ཚུབ་མ་འཚུབས་དང་ཆུ་ཡིས་འཚུབས། །གདུང་འཚོབ་རྨ་འཚོབ་འགྲོ་འཕྲོར་ཚོམ། །ཏིལ་མར་འཚིར་སོགས་བཙིར་བའི་འཚིར། །གསལ་ཞིང་འཚེར་བ་འོད་འཚེར་བ། །ཞེ་འཚེར་ནོར་འཚོལ་མིག་གིས་འཚོས། །འས་འཕུལ་ཚ་ཡི་སྡེ་ཚན་རྫོགས། །
ཛ༽ གནོད་མཛེ་མཛེ་ནད་དུད་འགྲོ་མཛོ། །ཡ་རབས་མཛངས་དང་མཁས་པའི་མཛངས། །དཔའ་མཛངས་པ་དང་བྱ་བ་མཛད། །མཛའ་སྡེ་ཞེས་པ་གྲོགས་པོའི་སྡེ། །མཐུན་པའི་མཛའ་བོ་མཛོད་སྤུ་དང༌། །ནོར་གྱི་མཛོད་དང་ལས་མཛོད་ཅིག །མཛུབ་གང་སོར་ཚད་བརྒྱད་ལ་གསུངས། །འགའ་ཞིག་སོར་ཚད་དྲུག་ལའང་ཟེར། །མཛུབ་མོ་མཛེར་བ་མཛོལ་བུ་བསྲུང༌། །གཟུགས་མཛེས་དབྱིབས་མཛེས་ཡིད་འོང་མཛེས། །མས་འཕུལ་ཛ་ཡི་སྡེ་པ་འོ། །
འདུ་འཛི་འཁྲུགས་པའི་འཛག་འཛོག་དང༌། །ཆུ་འཛག་ནོར་འཛངས་རྡོ་ཡི་འཛང༌། །འཛན་ཕོ་བགྲོད་བྱེད་དེ་སྐྱེས་པ། །འཛན་མོ་བགྲོད་བྱ་སྟེ་བུད་མེད། །འཛན་དཀའ་ཞེས་པ་ནི་སྦྱོར་དཀའ། ། ཟད་པའི་འཛད་དང་བཟླས་པའི་འཛབ། །འཛམ་གླིང་ཆུད་འཛའ་འཕྱང་པའི་འཛར། །སྲོག་སོགས་འཛུགས་དང་གྱེན་དུ་འཛེགས། །ཕན་ཚུན་འཛིངས་དང་སྣོད་དུ་འཛུད། །སྣོད་དུ་འཛེད་དང་ལག་པས་འཛིན། །མིག་མི་འཛུམ་དང་བཞིན་གྱི་འཛུམ། །བསགས་པའི་འཛོམ་དང་ཚོགས་པའི་འཛོམ།། ཟག་པའི་འཛིར་དང་གཟུར་བའི་འཛུར། །འཛེར་ཏོ་སྨྲ་བ་འམ་ཟེར་བ། །ལོགས་སྐྱེས་འཛེར་བ་སྐད་འཛེར་པ། །འོག་ཏུ་འཛུལ་དང་ནོར་བའི་འཛོལ། །འཛོལ་ལམ་འཛོལ་བུས་སྲོག་ཆགས་འཛིན། །མ་འཛོལ་བ་སོགས་འས་འཕུལ་ཛའོ། །
རྫ་རི་དང་ནི་སྣོད་ཀྱི་རྫ། །རྫི་མ་གཞན་གྱིས་མི་བརྫི་བ། །རྫི་ནི་རླུང་སྟེ་རྫི་ཕྱོགས་དང༌། །ཕྱུགས་རྫི་ལ་ནི་རྫིའུ་ཚོས་བྱིན། །རྫུ་འཕྲུལ་རྫུ་བག་གཞན་དུ་བརྫངས། །ནོར་གྱིས་བརྫངས་དང་འདམ་རྫབ་དང༌། །རྫབ་རྫུབ་རྫས་དང་ནོར་རྫས་དང༌། །ཡོན་ཏན་རྫོགས་དང་དཀྱིལ་འཁོར་རྫོགས། །བྱ་བ་ཟིན་པའི་རྫོགས་པ་དང༌། །ཆུ་ཡི་རྫིང་དང་རྫིང་བུ་དང༌། །མཁར་རྫོང་བྲག་རྫོང་འབུལ་བའི་རྫོངས། །བདེན་རྫུན་དང་ནི་ཟོག་གི་རྫུབ། །རྫོབ་པ་སྒྲིབ་པ་སྟེ་ཀུན་རྫོབ། །ཟན་བརྫིས་ཐོག་བརྫིས་རྡོག་པས་བརྫིས། ། བརྫུས་ཏེ་སྐྱེས་དང་མི་རུ་བརྫུས། །གོས་བརྫུས་རལ་བ་གྱེན་དུ་བརྫེས། །ར་མགོ་ལྡན་པའི་ཛ་སྡེའོ། །
ཝ༽ ཝ་ཁའི་ཆུ་ནི་ཝ་སྐྱེས་འཐུང༌། །ཕ་ཝང་ལོང་བུ་རྡོའི་བྱེ་བྲག །སྙན་གྱི་ཝང་ལོང་པི་ཝང་དང༌། ། ཝལ་ལེར་འཆར་པ་ཝ་ཡི་སྡེའོ། །
ཞ༽ ཞ་ཉེ་དཀར་པོ་རོ་ཉེ་དང༌། །ཞ་ཉེ་ནག་པོ་ཚོན་མོ་སྟེང༌། །ཞ་སྒྲེ་ཞེས་པ་ནི་རྣ་མེད། །ཡན་ལག་ཉམས་པའི་ཞ་བོ་དང༌། །ཁྲོ་བ་ཞི་དང་དགོས་པ་ཞུ། །མར་སོགས་ཞུ་བ་དྲོད་ཀྱིས་ཞུ། །ཞེ་ས་ཞེ་སྡང་ཞེ་འགྲས་པ། །ཞེ་ན་ཞོ་ཤས་འཚོ་བ་ལས། །ཞོ་འཐུང་ཉིན་ཞག་ཞགས་པ་ཐོགས། །ཁྲག་ཞག་ཞང་པོ་ཞད་མེད་པ། །ཞང་བློན་དྲག་ཞན་བློ་ཞན་པ། །ཞབས་ཕྱིར་འབྲངས་ཏེ་ཞབས་ཏོག་ཕུལ། །སྣོད་ཀྱི་ཞབས་དང་ཞམ་འབྲིང་དང༌། །ཞམ་རིང་རྔུལ་བའི་ཞམ་ཆུ་འབབ། །མིག་ཞར་བ་དང་ཞར་བྱུང་དང༌། །ཞལ་གདང་ཞལ་རས་ཞལ་ཏ་དང༌། །ཞལ་ཚུས་ཞེས་པ་ཞལ་ཟས་སོ། །ཞལ་པ་ཡིས་ནི་ཞལ་ཞལ་བྱས། །བུམ་པ་ཞིག་པ་དེ་ཅི་ཞིག །ལམ་ཞུགས་རྒྱུན་ཞུགས་ཞུགས་ནི་མེ། །འདིར་ཞོག་ལྟ་ཞོག་ཡིད་ལ་ཞོག །ཞོགས་རྒྱུགས་རྡབ་གཤོགས་སམ་འདབ་ཞོགས། །རི་དྭགས་ཞོགས་པ་བྲོས་པའི་ཞོགས། །ནམ་ལངས་ཞོགས་ཀ་ཞིང་ས་ལ། །ཞིང་པ་ཞིང་འདེབས་ཚོགས་ཀྱི་ཞིང༌། །ཆུ་ཞེང་གབ་དང་རས་ཀྱི་ཞེང༌། །འཇིགས་པའི་ཞེད་དང་ཆར་ཆེན་ཞོད། །ཞུན་མར་གསེར་ཞུན་བློ་ཞེན་པ། །རྟ་ཞོན་བློ་ཞིབ་ཞིབ་མོར་བཏགས། །དྲི་ཞིམ་རོ་ཞིམ་སེམས་ཞུམ་པ། །བཅོམ་པའི་ཞོམ་དང་དེའི་ཞོར་ལ། །ཞོལ་ཕོ་ཞོལ་མོ་རི་ཞོལ་རྒྱུ། །དགོས་དོན་ཞུས་སོགས་ཞ་རྐྱང་ངོ༌། །
གཞི་བོ་ཞེས་པ་ནི་གཞི་མ། །གཞི་ནས་གོ་བགོ་གཞི་ནས་བསླབ། །གནས་གཞི་ཀུན་གཞི་ནད་གཞི་དང༌། །གདགས་གཞི་གཞི་གྲུབ་གཞི་བདག་དང༌། །གཞུ་བདུངས་པགས་པའི་གཡང་གཞི་དང༌།། རྡེག་པར་བྱེད་པའི་ལྕག་གིས་གཞུ། །དྲན་པ་ཉེར་གཞག་མཉམ་གཞག་དང༌། །རྣམ་གཞག་དང་ནི་ནམ་གཞག་གཏན། །ལུས་ཀྱི་ཆ་ཤས་ཀྱི་ནི་གཞང༌། །གཞང་འབྲུམ་ནད་ཡིན་རང་ལས་གཞན། །གཞའ་ཚོན་ཞེས་པ་ནི་འཇའ་ཚོན། །གཞའ་གསང་གཡུང་དྲུང་ངམ་འཕྲིན་ལས། །གཞའ་བའམ་བཞའ་བ་ཞེས་པ་ནི། །ཡིབས་པའམ་སྦས་པའོ་གཞར་ཡང་ནི། །སླར་ཡང་ངམ་ནམ་ཡང་ཞེས་པའོ། །གཞལ་བྱ་གཞལ་བྱེད་གཞལ་མེད་ཁང༌། །གཞལ་ཡས་ཁང་དང་གླུ་གཞས་དང༌། །འཇིག་པའི་གཞིག་དང་བསམ་གཞིག་དང༌། །བརྟག་གཞིག་དང་ནི་ནང་དུ་གཞུག །མངག་གཞུག་གཡོག་པོའོ་ལམ་དུ་གཞུག།། གཞོགས་སྟེགས་ཟུར་མིག་གམ་སྒེག་ཆོས། །ཟུར་གྱིས་གོ་བའི་གཞོགས་སྨོས་དང༌། །གཞོགས་སློང་གཞོགས་འཕྱས་གྲིས་ཤིང་གཞོག །སྤོ་གཞོགས་ལུས་ཀྱི་གཞོགས་གཡས་གཡོན། །གཞུང་བཟང་ཡིད་གཞུང་གཞུང་ལུགས་དང༌། །གཞོང་པ་སྣོད་ཡིན་གཞོངས་ནི་ལྗོངས། །གཞོངས་སྤྱོད་པ་ནི་ལྗོངས་རྒྱུ་བ༑ ༑གཞེན་འདེབས་དང་ནི་གཞེན་བསྐུལ་ནི། །དྲན་བསྐུལ་གཞོན་ནུ་ན་ཚོད་གཞོན། །ཁུ་བ་གཞིབ་པ་འཇིབ་པ་འོ། །བསྒྲིགས་པའི་གཞིབ་དང་ཚིག་པའི་གཞོབ། །བདུད་སྡེ་གཞོམ་དང་གཞིར་བཞག་པ༑ ༑གཞུར་མེད་པ་དང་གཞོམ་མེད་པ། །མེ་གཞིལ་བ་བཞིན་ཉོན་མོངས་གཞིལ། །གཞོལ་བ་ཞེས་པ་འབབ་པའི་དོན། །ཆོས་ལ་གཞོལ་དང་ལམ་ལ་གཞོལ། །གཞེས་པ་སྡོད་པ་འམ་བཞུགས་པ། །འཚོ་ཞིང་གཞེས་པ་གཞུགས་པའི་གཞེས། །དུས་ཀྱི་གནངས་གཞེས་གས་འཕུལ་ཞའོ། །
རྒྱུ་སྐར་མེ་བཞི་གྲངས་ཀྱི་བཞི། །དཔང་པོ་ཆེ་བཞི་མར་བཞུ་བ། །འོ་མ་བཞོ་དང་གནས་སུ་བཞག །ནང་ཁྲོལ་བཞག་དང་བཞད་མོ་བཞད། །སྲོག་ཆགས་བཞད་དང་བཞབས་ནས་འགྲོ། །བཞམས་བསྒོ་དྲན་བསྐུལ་ཞེས་བཤད་ཀྱང༌། །འཇམ་པོའི་ཚིག་གིས་བཞམས་པ་དང༌། །གསོལ་བཞིའི་ལས་ཀྱིས་བསྒོ་བར་གསུངས། །རླན་པའི་བཞའ་དང་སྐྲ་བཞར་བ། །འདི་རུ་བཞུགས་དང་ཤིང་གཞོགས་པ། ། སྟན་ལས་བཞེངས་དང་རྟེན་བཞེངས་པ། །འབྱོན་བཞུད་དགོངས་བཞེད་དེ་བཞིན་ཉིད། །བྱད་བཞིན་ཇི་བཞིན་འདི་བཞིན་ནོ། །རྒྱུ་སྐར་བྱི་བཞིན་གྲོ་བཞིན་དང༌། །ནོར་བཞུན་གཡོག་བཞུན་བཞོན་པ་དང༌། །བཞུས་མར་ཟ་དང་ལྕག་གིས་གཞུས། །འགྲོ་དོན་ཁུར་བཞེས་ཞལ་གྱིས་བཞེས། །བཞེས་ཤིག་འོ་མ་བཞོས་པ་འདི། །ཞ་ཡིག་བ་ཡིས་འཕུལ་བའི་སྡེའོ། །
ཞྭ་ནི་མགོ་ལ་གྱོན་པའི་ཞྭ། །ཝ་བཏགས་ཞ་ནི་དེར་ངེས་སོ། །
ཟ༽ ཟ་མ་མོ་ཡིས་ཟ་འོག་གྱོན། །ཟ་བྱེད་ཟ་བ་པོ་ཡིས་ཟ། སྣང་བ་ཟ་ཟི་ཟེ་པྲོག་གྱོན། །པདྨའི་ཟེ་བ་ཟེའུ་འབྲུ་དང༌། །བྱ་དང་ཕག་གི་ཟེ་བ་དང༌། །ཟོ་མདོག་བདེ་དང་ཟོ་བཟང་པ། །ཟོ་ཞིག་ཟོ་ཆུན་ཁྲག་ཟགས་པ། །ཉོན་མོངས་ཟག་པ་ཟངས་མདོག་དམར། །ཟང་ཟིང་ཟས་སམ་གཙོ་བོར་ཤ། །ཟང་ཆེན་ཆུས་བཀང་ཟད་མ་ཟད། །ཟན་ཟ་ཟབ་མོ་གཏིང་ཟབ་པ། །ཆུ་ཡི་ཟམ་པ་འབྲུ་ཟར་མ། །དཀར་ཟལ་ཕྱུགས་ཀྱི་ཁ་ཟས་རྩྭ། །ཚེར་མ་ཟུག་པའི་ཟུག་རྔུ་བསལ། །ནོར་སྐྱོང་ཟུག་རྒྱག་ཆུའི་ཟེགས་མ།། ཟོག་པོ་ཟུང་ནི་ཆ་སྟེ་གཉིས། །ཟུངས་ཤིག་ལུས་ཟུངས་རྭ་ཟེང་ངེ༌། །ཚོང་ཟོང་བཀྲམ་དང་བཟུང་བའི་ཟིན། །ཟིན་བྱ་ཟིན་བྱེད་རྩིས་ཟིན་པ། །གྲུབ་པའི་ཟིན་དང་རྫོགས་པའི་ཟིན། །དྲན་པས་ཟིན་དང་དོགས་ཟོན་བྱེད། །ཟོབ་ཅན་ཆར་ཟིམ་མིག་ཟིམ་མེ། །མཚན་མོ་མིག་ཟུམ་པདྨ་ཟུམ། །ལྷུན་པོའི་ཟོམ་དང་ཟུར་བཞི་པ། །ཟུར་ཕུད་ཟུར་ཆག་ཟུར་དུ་བཀོལ། །ཟུར་བ་དེ་ལ་ཟུར་ཟ་བ། །ཟུར་མིག་ཟུར་འདེབས་གྲ་ཟུར་དང༌། །གཟུར་ཅིག་མཚོན་གྱི་ཟུར་ཁ་ལ། །ཟེར་སྒྲོས་ཉི་ཟེར་འོད་ཟེར་འཕྲོ། །ཟོར་ཡངས་ཟོར་ཁ་གཏོར་ཟོར་དང༌། །གཡོ་ཟོལ་ཟོལ་འཇོག་ཟོལ་བ་ནི། །གཡོ་སྒྱུས་ཐ་སྙད་བྱེད་པ་པོ། །ཟས་ཟོས་ཟོས་བདེ་ཟ་རྐྱང་ངོ༌། །
གཟི་འོད་འཕྲོ་བ་རིན་ཆེན་གཟི། །གཟི་མདངས་གཟི་བྱིན་གཟི་བརྗིད་ཆེ། །མ་བརྟགས་པ་ཡི་གཟུ་ལུམ་དང༌། །གཟུ་ལུམ་བབ་ཅོལ་སྨྲ་ལའང་ཟེར། །གཟུ་བོ་དྲང་པོའམ་ཕྱོགས་ལྷུང་མེད། །གཟེ་མ་བཟོ་བོ་ལག་གཟོ་བ། །བྱས་པ་གཟོ་དང་དྲིན་དུ་གཟོ། །ཆུ་གཟགས་ཚེར་མ་གཟེངས་རིང་བ། །བྱི་བས་འབྲུ་གཟད་ཟས་ལ་གཟན། །གཅན་གཟན་གཟན་སྟན་གཟན་ཆེ་བ། །གཟབ་ནས་གཟའ་མི་གཟའ་སྐར་བལྟ། །ཕྱིང་གཟར་སྲིན་གཟར་སྟན་གྱི་གཟར། །བླ་གོས་ཕྲག་པ་གཅིག་ཏུ་གཟར། །གཟར་ཐག་དཔྱངས་ཐག་རི་ངོས་གཟར། །གཟར་བུ་དགང་གཟར་དང་བླུགས་གཟར། །གཟས་པ་རྡེག་པར་རྩོམ་པ་འོ། །གཅན་གཟན་སྟག་གཟིག་སྤྱན་གྱིས་གཟིགས། །ཤ་གཟུག་གཟུགས་ཅན་གཟུགས་བརྙན་དང༌། །གཟུགས་དང་གཟུགས་རུང་རྒྱལ་མཚན་གཟུགས། །བྱི་དུར་གཟུགས་མོ་གཟེག་ཆ་ཆུང༌། །བློ་གཟེག་བློ་རྣོའམ་བློ་ཞིབ་པ༑ ༑གཟེགས་མ་རྡོལ་དང་ཉག་མ་འོ། །གཟེགས་ཟན་གྲུ་གཟིངས་ལ་ཞུགས་པ། །གོས་ལ་གཟུང་བཏབ་གཟུངས་ཐག་དང༌། །གཟུངས་སྔགས་གཟུང་འཛིན་གཟུང་སྤོབས་དང༌། །གཟེངས་བསྟོད་སྤུ་གཟེངས་རྐོ་བའི་གཟོང༌། །ཆོས་ལ་གཟུད་དང་ཕྲག་པར་གཟེད། །གཟོད་མ་ཞེས་པ་དང་པོ་སྟེ། །གཟོད་མ་ནས་དང་གཟོད་མའི་དུས། །གཟེན་ཚོལ་བྱ་རྒོད་གཟེན་ལ་འབབ། །དྲིས་ལན་མི་མཐུན་གཞན་བརྗོད་པའམ།། བསྒོ་བའི་བསླབ་བྱ་མི་ཉན་པའི། །བསྒོ་བ་རྣར་གཟོན་རྣལ་གཟོན་ཡང༌། །བྱས་པ་ཆུད་གཟོན་གཟེབ་ནི་གུར། །གཟིམས་མལ་མནལ་གཟིམས་འཛེམ་པའི་གཟེན། །ནད་ཀྱིས་གཟེར་དོགས་གཞན་དུ་གཟུད། ། འོད་གཟེར་ཟུག་གཟེར་ཤིང་སོགས་གཟེར། །གཟེར་བུ་བཏབ་དང་བཀུར་གཟོས་ཆེ། །གས་འཕུལ་ཟ་ཡི་སྡེ་པ་རྫོགས། །
མྱོས་པའི་བཟི་དང་བཟོ་བོ་མཁས། །གོས་བཟོ་པ་ལ་བཟང་མཁན་ཟེར། །བཟོད་སྲན་ཆུང་བའི་བཟེ་རེ་ཅན། །བཟང་པོ་གཏུམ་པའི་མི་བཟད་པ། །མི་བཟད་པ་ནི་དྲག་པོ་འམ། །དྲག་ཤུལ་དང་ནི་མི་སྡུག་པའོ། །རྒྱ་མོ་བཟའ་དང་བལ་མོ་བཟའ། །བཟའ་བ་ན་བཟའ་ལག་པས་བཟུང༌། །བཟེད་ཞལ་ལྷུང་བཟེད་ཁ་བཟེད་པ། །བཟོད་པ་བསྒོམ་དང་ལས་ལ་བཟུར། །གོས་བཟོས་བས་འཕུལ་ཟ་ཡི་སྡེའོ། །
ཟླ་གྲོགས་འགྲན་ཟླ་ཟླ་བོ་དང༌། །མཁའ་ཡི་ཟླ་བར་གནམ་ཟླ་དང༌། །དུས་ཀྱི་ཟླ་བར་ས་ཟླ་ཟེར། །ཟླ་གམ་སྔགས་བཟླ་མྱ་ངན་བཟླ། །གཞན་ལ་ཟློ་དང་མྱ་ངན་ཟློ། །སྔགས་བཟླས་པ་དང་ཟླས་དབྱེ་བ། །བཟླུགས་པ་ཞུས་པའམ་དྲིས་པ་དང༌། །ལ་ལར་སྤྲན་པ་ལ་ཡང་གསུངས། །ཟློག་པ་གཡུང་ངོ་ཟློག་མི་ཟློག །བཟླུམས་པ་ཞེས་པ་བསྡུས་པ་འོ། །ཟླུམ་པོ་ཚོགས་བཟླུམས་གཅིག་ཏུ་བཟླུམས། ། ཟློས་གར་སྔགས་ཟློས་བསྐྱར་བའི་ཟློས། །ལ་བཏགས་ཟ་ཡི་སྡེ་ཚན་ནོ། །
ཟྭ་ནི་སྔོ་ཚོད་ཚེར་མ་ཅན། །ཝ་བཏགས་ཟ་ནི་དེར་ངེས་སོ། །
འ༽ འུ་བུ་ཅག་དང་འུ་ཅག་དང༌། །འུ་ཤ་འབྲས་བཙོས་པའི་ཁུ་བ། །འུ་སུ་ཞེས་པ་ཟར་མའི་མིང༌།། འོ་ཟི་སྐྱ་རེངས་ཐ་མའི་མིང༌། །འོ་ན་འོ་ཅག་འོ་མ་འཐུང༌། །འོ་བརྒྱལ་བ་དེ་འོ་དོད་འབོད། །འོ་ནི་ཞེས་པ་འདི་ནིའོ། །སྲིན་བྱ་འུག་པ་ས་ཡི་འོག །མ་འོངས་འུད་ཆེ་འོད་ཆེ་བ། །འོད་པ་དང་ནི་ཤྭ་འོད་ནི། །རི་ཡི་གནས་ཆར་ཆུ་དྲག་པོ། །འོན་ཅིག་བྱིན་ཅིག་ཅེས་པའི་དོན། །རྣ་བ་འོན་པ་འོན་ཏང་ནི། །འོན་ཀྱང་འུབས་ནི་འདུས་པའི་དོན། །འོབས་ཀྱིས་བསྐོར་བར་འོམ་བུ་སྐྱེས། །འུར་རྡོ་འུར་སྒྲ་རི་ཡི་འོར། །འོར་བ་བོར་བ་ལ་ཡང་བརྗོད། །འོལ་ཚོད་འོལ་སྤྱི་བྱ་འོལ་བ། །འོས་པ་འཚམས་པའོ་བབ་འོས་བཞིན། །འ་ཡིག་ལས་བརྩམས་དེ་ཙམ་མོ། །
ཡ༽ ཡ་གི་ཡ་རབས་ཡ་མཚན་ཆེ། །ཡ་གཅིག་ཡ་གྱལ་ཡ་མ་ཟུང༌། །ཡ་མ་བརླ་ཞེས་བྱ་བ་ནི། །སྙིང་པོ་མེད་པའམ་མི་བདེན་པའོ། །ཡ་ཐོག་རིང་མོ་ཡ་ལད་ནི། །གོ་ཆ་སྤྱི་དང་རྨོག་ལ་འཇུག །ཡ་ག་བརྗོད་པ་ངན་པར་ཟེར། །ཡ་གད་རྐང་རྟེན་ནམ་འཛེག་སྐས། །ཡ་ང་བ་དང་ཡ་ཡ་བོ། །ཡི་ཆད་དང་ནི་ཡི་མུག་པ། །ཡི་དམ་ཡི་གེ་ཡི་རང་བ། །ཡི་གར་མི་འོང་ཡི་ག་འཆུས། །ཡུ་བུ་ཅག་ཅེས་བྱ་བ་ནི། །རང་རེ་འམ་བདག་ཅེས་བྱ་བའོ། །རལ་གྲིའི་ཡུ་བ་གཡག་ཡུ་བོ། །རི་དྭགས་ཡུ་མོ་ཡེ་ཤེས་དང༌། །ཡེ་འབྱམས་ཞེས་པ་སྟོང་ཉིད་དོ། །ཡེ་ནས་ཡོ་བ་ཡ་ཡོ་དང༌། །ཡོ་བྱད་ཡོ་ལང་ལྕི་ཡང་དང༌། །རྒྱ་ཆེའི་ཡངས་དང་ཡང་དག་པ། །སྐྱར་པའི་ཡང་ཡང་ཡན་གར་བ། །ཡན་ཆད་ཡན་ལག་ཡན་པར་བཏང༌། །སྣང་བ་རྒྱ་ཡན་སེམས་རྒྱ་ཡན། །ཡབ་གཅིག་མདའ་ཡབ་རྔ་ཡབ་དང༌། །ནད་ཡམས་ཚིག་གི་བཤད་ཡམ་དང༌། ། ཕོ་ལོང་ཡར་གྱི་གནམ་ལ་ཡར། །ཡལ་ག་དྲོད་ཡལ་འོད་དུ་ཡལ། །ཡས་བཏགས་ལ་ལར་ཡས་སྟགས་ཟེར། །ཡིག་འབྲུ་ཡིག་མཁན་རས་ཡུག་དང༌། །ཁྱོ་བོ་ཤི་བའི་མོ་ཡུག་ས། །ཡོང་ཡེ་རྣམ་པ་ཀུན་ཏུ་འམ།། ངེས་པར་རྣམ་པ་ཐམས་ཅད་ཀྱི། །ཐམས་ཅད་དུ་ཞེས་བྱ་བའི་དོན། །འཇིག་རྟེན་ཡོངས་ལ་ཡོངས་སུ་གྲགས། །ཡོངས་སུ་དག་པ་ཡིད་གཞུངས་པ། །ཡིད་ཆེས་པ་ལ་ཡིད་བརྟན་རུང༌། །ཡིད་གཉིས་ཐེ་ཚོམ་ཡིད་སྲུབ་བདུད། །ཡིད་དག་རོ་ཡིན་ཡིད་རྣམ་ཤེས། །ཡུད་ཙམ་ཡོད་པ་འདི་ཡིན་པ། །ཡོན་ཏན་ལྡན་པའི་ཡོན་གནས་ལ། །ཡོན་བདག་ཡུན་རིང་ཡོན་ཕུལ་བའི། །ཡོན་སྦྱངས་འཕྲལ་དང་ཡུན་དུ་ཕན། ། ཕན་ཡོན་ཆེ་བ་ཡོན་གྱིས་བླུས། །ཡོན་པོའི་བློ་ཅན་ཕག་ཏུ་ཡིབས། །ཤ་སོགས་རུལ་ཞིང་བསུངས་པའི་ཡིབ། །རྒྱལ་ཡུམ་གསུངས་ཚེ་ས་ཡོམ་ཡོམ། །གཉིད་ལ་ཡུར་དང་ཡུར་བའི་ཆུ། །ཐོ་ཡོར་མིག་ཡོར་བློ་ཡི་ཡུལ། ཡུལ་དང་ཡུལ་ཅན་ཡུལ་ཕྱོགས་དང༌། །ཡུལ་ཆོས་ཞེས་པ་ཡུལ་ལུགས་སོ། །ཡུལ་ངན་ཁ་ཆར་རླུང་སྤྲིན་གྱིས། །ཉིན་གང་བསྒྲིབས་པའོ་ན་ཚོད་ཡོལ། །གུང་ཡོལ་དྲོ་ཡོལ་འདས་པའི་དོན། །རས་ཀྱི་ཡོལ་བ་ཡོལ་གོ་སྣོད། །ཡུས་ཏེ་བདེན་ཏེའོ་ཡུས་ཆེ་བ། །ཡོས་བུ་ཡོས་ཟ་ཡོས་རྐྱང་ངོ༌། །
དུད་འགྲོ་གཡི་དང་དྲུག་དམར་གཡུ། །བསྒུལ་བསྐྱོད་གཡོ་དང་ཟས་གཡོ་བ། །གཡོ་སྒྱུ་ངན་གཡོ་དུད་འགྲོ་གཡག །གཡང་སར་ལྷུང་ནི་ཉམས་ཉེས་པའོ། །གཡང་ནི་དཔལ་ཏེ་གཡན་པ་ནད། །གཡབ་མོ་གཡབ་དང་གཡམ་ནི་ཞར། །གཡམ་ལ་རྒྱུགས་དང་རྡོ་གཡམ་པ། །སྐྱི་གཡའ་ལྕགས་གཡའ་གཡའ་རི་གཡའ། །གཡའ་སྒོག་མི་བྱེད་གཡར་བོའི་གོས། །གཡར་ནི་ཁ་འམ་གདོང་ངམ་མདུན། །གཡར་འདྲེན་སྤྱན་འདྲེན་གཡར་ལེན་ནི། །ཁས་ལེན་གཡར་དམ་ནི་དམ་བཅའ། །གཡར་ཁྲལ་ཁ་ཁྲལ་ལམ་ངོ་ཁྲལ། །གཡར་ལམ་མདུན་ཏེ་གཡར་ཚ་ནི། །ངོ་ཚའོ་གཡར་ཁམས་སྐུ་ཁམས་སོ། །གཡར་ངོ་གདོང་ངམ་བཅོལ་བའི་ངོ༌། །ཁ་གཡལ་གཡས་ཕྱོགས་གཡིག་དང་གཡུག །བྲན་གཡོག་མང་པོ་གོས་ཀྱིས་གཡོགས། །རིགས་ངན་གཡུང་བོ་གཡུང་མོ་དང༌། །གཡུང་བ་ཞེས་པ་ནི་ཞན་པ། །གཡུང་དྲུང་གཡེང་བ་རྣམ་གཡེང་བ། །གཡེན་སྤྱོ་ཅོ་འདྲིའམ་སྡང་བར་བྱེད། །གཡོན་གྱི་ཕྱོགས་དང་གཡོན་མ་དང༌། ། གཡེམ་ནི་འདོད་པ་བསྟེན་པ་དང༌། །གཡེམ་པ་འདོད་པའོ་ལོག་གཡེམ་དང༌། །གཡུར་དང་ཡུར་ནི་གཉིད་ཡིན་ལ། །གཡུར་དུ་དུད་དང་གཡུར་དུ་ཟ། །གཡེར་བོ་མཁས་པའམ་གྲིམས་པའོ། །གཡེར་མ་དྲིལ་ཆུང་གཡེར་ཁ་དང༌། །གཡེར་བག་ཅན་ནི་སྣང་གཡེལ་ཅན། །གཡོར་མོ་དང་ནི་རླུང་གཡོར་ནི།། གྲུ་ཡི་ཤིང་དར་གདོས་པའང་ཟེར། །གཡུལ་སྤྲད་འབྲུ་ཡི་ལས་ཀྱི་གཡུལ། །མི་བརྩོན་གཡེལ་དང་ས་གཡོས་པ། །གཡོས་སུ་བྱས་པའི་ཟས་སོགས་ནི། །གས་འཕུལ་ཡ་ཡི་སྡེ་ཚན་ནོ། །
ར༽ དུད་འགྲོ་ར་སྐྱེས་ར་བས་བསྐོར། །ར་རི་དྲི་མའོ་མྱོས་པ་དང༌། །གཉིད་དང་བཟི་བའི་ར་རོ་བ།། ར་གན་རི་ལུ་རི་མོ་འབྲི། །ཕྱིན་ཆད་བྱེད་རི་ཞེ་མནའ་འོ། །རི་ཁྲོད་ལ་གནས་རི་ཁྲོད་པ། །རི་རབ་རི་རྒྱལ་རི་བོ་དང༌། །རི་དེ་འུ་ལ་རི་བོང་རྒྱུ། །འདི་རུ་ལྷ་རུ་མི་རུ་གྱུར། །གཡག་རུ་རུ་མཚོན་རུ་ང་བ། །ས་བོན་རུ་མ་རུ་འཛིངས་པ། །རེ་མིག་རེ་རེ་རེ་ཁས་བཅད། །རེ་ལྟར་ཐོགས་ན་ཞེས་པ་ནི། །ཇི་ལྟར་འགོར་ན་ཞེས་པ་འོ། །རེ་བ་ཆེ་དང་རེ་ལྡེ་གྱོན། །རེ་ཞིག་གོ་རིམ་སྟོན་པ་འོ། །རོ་ལངས་དང་ནི་ཤི་བའི་རོ། ། རོ་སྟོད་རོ་སྨད་ཟས་ཀྱི་རོ། །སྐ་རགས་ཕྲ་རགས་རག་ལས་པ། །རངས་པ་དགའ་བའོ་ཡི་རང་བཞིན། ། རངས་པ་རིལ་པོའི་དོན་དུའང་བཤད། །ཟླ་བ་ཉ་ཚེ་ཟླ་རེངས་བཞིན། །རང་བཞིན་རང་མཚན་རང་ངོས་ནས། །རང་དང་རང་རིག་རང་དགའ་བ། །རང་ཉམས་ཞེས་པ་ནི་རང་བཞིན། །མུ་རན་དང་ནི་རན་པར་སྨྲ། །ཆུ་ཡི་རབ་དང་མཆོག་གི་རབ། །མི་རབས་སྐྱེས་རབས་རབ་རིབ་མེད། །རབ་འབྱམས་རམ་འདེགས་ཚོན་གྱི་རམ། །རམ་ཕྱིས་ཡིག་མཁན་གྱི་ཡོ་བྱད། །རལ་གྲི་ཐོགས་པས་རལ་ཁ་སྤྲད། ། མགོ་སྐྱེས་རལ་བ་བྲག་རལ་བ། །ཞལ་རས་དང་ནི་བཞིན་རས་ནི། །ཞལ་དང་བཞིན་གྱི་དཀྱིལ་འཁོར་རོ༑ ༑སྤྱན་རས་མིག་རས་ཀྱིས་བཙའ་བ། །རས་སོགས་དྲས་པའི་དྲ་རས་ནི། །རས་མ་ཡིན་ནོ་རས་སུ་བོར། །རས་ཡུག་རིག་སྔགས་རིག་པ་འཛིན། །མིག་གིས་རིག་དང་འཐད་པའི་རིགས། །རྒྱལ་རིགས་རང་བཞིན་གནས་རིགས་དང༌། །རིག་བྱེད་པ་ཡིས་རིག་བྱེད་སློབ། །སེམས་བྱུང་རེག་པ་རེག་བྱ་དང༌།། རེགས་པ་བྲེགས་པའོ་མགོ་རེག་བཞིན། །གཡག་རོག་བྱ་རོག་རོགས་རམ་དང༌། །ཡུན་རིང་དབྱིབས་རིང་བྲེལ་བའི་རིངས། །རིང་བསྲེལ་རུང་དང་མི་རུང་དང༌། །རུང་ཁུས་ཟ་བ་གཏུམ་པའི་དོན། །མི་རེང་གྲོགས་མེད་གཅིག་པུ་བ། །རེངས་བུ་འབྲེལ་མེད་དམ་རྐྱང་པ། །རིད་པའམ་སྦེག་པ་དངོས་ངན་དང༌། ། ཤ་ཆུང་བ་དང་སྐེམ་པ་འོ། །རེད་པ་གྲུབ་པ་རོད་པ་གོས། །རིན་ཆེན་རིན་ཐང་རིན་གྱིས་བླུས། །རིན་སྟེར་བ་ཡི་རིན་པ་མེད། །ཕུག་རོན་རིབ་མ་མུན་རུབ་དུས། །བཟའ་བཏུང་ལ་རུབ་ལག་རུབ་པ། །རིམ་གྲོ་དང་ནི་རིམ་གྲོ་བ། །རིམ་པ་གོ་རིམ་ནད་རིམས་མེད། །མ་ཡི་རུམ་དང་མུན་པའི་རུམ། །སྤྲིན་རུམ་ཞེས་པ་སྤྲིན་གྱི་ཕག །རིལ་བུ་རིལ་བོ་རིལ་བ་དང༌། །རིལ་མིད་མ་བལྡད་ཟས་མིད་པ། །རིལ་ནི་ཐམས་ཅད་དམ་ཡོངས་རྫོགས། །རུལ་པ་རོལ་མོ་ཟས་ལ་རོལ། །རྣམ་རོལ་རོལ་རྨེད་རོལ་དུ་ཁྲིད། །ཕྱོགས་རིས་རུས་གོང་རུས་སྦལ་དང༌། །རེས་འཇོག་རེས་དང་ད་རེས་ནི། །ར་ཡིག་ལས་བརྩམས་སྡེ་ཚན་ནོ། །
ལ༽ ལ་གོར་མགྱོགས་པ་འམ་སྐྱེན་པ། །ལ་མོ་ཡང་བ་འམ་མྱུར་བ། །ལ་གཅན་པ་ནི་ལའི་ཚུགས་པ། ། ལ་ལ་ལ་ཡི་ཕར་རྒྱབ་སོང༌། །ལ་ཕུག་ཟ་ཞིང་ལ་འུར་འགྲོ། །ལི་ཁྲི་ལི་ཤི་སྐྲ་ལི་བ། །ལི་ལས་གྲུབ་པའི་ལི་མ་དང༌། །གློ་ལུ་ཆུ་ཡི་ལུ་མ་ནི། །གཤོངས་ཀྱི་ནང་སྐྱེའི་ཆུ་ཡིན་ཟེར། །ལུ་གུ་དང་ནི་ལུ་གུ་རྒྱུད། །བ་ལུ་དང་ནི་སུ་ལུ་ཤིང༌། །ལེ་ལོ་ལེ་ཚེ་ཚིག་ལེ་འུ། །ལེ་འུ་མངལ་གྱི་ཁྱེ་འུར་ཡང༌། །ལོ་མ་ལོ་ཏོག་དུས་ཀྱི་ལོ། །ལོ་ཐང་ཁྲལ་ཏེ་ལོ་ཇུས་ལེགས། །ལག་གི་བླ་ནི་ལས་དེ་དང༌། །དེ་ལ་བསྐོས་པ་ལ་བརྗོད་དོ། །རང་གི་ཟ་ཆེད་མ་ཡིན་པར། །ཟས་ལ་རེག་པ་ལག་ཉ་དང༌། །བྱིན་ལེན་མེད་པར་ཟ་བར་ཡང༌། །ལག་པོད་ལག་ཚབ་ཅེས་པའོ། །ལག་ནས་ལག་གཏོད་ལག་ཡིག་དང༌། །ལག་གཞུག་ལས་བྱེད་དམ་གཡོག་པོ། །རྙོབ་བྱེད་ལག་པས་ལག་ཆ་ཐོགས། །མི་རྟག་མ་ལགས་རྟག་པ་ལགས། །ལང་ཚོ་ནམ་ལངས་ཉལ་བ་ལངས། །ལང་ལོང་ལད་ཟློས་ལད་མོ་བྱེད། །ལན་ཀན་པུ་ཤུའོ་ལན་ལ་རེ། །མཁར་ལན་ལས་ལན་ལན་གྲངས་གཞན། །ལན་གཅིག་ལན་མང་ལན་ཆགས་པ། །ལས་ཀྱིས་མ་ལན་ཉོན་མོངས་ལན། །སྐྲ་ཡི་ལན་བུ་ཚིག་གི་ལན། ། བྱ་མོ་ལབ་ནི་མཆོད་རྫས་དང༌། །བྱིས་པ་གཞོན་ནུར་ལབ་རྡོལ་བ། །ལམ་དང་ལམ་གོལ་ལར་ནི་སྤྱིར།། ལས་སུ་རུང་བ་ལས་ལ་བཀོལ། །ལས་དང་ཡིན་ལུགས་དུད་འགྲོ་ལུག །ལེགས་སོ་བདེ་ལེགས་ཤིན་ཏུ་ལེགས། །སྡིག་ལས་ལོག་སྟེ་ལོགས་སུ་བསྡད། །ལོགས་ཀྱི་ནང་ན་སྟོན་ལོགས་མཆོག །ལིང་ཏོག་ལིང་ཚེ་ལིང་ལིང་གཡོ། །ལུང་ཐང་བཀའ་ལུང་རི་ལུང་དང༌། །ལུང་ཐག་རྣ་ལུང་སྣོད་ཀྱི་ལུང༌། །ལུང་དུ་བསྟན་དང་ལུང་མ་བསྟན། །ལུང་བོང་དང་ནི་བན་གླང་ནི། །བ་ལང་ངོ་རྐང་པའི་ལོང་བུ་དང༌། ། ལང་ལོང་འདུ་འཛིས་ལོང་མེད་བྱེད། །ནང་ཁྲོལ་ལོང་ག་ལོངས་སྤྱོད་དང༌། །མིག་བྲལ་ལོང་བ་ལོང་གཏམ་སྨྲ། །སྲིད་པའི་ཡན་ལག་ལེན་པ་དང༌། །ལག་ལེན་བྱིན་ལེན་བླངས་པས་ལོན། །ལན་ལོན་ལོ་ལོན་ཡུན་རིང་ལོན། །སྣོད་ནས་ཆུ་ལུད་མི་གཙང་ལུད། །ལོད་པ་ཞེས་པ་ཞན་པ་དང༌། །ལོད་པ་དམན་པའམ་རྩིས་ཆུང་བ། །གླེབས་པའི་ལེབ་མོ་ལེ་བརྒན་རྩི། །བསླབས་པས་ལོབས་དང་སྨན་གྱི་ལུམ། །ལུས་ཅན་དང་ནི་སྐྱེས་བུའི་ལུས། །རྗེས་སུ་ལུས་དང་མ་ལུས་པ། །ལ་ཡིག་རྐྱང་པའི་སྡེ་ཚན་ནོ། །
ལུས་ཀྱི་བརླ་དང་སྟོར་བརླག་དང༌། །བཅོམ་བརླག་ཡུལ་དུ་བརླག་བྱ་བརླགས། །བརླང་པོ་ཞེས་པ་རྩུབ་མོ་འོ། །ཚིག་བརླང་ཚིག་རྩུབ་བརླང་སྤྱོད་ནི། །རྩུབ་སྤྱོད་ཡིན་ནོ་ཆུའི་རླངས་པ། །རླན་གཤེར་བྱིན་རླབས་བྱིན་གྱིས་བརླབས། །རླབས་པོ་ཆེ་དང་ཆུའི་རྦ་རླབས། །གདོན་གྱིས་བརླམས་པ་བསྐྱོད་པ་འོ། །བརླམས་ཁྱེར་ཧམ་པས་ཁྱེར་བ་ཟེར། །འདོམས་ཀྱི་རླིག་པ་སྒྲོ་བའང་ཟེར། །ཟས་མ་ཞུ་བ་ཕྱིར་རླུགས་པ། །ས་རློགས་པ་དང་རྡུལ་དུ་རློགས། །བརྟན་པའི་བརླིང་དང་དུལ་བའི་བརླིང༌། །འབྱུང་བ་རླུང་དང་རླིད་བུ་ནི། །རྐྱལ་བའོ་རློན་པ་ཁུང་བུའི་རླུབས། །རླིབས་པ་ཞེས་པ་རྒྱ་ཆེ་བ། །བྱིན་གྱིས་རློབས་དང་རློམ་སེམས་དང༌། །མངོན་རློམ་ར་མགོ་ཅན་གྱི་ལའོ། །
གྱོན་པའི་ལྭ་བ་ཝ་བཏགས་ལའོ། །
ཤ༽ མི་ཡི་ཤ་ཚུགས་ཤ་དག་ནི། །ཤ་སྟག་ཤ་ཐང་ཐང་དུ་འབད། །ཤ་ཚ་ཤ་བ་ཤ་མི་ཟ། །སྤང་ལ་སྐྱེས་པའི་ཤ་མོ་དང༌། །ཤ་མ་མངལ་གྱི་ཕྲུ་གུའི་གོས། །ཤ་འོན་ཞུགས་དང་ཤར་གཉེར་བ། །སྲོག་ཆད་ཤི་བ་ཤུ་བ་ནད། །སྟོབས་ཀྱི་ཤེ་མོང་ཤེ་འུ་ནི། །ཤ་བའི་ཕྲུ་གུའོ་ཤོ་རྡེལ་དང༌། །ཤོ་མིག་གྲངས་འདམ་ཤོ་འཕངས་པ། །ཤོ་གམ་ཡུལ་གྱི་ཚུགས་པ་འོ། །ཤགས་འདེབས་ཤགས་འགྱེད་ཤགས་འབྱེད་པ། །ཤངས་དང་ཤངས་ལེན་ཤང་ཤང་ཏེའུ། །ཤང་ལང་མཚོན་ཆའོ་ཤད་སྦྱངས་བྱེད། །རྫས་ཤན་ལྟུང་ཤན་རྗེས་ཞུགས་དང༌། །རྒྱུན་འབྲེལ་བ་དང་ཤུགས་ཞེས་བྱ། །ཤན་འབྱེད་པ་ཡིས་ཤན་ཕྱེ་བ། །ཤན་སྦྱར་སྐད་སྨྲ་ཤམ་ཐབས་འཕྱང༌། །ཤར་གྱི་ཕྱོགས་ནས་གཟའ་སྐར་ཤར། །ཤལ་གྱིས་རོལ་བསུབས་ཤལ་དཀར་དམར། །ཤལ་བ་ཤས་ཆེ་ཉུང་ཤས་ཤིག །སྲིན་བུ་ཤིག་དང་ཤིང་ཤུག་པ། །ཤུགས་རིང་འབྱིན་དང་སྟོབས་ཀྱི་ཤུགས། །ཚུར་ཤོག་ཤོག་བུ་ཤིང་རྟ་དང༌། །ཤིང་དང་ཤིང་བལ་སྣོད་དུ་ཤོང༌། །ཤིད་ཟན་རོ་ཟན་ནམ་གཤིན་ཟས། །ཤིད་ནི་གཤིན་པོའི་དགེ་བསྒྲུབས་པ། །ཤེད་བུ་ཤེད་བདག་ཤེད་ལས་སྐྱེས། །ལུས་ཀྱི་ཤེད་དང་གཏམ་ཤོད་ཅིག །རི་ཡི་ཤོད་དང་ཁང་པའི་ཤོད། །ཤིན་ཏེ་མ་ནི་སྙིགས་མ་འམ། །ཆུད་ཟ་བ་དང་ཉམས་ཆུང་བའོ། །ཤིན་སྦྱངས་དང་ནི་ཤིན་ཏུ་མང༌། །ཤུན་ལྤགས་ཤིང་ཤུན་ཤུབ་བུར་སྨྲ། །རལ་གྲིའི་ཤུབས་ཐོགས་ཤོབ་དང་ནི། །ཤོབ་པེ་རྫུན་ཡིན་ཤོམ་ར་བྱེད། །ཤེར་ཤིང་ཐོགས་ཏེ་ཤེར་ཕྱིན་སྒྲོགས། །ཤུར་བུ་ཞེས་པའི་སྐ་རགས་ནི། །བཏགས་མ་སྲབ་མོ་ཞེང་ཆེ་བ། །སྐ་རགས་ཤུར་བུ་ཕྲེ་འུ་ནི། །སྐུད་པ་ཁྲ་བོས་བཏགས་པ་ལ། །མདོ་མདོར་བུ་གུ་ལྔ་འམ་དྲུག །ཤོར་བ་གཞོན་ནུ་བཟུང་བ་ཤོར། །ཤུལ་ནི་ལམ་ཡིན་རིན་ཆེན་ཤེལ། །ཞག་གི་ཤོལ་དང་ཟླའི་ཤོལ། །ཆུ་ཡིས་ཤོལ་ཅིག་དྲི་མ་རྣམས། །ཤིས་པ་བརྗོད་པས་བཀྲ་ཤིས་པ། །ཤེས་རབ་ཤེས་ལྡན་མང་ཤོས་དང༌། །གཅིག་ཤོས་ཤ་ཡིག་རྐྱང་པའི་སྡེའོ། །
གཤེ་བ་ཁ་འཐབ་ཆུ་བྱོ་བ། །ཤགས་འགྱེད་པ་དང་ཤིང་གཤགས་པ། །རོལ་མོ་གཤང་དང་བཤང་ལམ་དང༌། །འགབ་ཀྱི་གཤམ་དང་མོ་གཤམ་དང༌། །ཆོས་ལུགས་གཤའ་མ་ཡིན་དུ་གཤའ།། འདིར་གཤེགས་བདེར་གཤེགས་སོང་བའི་གཤེགས། །ཤིང་གཤོག་བྱ་ཡི་འདབ་གཤོག་དང༌། ། གཤུང་བ་དངོས་ཀྱི་སྐྱོན་བརྗོད་པའམ། །ལྐོག་ཏུ་ཤུབ་བུས་སྨད་པ་འོ། །དམའ་བའི་གཤོང་དང་སྤང་གཤོང་དང༌། །གཤེད་དང་གཤེད་མ་གཤིན་རྗེ་དང༌། །གཤིན་པོ་ཞེས་པ་ཤི་བའི་གཤིན། །མཉེས་གཤིན་གཤིབས་ཏེ་གཡུལ་གཤོམ་པ། །གཤོལ་གྱིས་ཆུ་གཤོ་ཡུར་བའི་གཤོ །རི་དྭགས་གཤོར་དང་ཉ་གཤོར་བ། །བྲེ་ཡིས་འབྲུ་གཤོར་འཕྲང་ལ་གཤོར། །ཐོང་གཤོལ་གཤོལ་མདའ་གཤིས་ལུགས་སོགས།། ཤ་ཡིག་ག་ཡིས་འཕུལ་བའི་སྡེའོ། །
ཤུན་པ་བཤུ་དང་ཡོ་ནས་བཤོ །སྡིག་པ་བཤགས་དང་བཤད་དང་འདོར། །ཆོས་བཤད་པ་ཡིས་བཤན་པ་བཏུལ། །བཀོད་པ་བཤམས་ཏེ་བགོ་བཤའ་བྱས། །བྲེ་ལ་བཤར་དང་འཕྲང་ལ་བཤར།། རི་དྭགས་བཤར་དང་བཤལ་དྲུད་བྱས། །ཆུ་ཡིས་བཤལ་དང་བསད་བྱ་བཤས། །བཤས་ར་མཁར་བཤིག་བཤག་པ་ནི། །བསླང་བ་ཞེས་པའོ་བཤུམ་དང་བཤུམས། །མར་བཤུར་བ་དང་བཤེར་མལ་བྱེད། །བཤོར་བ་རྩུབ་པའམ་གཟེངས་པ་འོ། །རྒྱབ་ཀྱི་བཤུལ་དང་བཤུལ་ནི་ལམ། །བཤོལ་འདེབས་པ་ཡིས་ཕྱི་བཤོལ་བྱེད། །ཤུན་པ་བཤུས་དང་ཀོ་ལྤགས་བཤུས། །བཤེས་གཉེན་གཉེན་བཤེས་དགེ་བའི་བཤེས། །གཡོས་པའི་བཤོས་དང་ལྷ་བཤོས་སོགས། །བས་འཕུལ་ཤ་ཡི་སྡེ་པ་འོ། །
ས༽ ས་དང་ས་གཞི་ས་འཛིན་དང༌། །ས་བདག་ས་རི་ས་ག་དང༌། །ས་སྦྲེ་བོ་ནི་ས་རྗེན་པ། །ས་བོན་སུ་ཞིག་གང་སུ་དག །སེ་བ་སེ་གོལ་སེ་མོ་དོ། །སེ་རལ་ཁ་དང་ལྡད་བྱེད་སོ། །སེ་འུ་གསར་སྐྱེས་སོ་ཆུང་ངོ༌༑ ༑འབྲུ་ཡི་སོ་བ་སོ་ནམ་བྱེད། །སོ་བས་མཐོ་ས་ནས་སོ་བྱེད། །སོ་ཕག་སོ་བཏང་སོ་ཚིས་བྱེད། །སྐྲ་བཤད་པ་ཡི་སོ་མང་དང༌། །སོ་བསོད་སོ་སོ་ངོ་སོ་མཐོ། །སོ་ན་གནས་དང་སག་ཐག་དང༌། །སག་རྩ་སྐྱེལ་ནི་སྤུངས་བསྐྱེད་པའམ། །དམ་བཅའ་བརྟན་པ་ལ་ཡང་བརྗོད། །སང་གི་དུས་དང་གཉིད་སངས་པ༑ ༑སངས་རྒྱས་དང་ནི་རང་སངས་རྒྱས། །སད་བསྲུང་ཉམས་སད་གཉིད་ལས་སད། །སུག་པ་ལག་པའོ་སོག་ལེ་དང༌། །ལུས་ཀྱི་སོག་པ་རྩའི་སོག་མ། །སྡུད་ཚིག་སོགས་དང་ཤིང་སེང་ལྡེང༌། །སེངྒེ་དེར་སོང་མ་སོད་པ། །སུན་ཅི་ཕྱིན་ཅེས་བྱ་བ་ནི། །རང་གིས་རང་ཉིད་སུན་འབྱིན་པའོ། །སུན་འབྱིན་ཞེ་སུན་སེན་མོ་འདེབས། །མཐར་སོན་དེར་སོན་ཕ་རོལ་སོན། །ཚོར་བ་སིམ་པ་སུམ་ཅུ་སོགས། །སེམས་དང་སེམས་བྱུང་སེམས་པ་དང༌། །སེམས་ཅན་སེམས་དཔའ་ཇི་སྙམ་སེམས། །སོམ་ཉི་སོམ་གཞིག་ལས་ལ་སོམས། །སེར་པོ་སེར་སྣ་སེར་བས་བཅོམ། །བྲག་གི་སེར་ག་སེར་བ་བབས། །སོར་མོ་སོར་ཆུད་སོར་བཞག་པ། །སིལ་སྙན་འཁར་གསིལ་སྒྲ་སིལ་སིལ། །མེ་ཏོག་སིལ་མ་སིལ་བུ་དང༌། །རི་ཡི་སུལ་དང་གོས་ཀྱི་སུལ། །སེལ་འཇུག་ནད་སེལ་སྐྱོན་སེལ་བ། །སེལ་བ་དགག་པའོ་འཕྲང་སོལ་ཅིག །སོལ་བ་ནད་སོས་སོས་ཀའི་དུས། །ངལ་སོས་སོས་དལ་སོས་བདེ་བ། །ས་ཡིག་རྐྱང་པའི་སྡེ་ཚན་ནོ། །
གསོ་སྦྱོང་ངལ་གསོ་གསོ་མའི་རས། །གསོ་བ་རིག་པ་གསོ་དཔྱད་མཁན། །ནད་གསོ་སེམས་གསོ་བུ་གསོ་བ། །ཁ་གསག་གསང་ཚིག་གསང་གནས་གསང༌། །གསང་བདག་གསང་བ་པ་ཡི་རྗེ། །གསང་བྱ་གསང་སྔགས་སྐད་གསང་མཐོ། །གསད་བྱ་ཆུད་གསན་སྙན་གསན་ཕབས། །སྲོག་ཆགས་གསའ་དང་གསར་བུ་པ། །གསལ་ཤིང་གསལ་བྱེད་འོད་གསལ་བ། །ལུས་གསིགས་པ་དང་རལ་བ་གསིགས། །རྡོ་ཡི་གསེག་མ་གསེག་ཁར་བཅད། །གསེག་ཤིང་ཞེས་པ་འཁར་གསིལ་ལོ། །གསོག་མི་མངའ་ཞིང་སྡིག་མི་གསོག །གསོག་འཇོག་མི་མཛད་ནེའུ་གསིང་བཞུགས། །སྙན་པའི་གསུང་གིས་གསུང་རབ་གསུངས། ། གསོང་ལྡོང་ཞེས་པ་ཁོང་སྟོང་སྟེ། །གསོང་བོར་སྨྲ་བ་སྔར་སྨྲ་བའམ། །དྲང་པོར་སྨྲ་བའོ་སྦ་བྱ་གསོང༌། ། གསུད་པ་སྒྲེགས་པའོ་སྤུ་བསེད་པ། །སྲོག་ཆགས་མི་གསོད་སོ་གསོད་པ། །གསོན་ཅིག་གསོན་པོ་ཆུད་མ་གསན། །རྟ་གསེབ་ཞིང་གི་གསེབ་ཏུ་སོང༌། །སྐུ་གསོབ་གྲངས་གསུམ་ཤིང་གསོམ་པ། །གསུར་ཆེན་དུད་པ་རིན་ཆེན་གསེར། །རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ། །གསིལ་བྱེད་འཁར་གསིལ་དུམ་བུར་གསིལ། ། ཟས་གསོལ་གོས་གསོལ་ཞུ་བ་གསོལ། །ཞལ་དུ་གསོལ་ཅེས་གསོལ་ཁ་པས། །གསོལ་བ་བཏབ་པ་སྙན་དུ་གསོལ། །ནང་གསེས་གསུས་འཕྱང་བུ་གསོས་པ། །གསོས་འདེབས་གས་འཕུལ་ས་ཡི་སྡེའོ། །
མདུན་ནས་བསུ་དང་ཀོ་བསེ་དང༌། །རི་དྭགས་བསེ་རུ་བསེ་ཁྲབ་དང༌། །བསེ་ཁ་སྒོའམ་ལྡང་སྐོ་སྐ། །སེངྒེ་རྐང་པ་བརྒྱད་པ་འམ། །རི་དྭགས་ཤ་ར་བྷ་ཡི་མིང༌། །ཚོགས་བསགས་པ་དང་བསག་བྱ་དང༌། །བསག་འགྱུར་དྲི་མས་སྤགས་པ་བསང༌། །བསང་དང་བསང་གཏོར་མདོག་སྔོ་བསངས། །ལྷ་བསངས་མེ་བསངས་སྐྱོ་བསངས་དང༌། །བསད་བྱ་བསད་དང་ཆུས་མེ་བསད། །བསབ་པར་བྱ་བའི་དྲིན་ལན་བསབས། །ལུས་ཀྱི་ནང་ཁྲོལ་བསམ་བསེའུ། །བསམ་པ་བསམ་གཏན་བསམ་བྱ་བསམས།། སྐྱོན་བསལ་དམིགས་བསལ་བཀག་པ་བསལ། །ནོར་བསོགས་བསུང་ཞིམ་དྲི་བསུང་ལྡང༌། །བལ་བསེད་པ་དང་འདྲེ་བསེན་མོ། །བསོད་ནམས་བསག་ཕྱིར་བསོད་སྙོམས་ཕུལ། །ཟས་བསོད་པ་ནི་ཟས་བཟང་པོ། །བསོད་ཉམས་ཞེས་པ་འདོད་པ་ལ། །ལྷག་པར་སྤྱོད་པའི་མིང་ཡིན་ནོ། །རྗེས་བསུབ་མཚོ་བསུབ་ཁ་བསུམ་པ། །བསེར་བུ་རྒྱུ་ཞིང་བསེར་མ་ལངས། །བསིལ་བ་ཞལ་བསིལ་དང་ཞབས་བསིལ། །བསིལ་ཟེར་བསིལ་ཁང་བསིལ་གྲིབ་དང༌། །བསེལ་བ་འཇིགས་སྐྱོབས་སྐྱེལ་མའོ། །མདུན་ནས་བསུལ་དང་ངལ་བསོས་པོ། །བ་ཡིས་འཕུལ་བའི་ས་སྡེའོ། །
སྲ་ཞིང་འཐས་པ་སྲ་རྩི་ནི། །ས་ལའི་ཤིང་གི་དྲང་ཆུའོ། །སྲ་མཁྲེགས་སྲ་བརྐྱང་སྲི་ཞུ་དང༌། །སྲི་ཅན་གྱི་ནི་སྲིའུ་གསོ། །སྦ་བསྲི་མེད་དང་ནོར་བསྲི་བ། །སྲུ་མོ་སྲེ་ལོང་སྲེ་མོ་དང༌། །སྲོ་མ་བསྲེ་དང་མེ་ལ་བསྲོ། །བསྲོ་ཁང་ཁྲུས་དང་སྐུ་མཉེ་དང༌། །དྲིལ་ཕྱིས་མེ་སྟན་རྣམས་ཀྱི་མིང༌། །སྲོ་གང་དང་ནི་སྲ་སྒོང་ཡང༌། །སྲང་བར་ལམ་སྲང་འཁྱོག་པོ་བསྲང༌། །གཞུང་བསྲངས་སྲང་དང་སྲང་མདའ་དང༌། །སྲན་མ་བཟོད་བསྲན་སྲད་བུ་དང༌། །བསྲང་པར་བྱ་ནི་བསྐམ་པར་བྱ། །བསྲབས་པའི་ས་དང་སྲབ་མོའི་གོས། །རྟ་ཡི་སྲབ་དང་དུད་འགྲོ་སྲམ། །བྱ་བའི་བསྲལ་དང་བློ་བསྲལ་ཅན། །སྲས་དང་སྲས་མོ་བྱ་སྲེག་པ། །སྲེག་བྱེད་མེ་ཡིས་བསྲེག་བྱ་བསྲེགས། །ཚེ་སྲོག་ཡུན་བསྲིང་སྲིང་མོ་དང༌། །རྒྱང་བསྲིངས་པ་དང་བསྐུར་བའི་བསྲིངས། །འོད་སྲུང་དང་ནི་བསྲུང་བྱ་བསྲུངས། །གཞུང་སྲོངས་པ་དང་ཡོ་བ་སྲོངས། །སྲོང་བཙན་དྲང་སྲོང་འཆི་སྲིད་དང༌། །བར་སྲིད་སྐྱེ་བའི་སྲིད་པ་དང༌། །སྲིད་དུ་རིང་དང་ཡོད་པའི་སྲིད། །སྲེད་སྡོང་ལ་ལར་སྲེད་མདོངས་ཟེར། །འདོད་སྲེད་སྲོད་དུས་སྲོད་འཇིང་ནག །སྲིན་པོ་སྲིན་བྱ་སྲིན་བུ་ཟ། །དུལ་བ་མ་ཡིན་མི་བསྲུན་དང༌། །བློ་བསྲུན་པ་དང་ལུང་པའི་སྲིབ། །སྲིབས་པ་ཞེས་པ་བསྒྲིབས་པ་འམ། །གྲིབ་རི་དང་ནི་མཚན་མོ་འོ། །གོས་ཀྱི་སྲུབ་དང་བྲག་གི་སྲུབ། །ཡིད་སྲུབ་སྲུབ་ཤིང་སྲུབ་ཐག་དང༌། །འོ་མ་བསྲུབས་དང་ཞོ་བསྲུབས་པ། །སྲིལ་ནི་སྲོག་ཆགས་མུག་པ་འོ། །སྲུལ་བོ་དང་ནི་ལུས་སྲུལ་བོ། །ནོར་བསྲེལ་བ་ནི་འཆང་བའི་བསྲེལ། །རིང་བསྲེལ་ལམ་སྲོལ་ཟས་ནོར་བསྲིས། །གང་སྲུས་མང་པོ་གཅིག་ཏུ་བསྲེས། །ས་སྲོས་མུན་སྲོས་ཆུ་བསྲོས་པ། །ས་ཡིག་ར་བཏགས་པ་ཡི་སྡེའོ། །
དཀའ་སླ་བྱེད་སླ་ཤེས་པ་སླ། །གར་སླ་ཆུ་ལྟར་གཤེར་བའི་སླ། །སླ་ང་དཀའ་སླ་ཤེས་སླ་བ། །སླུ་གུ་མི་སླུ་སླེ་འུ་དང༌། །སླེ་བ་ཡན་ལག་སྐྱོན་ཅན་ནོ། །སླེ་འདམས་མཚན་མ་ཆད་པ་འོ། །སླེ་ཡོན་གྱ་གྱུའི་སེམས་ལྡན་པ། །དུད་འགྲོ་ཡི་ནི་ཁོག་པའི་སློ། །སླག་པ་ཞེས་པ་པགས་པའི་གོས། །འགྱེལ་བ་བསླང་དང་གྱེན་དུ་བསླང༌། །ཟས་བསླངས་སྐྱོན་གྱིས་མ་བསླད་པ། །ཅི་ཡི་སླད་དང་དེ་ཡི་སླད། །སླད་མ་ཕྱི་མའོ་སླད་ནས་ནི། །ཕྱི་ནས་ཞེས་པའོ་སླད་རོལ་ནི། །ཕྱི་རོལ་སླད་བཞིན་ཕྱི་བཞིན་ནོ། །བསླུགས་པ་ཞེས་པ་སྦྱིན་པ་འོ། །ཅི་སླད་ཕྱོགས་བསླད་འགྲོན་པོ་དང༌། །སླན་པ་བསྡུས་པའམ་ཕྱོགས་སུ་གཏོགས། །སླན་ཆད་བསླབ་པར་བྱ་ལ་བསླབ། །སླར་ཞིང་སླར་ཡང་སླར་སྐྱེས་པ། །སླས་ནི་བཙུན་མོའི་འཁོར་ཡིན་ནོ། ། གྱོན་པའི་སློག་པ་ཕྱི་ནང་སློག །སྟོང་པར་མ་སློགས་ས་སློག་པ། །སློང་མོ་སློང་པ་ཡི་ཀུན་སློང༌། །གཉིད་སློང་བ་དང་དུག་རོ་སློང༌། །མི་སློན་པ་ནི་མི་ཟློག་པའོ། །སློབ་དཔོན་སློབ་མ་ཡོན་ཏན་སློབ། །ལམ་ལ་སློབ་དང་སློབ་མི་སློབ། །རྫུན་པས་བསླུས་ཤིང་བདེན་པ་ཡིས། །མ་བསླུས་ལ་ཐོག་འདུག་པའི་སའོ། །
ཧ༽ ཧ་ཤང་ཧ་བཏབ་ཧ་ཅང་ཐལ། །ཧ་ཧ་ཧི་ཧི་སོགས་གད་མོ། །ཧྭགས་ནི་བུ་རམ་གྱི་དྭངས་མའི། །ཤ་ཁ་ར་སྟེ་གལ་གའང་ཟེར། །གོས་ཀྱི་ཧྭ་དང་དམར་ཧང་ཧང༌། །ཧབ་ཤང་མཚེའུ་དབང་ལག་གོ །ཧད་ནས་ཧམ་པས་ཧུབ་ཀྱིས་འདྲེན། །ཧོམ་ཁུང་དང་ནི་མིག་ཧུར་རེ། །ཧོར་ཁོངས་བསབ་དང་ཧོར་བ་ནི། །ཧ་ཡིག་རྐྱང་པའི་སྡེ་ཚན་ནོ། །
ལྷ་དང་ལྷ་དབང་ལྷ་མ་ཡིན། །ལྷ་བཙུན་པུས་མོའི་ལྷ་ང་དང༌། །ལྷ་འབངས་རབ་ཏུ་བྱུང་བའི་གཡོག །མི་སྐྱའོ་དེང་དུས་ལྷ་སྡེར་གྲགས། །རུས་པའི་ལྷ་བ་ལྐོག་མ་ཡི། །ལྷ་གོར་ཤ་ཡི་ལྷུ་དུམ་དང༌། །ལྷོ་ཕྱོགས་ལྷགས་པའི་ལྷག་མ་ཡིས། །གྲང་བའི་ལྷགས་པ་འདིར་ལྷགས་པ། །ལྷང་ཚེར་ལྷང་ངེ་སྐད་ལྷང་ལྷང༌། །ལྷད་མེད་ལྷན་ནེ་ལྷན་ཅིག་དང༌། །ལྷན་པ་ལྷབ་ལྷབ་མཆིལ་ལྷམ་དང༌། །ལྷམ་མེ་པ་དང་སྐྲ་ལྷས་མ༑ ༑ཕྱུགས་ལྷས་ལྷུག་པ་ལྷུག་ལྷུག་སྩོལ། །ལྷུག་པའི་སྡེ་ཚན་འདི་ལྷོགས་ཤིག །ལྷོག་པ་ནད་ཡིན་རྟ་ལས་ལྷུང༌། །འབབ་ཆུ་འགའ་ཡི་སྒྲ་ལྷུང་ལྷུང༌། །ཕྱོགས་ལྷུང་མེད་ཅིང་ལྷུང་བཟེད་ཐོགས། །ལྷོད་ལྷོད་སྨྲ་ཞིང་ལྷོད་ཀྱིས་གློད། །ལྷུན་པོ་ལྷུན་ཆགས་ལྷུན་སྟུག་པ། །ལྷུན་གྲུབ་ལྷེན་སྣ་བད་ཀན་ལྷེན། །ལྷབ་ལྷུབ་གོས་གྱོན་ལྷུམས་སུ་ཞུགས། །ལྷུར་ལེན་ལྷུར་བླངས་ལ་སོགས་པ། །ལ་ཡི་ཞྭ་གྱོན་ཧ་ཡིག་གོ །
ཧྲལ་པོ་དག་གིས་རྩབ་ཧྲལ་བྱེད། །ཧྲལ་ཧྲུལ་དང་ནི་མིག་ཧྲིག་ཧྲིག ཧྲིལ་པོ་ཧྲིལ་གྱིས་དྲིལ་བ་སོགས། །ར་ཡིག་གདན་ལ་འདུག་པའི་ཧའོ། །
ཨ༽ ངོ་མཚར་ཨ་ལ་ལ་མེད་ཅིང༌། །ཨ་ཕའི་ཁ་ཕོར་གཙང་ཞེན་དང༌། །ཨ་མའི་གཅོད་པ་ངོ་ཤེས་འདིར། །ཉེས་ཚོགས་ཅི་མཆིས་ཨ་འུ་ཙི། །མི་སྙམ་འཆགས་སོ་ཨ་ཙ་མ། །ཨ་ཅང་ཆེ་བ་བཤད་མེད་ཀྱང༌། །འཆི་བདག་ཞགས་པའི་ཨ་ལོང་དང༌། །མ་ཕྲད་གོང་བགྱིས་ཨ་རེ་དགའ། །སྐྱོང་མཁན་ཨ་ཁུ་ཨ་ནེ་དང༌། །ཨ་ཆེ་ཨ་ཇོ་མ་མཆིས་ལ། །བླུན་པོའི་ཨུ་ཚུགས་མཐར་སྐྱེལ་དང༌། །སྟེས་དབང་གིས་གྲུབ་ཨེ་མ་ཧོ། །བདག་བསྟོད་གྲགས་སྟོང་ཨེ་ཚོར་དང༌། །རྙེད་བཀུར་ཨེ་ཡོང་རེ་བ་ཡིས། །མགོ་བསྐོར་ཨེ་ཤེས་མ་བལྟས་པར། །ཚུལ་འདིར་ཨེ་གོ་བསམས་ནས་འབད། །ཨག་ཚོམ་བྲེགས་པའི་བཙུན་གཟུགས་ཤིག།། མཁས་པའི་ཨང་ལ་འཚངས་མིན་ཡང༌། །ཨན་སྟོང་ན་བར་གྱུར་གྱི་བར། །ཨར་པའི་མཆོད་གནས་མ་བྱས་པར། །རང་སེམས་ཨར་ལ་གཏད་གཏད་ནས། །ཨིག་བུ་འབྱིན་པ་ཇི་བཞིན་དུ། །མེ་ཏོག་ཨུག་ཆོས་འཆར་པའི་དུས། །སྡུག་སྒུར་ཨོག་མ་བྲང་སྤྲད་ནས། །བསེར་མས་ཨིད་སྒྲ་ཐོན་གྱི་བར། །ཚུལ་འདིར་ཨེན་ཙམ་བྲིས་པ་འདི། །རང་སེམས་ཨུར་ཆག་མ་བྱས་ཤིང༌། །ཨོལ་མདུད་མེད་པས་གང་དྲན་སྨྲས། ། ཨ་ཡིག་ལས་བརྩམས་གང་མཁོ་རྣམས། །རང་བཞིན་དྲང་པོར་བརྗོད་དེ་བྲིས། །
བཤེས་གཉེན་རིན་ཆེན་དོན་གྲུབ་ཀྱིས། །གསུངས་པའི་གཅེས་བསྡུས་འདི་ལྟ་སྟེ། །གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་རྫོགས་ཚིག་སྟེ། །སླར་བསྡུ་ཟླ་སྡུད་ཅེས་ཀྱང་བྱ། །རྗེས་འཇུག་རང་འདྲའི་རྗེས་སུ་སྦྱོར། །སུ་རུ་ཏུ་དུ་ན་ལ་ར། །ལ་དོན་རྣམ་པ་བདུན་ཡིན་ཏེ། །གཉིས་པ་བཞི་པ་བདུན་པ་དང༌། །བདེན་པ་དུས་དང་ལྔ་ལ་འཇུག །ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལ་དུ། །རྗེས་འཇུག་མེད་དང་འ་ཡི་མཐར། །ར་དང་རུ་གཉིས་ཅི་རིགས་སྦྱོར། །ཀྱི་གྱི་གི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ། ། ད་བ་ས་ཀྱི་ག་ང་གི །ན་མ་ར་ལའི་རྗེས་སུ་གྱི། །རྗེས་འཇུག་མེད་དང་འ་ཡི་མཐར། །འི་དང་ཡི་གཉིས་ཅི་རིགས་སྦྱོར། །ཀྱི་སོགས་ས་སྦྱར་བྱེད་པའི་སྒྲ། །ཐོབ་ཐང་གོང་བཞིན་ཤེས་པར་བྱ། །ཀྱང་འང་ཡང་གསུམ་སྡུད་པ་སྟེ། །མཐུན་དང་མི་མཐུན་རྒྱན་གཉིས་སྟོན། །ག་ད་བ་ས་ད་དྲག་མཐར། །ཀྱང་ཐོབ་ང་ན་མ་ར་ལའི། །མཐའ་རུ་ཡང་ནི་སྦྱོར་བ་སྟེ། །རྗེས་འཇུག་མེད་དང་འ་ཡི་མཐར། །འང་དང་ཡང་གཉིས་ཅི་རིགས་སྦྱོར། །སྟེ་ཏེ་དེ་གསུམ་ལྷག་བཅས་སྒྲ། །ག་ད་བ་མ་འ་རྣམས་དང༌། །རྗེས་འཇུག་མེད་མཐར་ས་སྟེ་འཐོབ། །ད་མཐར་དེ་དང་ད་དྲག་དང༌། །ས་ན་ར་ལ་ཏེ་རྐྱང་སྦྱོར། །གམ་ངམ་དམ་ནམ་བམ་མམ་འམ། ། རམ་ལམ་སམ་ཏམ་འབྱེད་སྡུད་སྒྲ། །རང་སྒྲ་ད་དྲག་དབང་དུ་སྦྱོར། །ནས་ལས་གཉིས་ནི་འབྱུང་ཁུངས་དང༌། །དགར་དང་སྡུད་པའི་སྒྲ་ཡིན་ནོ། །ཀྱེ་ཀྭ་གཉིས་ནི་འབོད་པའི་སྒྲ། །ཕལ་ཆེར་མིང་གི་ཐོག་མར་སྦྱོར། །ནི་སྒྲ་དགར་དང་བརྣན་པ་འོ། །གང་སུ་ཅི་ཇི་སྤྱི་ཁྱབ་སྒྲ། །དཔེ་དང་གཞན་ལ་ཇི་སྦྱོར་ཞིང༌། །དོན་ལ་ཅི་དང་གང་ཟག་ལ། །སུ་ཐོབ་གང་ནི་ཀུན་ལ་སྦྱོར། །པ་བ་ཅན་ནི་བདག་པོའི་སྒྲ། །ག་ད་ན་བ་མ་ས་དང༌། །ད་དྲག་ཅན་མཐར་པ་འཐོབ་ཅིང༌། །ང་འ་ར་ལ་བཞི་པོ་དང༌། །རྗེས་འཇུག་མེད་མཐར་བ་སྦྱོར་རོ༑ ༑མ་མི་མིན་མེད་དགག་པའི་སྒྲ། །མ་མི་གཉིས་ནི་སྔོན་ལ་སྦྱོར། །མིན་མེད་གཉིས་ནི་རྗེས་སུ་སྦྱོར།། ཅིང་སོགས་ཚིག་ཕྲད་ཐོབ་ཚུལ་ནི། །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་ན་ཅེ་འོ་ཅིག །ང་འ་ན་མ་ར་ལ་དང༌། །མཐའ་རྟེན་མེད་པའི་མཐའ་རུ་ནི། །ཞིང་ཞེས་ཞེ་ན་ཞེའོ་ཞིག །ས་མཐར་ཤིང་ཤེས་ཤེ་ན་དང༌། །ཤེའོ་ཤིག་ཅེས་སྦྱར་བར་བྱ་འོ། །འོ་འུ་འམ་གསུམ་སྦྱོར་བའི་ཚེ། །རྐང་པ་མ་ཚང་ཚེག་དབར་བྱ༑ ༑ཚང་ན་ཚེག་དབར་ཐོབ་པ་མིན། །ཕལ་ཆེར་ལྷུག་མཐར་བར་ཚེག་སྦྱོར། །ཚིགས་བཅད་རྐང་པའི་ཐོག་མཐའ་རུ། །ཤད་རེ་ཀུན་ལ་ཐོབ་པ་ཡིན། །ལྷུག་པའི་རྫོགས་མཚམས་རྫོགས་ཚིག་མཐར། །གཤིབས་པའི་ཉིས་ཤད་ངེས་པར་འཐོབ། །ལྷུག་པའི་རྣམ་གྲངས་སོ་སོ་དང༌། །དོན་ཚན་ཕལ་མཐར་ཆིག་ཤད་རེ།། འབོད་པའི་སྐབས་སུ་ཚེག་ཤད་རེ། །ལེ་མཚམས་ཆེན་མོ་རྫོགས་པའི་མཐར། །ཉིས་ཤད་བལྡབས་པའི་བཞི་ཤད་བྱ། །ཕྱི་རྐང་ཅན་གྱི་ཡི་གེ་རྣམས། །མཐར་བྱུང་རྐང་པར་ཤད་རེ་བརྩི། །ང་མཐར་ཤད་གོང་ཚེག་ཐོབ་བོ།། །།ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དཀོན་མཆོག་འཇིགས་མེད་དབང་པོའི་ཞབས་རྡུལ་སྤྱི་བོར་བསྟེན་པ་དྷརྨའི་མིང་ཅན་གྱིས་བྲིས། །དགེ་ལེགས་འཕེལ།།
མཆན། དག་ཡིག་འདི་བོད་གཞུང་ཤེས་རིག་དཔར་ཁང་གིས་ཕྱི་ལོ་༡༩༨༧ ལོར་དཔར་སྐྲུན་ཞུས་པའི་དཔེ་དེབ་ལ་གཞིར་བཟུང་སྟེ་བསྒྲིགས་པ་ཡིན།

རྩོམ་པ་པོའི་རྣམ་ཐར།

དཔའ་རིས་འཇིགས་མེད་དམ་ཆོས་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཙམ་ལ་མདོ་སྨད་དཔའ་རིས་ཡུལ་དུ་སྐུ་འཁྲུངས་ཤིང། སྐུ་ན་ཕྲ་དུས་དཔའ་རིས་ཇག་རུང་ཡར་ལུང་ཐུར་ཆེན་དགའ་ལྡན་བྱམས་པ་གླིང་དུ་ཆོས་ཞུགས་མཛད། དེའི་རྗེས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་སློབ་དཔོན་ཆོས་འཛིན་དར་རྒྱས་སོགས་བསྟེན་པ་དང། ལྷག་པར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་རྗེ་དཀོན་མཆོག་འཇིགས་མེད་དབང་པོའི་(༡༧༢༨-༡༧༩༡)ཞབས་རྡུལ་སྤྱི་བོར་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པ་གསན་བསམ་རྒྱ་ཆེར་གནང་བས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་པའི་ཚད་དུ་བྱེད་པའི་གྲགས་པ་རྒྱས། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ་(༡༧༧༩-༡༨༦༢)གདན་སར་བཀོད་རྗེས་ཀློག་གི་སློབ་དཔོན་དུ་བསྟེན་ཞིང། སྐབས་དེར་ཀ་ཁ་རྒྱས་པ་གསར་རྩོམ་མཛད་པ་དང། སློབ་བུའི་གཙོ་བོ་དཀོན་མཆོག་དཔལ་འཛིན་ཡིན་པར་གྲགས།
དག་ཡིག་འདི་པར་དུ་སྒྲུབ་སྐབས་དཔར་རྩ་ཞུ་དག་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་(༡༨༨༤-༡༩༦༨)གནང་འདུག་ལ། དེབ་དེའི་མཇུག་རྩོམ་དུ། ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་མདོ་སྔགས་རིག་གནས་རབ་འབྱམས་ལ་མིང་དོན་ངེས་ཚིག་སྤོབས་པ་གཟེངས་སུ་མཐོ་བ་དཔའ་རིས་འཇིགས་མེད་དམ་ཆོས་ཀྱིས་མཛད་པའི་དག་ཡིག་ཤེས་བྱ་རབ་གསལ་འདི་ཉིད། བོད་ཀྱི་ཆོས་དང་རིག་གཞུང་གི་གསུང་རབ་སློབ་གཉེར་བ་རྣམས་ལ་མཁོ་གལ་ཤིན་ཏུ་ཆེ། ཞེས་དང། ཨ་ཁུ་དམ་ཆོས་འདི་བ་ངག་གི་རྩལ་ཆེ་ཞིང་བརྟག་བཟོད་ཀྱི་ཡོན་ཏན་ཅན་ཞིག་རེད་པས་གོང་འོག་ན་གཞན་ལས་འཕགས་པའི་ཁྱད་པར་མང་ངོ་། །དེ་ལྟ་ན་ཡང་ཁོང་གི་གདམ་ང་དང་ཞེ་འདོད་འགའ་ཞིག་བདག་གི་བློ་ངོར་མི་འཐད་པའང་འདུག་སྟེ། ཁོ་རང་གི་བསམ་ཚོད་དབང་བཙན་པར་བྱས་ཏེ་མ་བཅོས། བཞག་ན་གཏན་ནས་མི་རུང་བའི་སྐྱོན་གྱི་ཆར་གྱུར་པ་རྣམས་ལས་ཁུངས་ནས་བསྐུལ་བའི་འདུན་ཆོས་ལྟར་གང་མཐོང་མཐོང་དུ་དོར་ཞིང་བསལ་བ་ཡིན་ནོ། །ཞེས་གསུངས་འདུག་གོ །
དམ་པ་ཁོང་གི་འཁྲུངས་འདས་དང། དག་ཡིག་འདི་བརྩམས་དུས་ཀྱི་ལོ་ཚིགས་སོགས་མ་རྙེད་སྟབས་འགོད་ཐབས་མ་བྱུང་བས་འབྲེལ་ཡོད་ཐུགས་སྣང་ཅན་ཚོས་ཁ་སྐོང་ཡོང་བར་ཞུ་རྒྱུ། འདིར་མདོ་སྨད་ཆོས་འབྱུང་དང་དྲ་ཚིགས་ལས་རྙེད་པའི་ཡིག་དུམ་མཁོ་སྡུད་ཀྱིས་གནད་བསྡུས་སུ་བཀོད་པའོ། །