རྒྱུན་མཐོང་གསལ་བཤད་རྩོམ་ཡིག་གི་འབྲི་དཔེ།

༡ རང་བྱུང་ཤེས་བྱའི་སྐོར།

ཚན་རིག་དང་མཐུན་པའི་སྒོ་ནས་རང་བྱུང་ཤེས་བྱ་ངོ་སྤྲོད་བྱས་ན། མི་རྣམས་ཀྱི་ཤེས་བྱའི་ཆུ་ཚད་གོང་དུ་འཕེལ་ཞིང་མིག་རྒྱ་ཇེ་ཆེར་སོང་སྟེ་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ལ་རྒྱུས་ལོན་ཡག་པོ་བྱེད་ཐུབ། རང་བྱུང་ཤེས་བྱ་ནི་རྒྱ་ཆེ་ཞིང་རྣམ་པ་ཤིན་ཏུ་མང་བས་མི་རྣམས་ཀྱིས་ངོས་འཛིན་བྱས་ཚད་ཀྱང་མི་འདྲ། དེར་བརྟེན། རང་བྱུང་ཤེས་བྱ་ངོ་སྤྲོད་བྱེད་ན། རང་བྱུང་སྣང་ཚུལ་གྱི་ཁྱད་ཆོས་ངེས་ཅན་ཞིག་དང་མི་རྣམས་ཀྱིས་དེར་ངོས་འཛིན་བྱས་པའི་གནས་ཚུལ་གཞིར་བཟུང་སྟེ་འབྲི་དགོས། འདི་ལྟར་བྲིས་པའི་གསལ་བཤད་རྩོམ་ཡིག་གི་རྗོད་བྱེད་ཀྱི་ཚིག་ལ་སུས་ཀློག་ཀྱང་རྟོགས་སླ་ཞིང་གོ་བདེ་བའི་ཁྱད་ཆོས་ཡོད་དགོས། དཔེར་ན།

ཨིན་ཇིའི་སྨུག་པ་དང་ཆར་པ།

ཨིན་ཇིའི་རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་མ་ཧཱ་བྲི་ཊེན (great britain) དང་ཨཻར་ལེནྜ (Ireland) བྱང་མའི་མཉམ་འབྲེལ་རྒྱལ་ཁབ་ཟེར། རྒྱལ་ཁམས་ཀྱི་ས་རྒྱ་ནི་བྲི་ཊེན(britain)གླིང་ཚོམ་དང་བྱང་ཨཻར་ལེནྜ་(Ireland) གླིང་ལ་སོགས་པའི་གླིང་ཕྲན་མང་པོས་གྲུབ་ཡོད།
རྒྱ་མཚོའི་རླབས་ཀྱིས་དེད་ཡོང་བའི་མཁའ་རླུང་དྲོན་མོ་དང་གླིང་ཕྲན་སྟེང་གི་ཅུང་བསིལ་བའི་རླུང་ཚོམ་འཕྲད་པ་དང། དེ་བཞིན་བྱང་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ཅུང་དྲོ་བའི་ཆུ་དང་བྲི་ཊེན་(britain)གླིང་ཚོམ་གྱི་ཅུང་འཁྱག་པའི་ཆུ་ཕན་ཚུན་འཕྲད་པ་ལ་བརྟེན་ནས་སྨུག་པ་མང་པོ་འཐིབས་པ་རེད། འདི་ནི་ཨིན་ཇིའི་གནམ་གཤིས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན། ནམ་རྒྱུན་ཟླ་བཅུ་པ་ནས་ལོ་རྗེས་མའི་ཟླ་བ་དང་པོའི་མཇུག་བར་དུ་ལོན་ཌོན་(london)ནས་མེན་ཆེས་སི་ཊར་(manchester)དང་། ལིཌ་སི(leeds)བཅས་སུ། འཆར་ཅན་གྱི་ལོ་རེའི་ནང་ཉིན་ལྔ་བཅུའི་རིང་སྨུག་པ་འཐིབས་པ་རེད།
མ་ཧཱ་བྲི་ཊེན་(great britain)གླིང་ཚོམ་དུ་ཉི་འོད་ཕོག་ཡུན་ཉུང་བར་བརྟེན། ཆར་པ་མང་པོ་འབབ་པ་ནི་ཡུལ་དེའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན། སི་ཀོཊ་ལེནྜ་ནུབ་མའི་(scotland)བྱང་ཕྱོགས་སུ་ཕལ་ཆེར་ཆ་སྙོམས་ཀྱིས་གཟའ་འཁོར་རེའི་ནང་ཉིན་ལྔ་ལ་ཆར་འབབ་པ་རེད།

དཔྱད་མཆན།

གོང་གི་རྩོམ་ཐུང་དེ་ནི་ཨིན་ཇིའི་སྨུག་པ་དང་ཆར་པ་བརྗོད་གཞིར་བཟུང་སྟེ་བྲིས་པའི་གནས་ལུགས་གསལ་བཤད་བྱེད་པའི་གསལ་བཤད་རྩོམ་ཡིག་ཅིག་ཡིན། རྩོམ་གྱི་འགོར་ཨིན་ཡུལ་ངོ་སྤྲོད་མདོར་བསྡུས་བྱས་རྗེས། དེའི་སྨུག་པ་ཡི་འབྱུང་རྐྱེན་དང་སྨུག་པ་འཐིབས་ཡུན། ཆར་པ་མང་པོ་འབབ་པའི་རྒྱུ་རྐྱེན་དང་འབབ་ཡུན་བཅས་རང་བྱུང་གི་སྣང་ཚུལ་ངོ་མ་དང་དེ་ལ་མིས་ངོས་འཛིན་བྱས་པའི་དངོས་ཡོད་ཀྱི་གནས་ཚུལ་རགས་བསྡུས་ཀྱིས་ངོ་སྤྲོད་བྱས་ཡོད། ངོ་སྤྲོད་བྱེད་པར་བེད་སྤྱད་པའི་སྐད་བརྡ་ནི་གོ་བདེ་ཞིང་རྟོགས་སླ་བས། ཀློག་པ་པོ་རང་ཉིད་དངོས་སུ་ཡུལ་དངོས་སུ་མ་སླེབས་ཀྱང། རྩོམ་ཡིག་འདི་ཀློག་ཐེངས་གཅིག་གིས་ས་དེའི་ཆར་པ་དང་སྨུག་པའི་འབྱུང་རྐྱེན་སོགས་གསལ་པོར་རྟོགས་ཐུབ།
སྤྱིར་ན་ཚིག་འབྲུ་ཉུང་ཉུང་ཞིག་ལས་མེད་མོད། རྩོམ་གྱི་ཁ་བྱང་གི་བླང་བྱ་དང། བརྗོད་བྱའི་སྙིང་པོ་ནི་ཆད་ལྷག་མེད་པར་མཚོན་ཡོད་པས། རྩོམ་གྱི་དམིགས་ཡུལ་འགྲུབ་ཡོད་པ་རེད། དམིགས་ཡུལ་འགྲུབ་པའི་རྒྱུ་རྐྱེན་ནི་བྱ་དངོས་ལ་དབྱེ་ཞིབ་བྱས་པ་བཟང་བ་ཙམ་མ་ཡིན་པར་དེ་ཉིད་ངོ་སྤྲོད་ཀྱི་བརྒྱུད་རིམ་ཆ་ཚང་ལ། བརྒྱུད་རིམ་དེ་ཉིད་མཚོན་པར་བྱེད་པའི་མཚོན་ཐབས་ཀྱང་མ་ནོར་བས་རྩོམ་ཡིག་འདི་ལེགས་འགྲུབ་བྱུང་བ་རེད།

༢ ས་རྒྱུས་ཤེས་བྱའི་སྐོར།

ཡང་དག་པའི་སྒོ་ནས་འབྲེལ་ཡོད་ས་རྒྱུས་ཤེས་བྱ་ངོ་སྤྲོད་བྱས་ན། མི་རྣམས་ཀྱིས་ཕྱི་རོལ་ཡུལ་ལ་རྒྱུས་ལོན་བྱས་ཚད་གཏིང་ཟབ་ཏུ་གཏོང་ཐུབ། ས་རྒྱུས་ཐད་ཀྱི་ཤེས་བྱ་ནི་ཆེས་ཕུན་སུམ་ཚོགས་པོ་ཞིག་ཡིན་པས། དེ་ཉིད་ངོ་སྤྲོད་བྱེད་པའི་རྩོམ་ཡིག་ཀྱང་རྣམ་པ་སྣ་ཚོགས་ཡིན། ཆེ་ས་ནས་གོ་ལ་ཧྲིལ་པོ་དང་གླིང་ཆེན་བདུན། མཚོ་ཆེན་བཞི། ཆུང་ས་ནས་རྒྱལ་ཁབ་གཅིག་གམ་གཙང་པོ་ཞིག གླིང་ཕྲན་གཅིག ཡང་ན། གྲོང་ཁྱེར་གཅིག་ལ་སོགས་པ་ལྟ་བུ། འདིའི་རིགས་གསལ་བཤད་བྱེད་ན། མཉམ་འཇོག་དགོས་ས་ནི་དེའི་གནས་ཡུལ་དང་རྒྱ་ཁྱོན། གནམ་གཤིས། ཐོན་ཁུངས་ལ་སོགས་པའི་ཁྱད་ཆོས་གསལ་པོར་བཤད་དགོས་པ་དེ་ཡིན། སྐབས་འགར་ད་དུང་ཆབ་སྲིད་དང་དཔལ་འབྱོར། དམག་དོན། རིག་གནས་སོགས་ཀྱི་ཐད་ལ་ཕན་ཐོགས་བྱུང་བའི་འབྲེལ་ཡོད་ཀྱི་མི་སྣ་དང་ལོ་རྒྱུས་ཀྱི་དོན་དག་ངོ་སྤྲོད་བྱས་ཏེ། མི་རྣམས་ཀྱིས་བྱ་དངོས་ལ་རྒྱུས་ལོན་བྱས་པའི་གཏིང་ཇེ་ཟབ་ཏུ་གཏོང་དགོས། དཔེར་ན།

རྒྱ་གར།

སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ཡས་མས་སུ་འོད་སྟོང་འབར་བའི་སིནྔྷི་ཆུ་བོའི་ཤེས་རིག་གསར་བཏོད་བྱས་ཤིང། འཛམ་གླིང་ཤེས་རིག་གི་འབྱུང་ཁུངས་བཞིའི་ནང་གི་གཅིག་སྟེ། རྒྱ་གར་ལ་ཉིས་སྟོང་བཅུ་གཅིག་ལོའི་མི་འབོར་ཞིབ་བཤེར་གཞིར་བཟུང་ན་མི་གྲངས་དུང་ཕྱུར་བཅུ་གཉིས་དང་བྱེ་བ་གཅིག་ལས་བརྒལ་ཡོད།
སའི་གོ་ལའི་དཔེ་རིལ་མའི་སྟེང་ན་རྒྱ་གར་གྱི་སྐམ་ས་ཆེན་མོ་ནི་གོ་ལ་ཕྱེད་བྱང་མའི་ཕྱོགས་སུ་འཕྲེད་ཐིག་8o4’Nནས་3706’Nཡི་བར་དང། གཞུང་ཐིག་6807’E ནས་97025’E བར་དུ་ཆགས་ཡོད། རྒྱ་གར་གྱི་བྱང་ཕྱོགས་སུ་ཧི་མ་ལ་ཡའི་རི་རྒྱུད་དང། ནུབ་ཕྱོགས་སུ་ཨ་རབ་རྒྱ་མཚོ། ཤར་ཕྱོགས་སུ་བྷེང་གྷལ་གྱི་མཚོ་ཁུག ལྷོ་ཕྱོགས་སུ་རྒྱ་གར་རྒྱ་མཚོ་བཅས་ཀྱིས་བསྐོར་ཡོད།
རྒྱ་གར་གྱི་ཤར་ཕྱོགས་སུ་རྒྱ་ནག་དང་བོད། བལ་ཡུལ། འབྲུག་ཡུལ། འབྲས་ལྗོངས་བཅས་ཀྱིས་བསྐོར་ཡོད་ལ། ནུབ་བྱང་དུ་པ་ཀི་སི་ཐན་དང་འབྲེལ་ཡོད། བྱང་ཤར་ཕྱོགས་སུ་བངྒ་ལ་ཌེཤ་ (Bangladesh) དང་འབར་མ་རྒྱལ་ཁབ་ (Myanmar) གཉིས་ཁྱིམ་མཚེས་སུ་ཆགས་ཡོད་པར་མ་ཟད། ལྷོ་ཕྱོགས་སུ་སིངྒ་ལ་ (Sri Lanka)དང་ མེལ་ཌི་ཧྥུ་སི་(Maldives) ཡོད་པ་རེད། ས་ཆའི་ཆགས་སྟངས་ནི་དཔངས་མཐོ་བའི་རི་བོ་དང་རྒྱ་ཆེ་བའི་བྱེ་ཐང་། བྱང་ཕྱོགས་ཀྱི་བདེ་ཐང། ངོ་མཚར་ཆེ་བའི་མཐོ་སྒང། མཚོ་ཁ་དང་གླིང་ཕྲན་སོགས་སྣ་མང་རང་བཞིན་གྱིས་གྲུབ་ཡོད། ཡུལ་འདིའི་ས་ཆའི་རྒྱ་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་ཁ་གང་མ་ས་ཡ་༣.༢༨ ཡོད།
གནའ་བོའི་དུས་སུ་རྒྱ་གར་དུ་མི་ལ་རིགས་བཞིར་དབྱེ་སྟེ། རྒྱལ་རིགས་དང་བྲམ་ཟེ་རིགས། རྗེའུ་རིགས་དང་གདོལ་བའི་རིགས་བཅས་ཡིན་ལ། མི་རྣམས་ཀྱིས་བ་ལང་ལྷ་རུ་བཀུར་བ་དང་གངྒཱའི་ཆུས་སྡིག་སྒྲིབ་འདག་པར་ཡིད་ཆེས་པ་རེད། དེང་གི་དུས་སུ་ཡང་བུ་སྐྱེས་ན་དགའ་བ་དང་བུ་མོ་སྐྱེས་ན་དེ་ཙམ་གྱིས་དགའ་བོ་མི་བྱེད་པར་མ་ཟད། ཁྱོ་ག་ཤི་ན་ཆུང་མ་རོ་དང་མཉམ་དུ་བསྲེགས་པའི་གནས་ཚུལ་ཉེ་བའི་ལོ་འགའི་ནང་ཡང་བྱུང་མྱོང་ཡོད། ཡིན་ནའང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཆོས་ལུགས་ཀྱི་ཆོ་ག་དང་ཡུལ་སྲོལ་གོོམས་གཤིས་ལའང་འགྱུར་བ་འགྲོ་དང་འགྲོ་མུས་སུ་མཆིས།

དཔྱད་མཆན།

གོང་གི་རྩོམ་ཐུང་འདིའི་རང་བྱུང་ཚན་པ་དང་པོ་ནི་རྩོམ་པ་པོས་ཕྱི་རོལ་ཡུལ་གཙོ་བོར་བཟུང་ནས་རང་ཉིད་ཀྱིས་ཡང་དག་པའི་ངོས་འཛིན་གྱིས་རྒྱ་གར་ལ་གདེང་འཇོག་བྱས་ཡོད། རྩོམ་འགོ་འདིས་རྒྱ་གར་གྱི་སྐོར་དེ་ལས་ཀྱང་རྒྱས་པར་ཤེས་འདོད་པའི་འདུན་པ་ཅིག་ཀྱང་ངང་གིས་བསྐྲུན་ཡོད་པས། དུམ་ཚན་ཕྱི་མ་དག་ལ་ལྟ་འདོད་ལྷག་ཏུ་སྐྱེས་པ་ཡིན།
རང་བྱུང་དུམ་ཚན་གཉིས་པ་དང་གསུམ་པ་གཉིས་སུ་རྒྱ་གར་གྱི་ཆགས་སྟངས་གསལ་པོར་བརྗོད་ཡོད། དཔེར་ན། སའི་གོ་ལའི་དཔེ་རིལ་མའི་སྟེང་དུ་རྒྱ་གར་གྱི་ས་དབྱིབས་གཞུང་ཐིག་དང་འཕྲེད་ཐིག་གང་ལ་ཁེལ་ཡོད་པ་དང་ཕྱོགས་བཞིར་རྒྱ་མཚོ་གང་དང་གང་གིས་བསྐོར་ཡོད་པ། ཁྱིམ་མཚེས་རྒྱལ་ཁབ་གང་དག་ཡོད་པ་ཕྱོགས་དང་བཅས་ཏེ་གསལ་པོར་བཤད་ཡོད་པ་མ་ཟད། ཡུལ་ཁམས་སྤྱིའི་རྒྱ་ཁྱོན་ཡང་གསལ་པོར་བཀོད་ཡོད།
དུམ་ཚན་མཐའ་མའི་འགོའི“གནའ་བོ”ཞེས་པའི་ཚིག་དེར་མཉམ་འཇོག་ས་ཞིག་ཡོད། རྩོམ་པ་པོས་གནའ་དེང་གི་ཡུལ་སྲོལ་གོམས་གཤིས་ལ་ཁྱད་པར་མ་ཕྱེས་པར་རགས་རིམ་ཙམ་ཞིག་ངོ་སྤྲོད་འདོད་པས། དེའི་རྗེས་ཀྱི་ཚིག་“དེང་གི་དུས་སུ་ཡང་”ཞེས་པ་དང་“ཉེ་བའི་ལོ་འགའི་ནང་ཡང་བྱུང་མྱོང་ཡོད”ཅེས་པའི་ཚིག་འདིས་གནའ་བོ་ཞེས་པ་དང་འབྲེལ་ནས་བཤད་ཀྱིན་ཡོད་པ་བསྟན་པ་རེད། ཡུལ་སྲོལ་གོམས་གཤིས་ཧ་ཅང་རྙོག་འཛིང་ཅན་ཞིག་ཡིན་པས་རེ་རེ་བཞིན་གསལ་པོར་འབྲི་མི་དགོས་པའང་ཚིག་འདི་དག་གིས་འཐུས་པར་བྱས་ཤིང། ཆེས་མཇུག་གི་གསལ་བཤད་ཀྱི་ཚིག་དེས་ངོ་སྤྲོད་མདོར་བསྡུས་ཀྱིས་མཇུག་གྲུབ་པར་བྱས་པ་བཅས་ཀྱིས་གོ་རིམ་མེད་པ་ལྟ་བུའི་ཞན་ཆ་མེད་པར་བྱས་ཡོད།
སྙིང་ཉེ་བའི་ཀློག་པ་པོ་ཆུང་ཆུང་ཚོ། རྩོམ་ཡིག་འདི་བཀླགས་རྗེས། རང་ཉིད་གནས་སའི་ཡུལ་དེའི་ཁྱད་ཆོས་ཅི་འདྲ་ཞིག་ཡིན་པ་དོན་དངོས་གཞིར་བཞག་གིས་གསལ་བཤད་རྩོམ་ཡིག་ཅིག་བྲིས་ཏེ་བྱ་དངོས་ལ་ལྟ་ཞིབ་དང་བྱ་དངོས་གསལ་བཤད་ཀྱི་ནུས་པ་གསོ་བར་སྦྱོང་བརྡར་རེ་བྱེད་རྒྱུ་མ་བརྗེད་པ་གནང་རོགས།

༣ ཡུལ་སྲོལ་གོམས་གཤིས།

ཡུལ་སྲོལ་གོམས་གཤིས་རྩོམ་ཡིག་ཏུ་བཀོད་དེ་ངོ་སྤྲོད་བྱེད་ན། ཡུལ་སྲོལ་གོམས་གཤིས་འདིའི་རིགས་བྱུང་བའི་ཡུལ་དང་དུས་ཚོད། ཐུན་མིན་གྱི་ཁྱད་ཆོས། དགེ་མཚན་དང་ཆགས་གྲུབ་ཀྱི་ལོ་རྒྱུས་གསལ་པོར་བཤད་རྒྱུར་དོ་སྣང་བྱེད་དགོས། གསལ་བཤད་རྩོམ་ཡིག་འདིའི་རིགས་འབྲི་བ་ལ་རྒྱས་བཤད་དང་དཔྱད་གླེང། ཞིབ་འབྲི། དཔེ་འཇོག་ལ་སོགས་པའི་འབྲི་སྟངས་འོས་འཚམ་རེ་སྤྱད་ན་རྩོམ་ཡིག་ལ་གསོན་ཉམས་ཀྱི་རང་བཞིན་ཆེས་ཆེར་ལྡན་ངེས། དཔེར་ན།

མག་གསར་སྐྱེལ་བ།

མ་ཤེས་པ་མ་གཏོགས་ཧྥེ་གླིང་གི་ཁན་ནེ་ཡ་(kanya)མིན་པ་སཱ་ཡུལ་དུ་བུ་མོའི་ཁྱིམ་གྱིས་མག་པ་ཚུར་བསུ་བའི་གཉེན་སྒྲིག་གི་གོམས་སྲོལ་ཞིག་འདུག། དེར་མི་རྣམས་ཀྱིས་ད་དུང་“མག་གསར་སྐྱེལ་བའི”མཛད་སྒོ་རྒྱ་ཆེན་པོ་ཚོགས་པ་རེད།
“མག་གསར་སྐྱེལ་བའི”དུས་ཚོད་དེ་ནམ་རྒྱུན་དགོང་མོའི་དུས་སུ་ཡིན། མཛད་སྒོ་འགོ་བཙུགས་མ་ཐག་རྔ་པ་རྣམས་ཀྱིས་བརྡུང་བའི་རྔ་སྒྲ་དང་གླུ་སྐད་ཕྱོགས་བཞིར་མཆེད་འགྲོ ཤིང་ཏ་ལའི་ནགས་ཚལ་གྱི་བྱེ་མའི་ལམ་དུ་འདུ་འཛིས་ཁེངས་པའི་མི་ཚོགས་ཀྱིས་ཟླ་བའི་འོད་ངོགས་ནས་ངོ་ཚས་མྱོས་པའི་མག་གསར་བསྐོར་ཏེ་བག་གསར་གྱི་ཁྱིམ་ག་ལ་བ་དེའི་ཕྱོགས་སུ་ཆས་པ་རེད། ཀུན་གྱི་འགོ་མ་ནི་ཚོན་མདངས་བཀྲ་ལ་མཛེས་པའི་སྨད་གཡོགས་རིང་པོ་གྱོན་པའི་བུ་མོ་ཆུང་ཆུང་གཉིས་ཡིན། དེ་ནི་ཕྱེ་མ་ལེབ་ཆུང་ཆུང་གཉིས་ཀྱིས་མདུན་ནས་ལམ་འཁྲིད་ཀྱིན་པ་དང་ཀུན་ནས་མཚུངས། བུ་མོ་ཆུང་ཆུང་དེ་གཉིས་ཀྱིས་ལག་ཏུ་ཟངས་སྡེར་ཞིག་ཐོགས་ཤིང་སྡེར་མའི་མཐིལ་དུ་ཤིང་ཏ་ལའི་ལོ་མ་ལྗང་ཁུ་བཏིངས་ནས་དེའི་སྟེང་ཤིང་ཏོག་གོ་ཡུ་འཇོང་འཇོང་གིས་ཁེངས་ཡོད། ས་གནས་དེ་ག་རང་གི་ལུགས་སྲོལ་ལྟར་བཤད་ན། གོ་ཡུ་ཡིས་གདོན་འདྲེ་སྐྲོད་ཅིང་བར་བགེགས་སེལ་ནས་གཉེན་བསྒྲིགས་རྗེས་ཀྱི་འཚོ་བར་བདེ་སྐྱིད་ལྡན་ཞིང་བཀྲ་ཤིས་ཕུན་ཚོགས་འབྱུང་བར་བྱེད་ཟེར། ཟངས་སྡེར་ཁྱེར་བའི་བུ་མོ་དེ་གཉིས་ཀྱི་རྒྱབ་ཏུ་མག་གསར་གྱི་ཕ་མ་གཉིས་ཡོད། འདིར་གཏམ་དཔེ་ཞིག་ཡོད་དེ། “གླག་རྒོད་ཀྱི་རུམ་ན་ལུས་པའི་གླག་ཕྲུག་རང་དབང་གིས་འཕུར་མི་ཐུབ“ཟེར། ད་ནི་གླག་ཕྲུག་ཀྱང་གཤོག་ཟུང་རྒྱས་ཏེ་འཕུར་རན་སོང། ཕ་མས་ཀྱང་དགའ་དགའ་སྤྲོ་སྤྲོའི་ངང་རང་གི་བུ་དེ་བུ་མོའི་ཁྱིིམ་དུ་སྐྱེལ་རོགས་བྱེད།
རུ་དཔུང་དེ་རུ་ཆེས་འཁྲུག་ཆ་དོད་པ་ནི་རྐང་པར་དྲིལ་ཆུང་བཏགས་པའི་སྐྱེས་པ་དག་རེད། ཁོ་ཚོ་མཆོང་གར་ལ་སྤྲོ་བའི་ལུ་གུ་དང་འདྲ་བར་མག་གསར་གྱི་སྔོན་རྗེས་སུ་དྲིལ་ཆུང་གི་སྒྲ་དང་བཅས་ཏེ་ཞབས་བྲོ་འཁྲབ་ནས་འགྲོ་བ་དང། བུད་མེད་ཚོས་ཀྱང་ཁའི་ནང་གི་བདེ་ལྕག་འཁྱུག་པའི་ལྕེ་དེ་ལྡེམ་མྱུར་དང་བཅས་ཏེ། མཚམས་མི་ཆད་པར་དབྱངས་འགྲོས་དང་ལྡན་པའི་“ཨུ་རི་རི”ཡི་དགའ་སྤྲོའི་འབོད་སྒྲ་སྒྲོག་ཅིང་ཐུན་མོང་མ་ཡིན་པའི་རང་ཉིད་ཀྱི་ནུས་རྩལ་ངོམ་པ་རེད། ཧྥེ་གླིང་གི་མི་ནི་ཅི་འདྲའི་བྲོ་གར་ལ་བྱང་བ་ཞིག་རེད་ཨང། མག་གསར་སྐྱེལ་བའི་ལམ་དུ་བྲོ་གར་འཁྲབ་པ་ལྷག་ཏུ་རྒྱ་ཆེ་སྟེ། སྐབས་འདིར་སྤོ་བོ་དང་རྨོ་མོ་དག་གིས་ཀྱང་རྒས་ཚུགས་མི་འཛིན་པར་རྐང་གཡུག་ལག་གཡུག་བྱས་ཏེ་བྲོ་གར་རྩེད། དེས་ན་བག་གསར་གྱིས་ཅི་ཞིག་བྱེད་ཅེ་ན། དགའ་སྤྲོ་དཔག་ཏུ་མེད་པའི་རྣམ་པ་འདིའི་ཀློང་ནས་དགོད་མ་འཛུམ་དང་བཅས་ཏེ་རྐང་པ་ཐག་པས་བསྡམས་ཡོད་པ་ལྟར་གོམ་ཁ་འཁྱར་འཁྱོར་རམ་རེས་དལ་རེས་མགྱོགས་ཀྱིས་བགྲོད་པ་རེད།
མི་རྣམས་ཀྱིས་གླུ་ལེན་ཞིང་གར་རྩེད་ཀྱིན་བག་གསར་གྱི་ཁྱིམ་དུ་འབྱོར་བ་ན། རྔ་དང་རོལ་མོ། དེ་བཞིན་དགའ་སྤྲོའི་འབོད་སྒྲས་བར་སྣང་ཁེངས་པ་དང། བུ་མོའི་ཕ་མ་གཉིས་ཀྱིས་སྒོ་འགྲམ་ནས་དགའ་ལྷང་ལྷང་གིས་བསུ་བ་བྱེད། མག་གསར་གྱི་ཕ་མས་དངོས་སུ་གོ་ཡུའི་ཟངས་སྡེར་གཉེན་ཚང་ལ་སྤྲོད་པ་དང་གཉེན་ཚང་གིས་གུས་འདུད་དང་བཀའ་དྲིན་ཞུ་རྗེས། ད་གཟོད་མག་གསར་ཁྱིམ་དུ་གདན་འདྲེན་པ་དང། སྐབས་འདིར་“མག་གསར་སྐྱེལ་བའི”མཛད་སྒོ་མཐོ་རླབས་སུ་སླེབས་པ་ཡིན། ཁང་པ་གསར་པའི་ནང་དུ་བག་གསར་མཐོང་མི་ཐུབ་མོད། ཉལ་ཁྲིའི་མདུན་དུ་ཡོལ་བ་ཞིག་དཔྱངས་ཡོད་པ་མཐོང་ཐུབ། བག་གསར་བག་རོགས་མ་འགའ་དང་མཉམ་དུ་ཡོལ་རྒྱབ་ཏུ་བསྡད་ཡོད། མག་གསར་བག་གསར་ལ་ཐུག་དགོས་ན། ད་དུང་“ལག་འཇུའི་འགག་”ཅིག་བརྒྱུད་དགོས་ཏེ། མག་གསར་གྱིས་ངེས་པར་དུ་ཡོལ་བའི་མདུན་ནས་པུས་བཙུགས་ནས་ཡོལ་འོག་བརྒྱུད་བག་གསར་ལ་ལག་འཇུ་བྱེད་དགོས། བག་གསར་དང་བག་རོགས་ཚང་མས་ལག་ཟུང་མཉམ་དུ་བརྐྱངས་པ་ན། བག་གསར་རྒྱུན་པར་ཐེངས་མང་པོར་ལག་འཇུ་བྱེད་ས་འཕྱུགས་འགྲོ་བས་མགྲོན་པོ་ཚོ་སྤྲོ་བའི་གད་མོ་ཤོར་འགྲོ མག་གསར་བྲེལ་འཚུབ་དང་ངོ་ཚས་ལུས་ཡོངས་སུ་རྔུལ་ཆུ་བཞུར་དུས། བག་རོགས་དག་གིས་རང་འགུལ་གྱིས་གཞན་གྱི་དོན་བཟང་འགྲུབ་པའི་ཐབས་ཤེས་བསྟན་པ་ན། གཞི་ནས་མག་གསར་དང་བག་གསར་གཉིས་ཀྱིས་ལག་འཇུ་བྱེད་ཐུབ་པ་རེད། དེའི་མཚུངས་སུ་ཡོལ་བ་ཕྱེས་ཏེ་དགའ་སྤྲོའི་འབོད་སྒྲའི་ཁྲོད་ནས་བག་གསར་གྱིས་མི་སེམས་སྒུལ་བའི་མཛེས་སྡུག་གི་ཉམས་འགྱུར་སྟོན། སྐབས་འདིར་སླེབས་པ་ན། གཞི་ནས་“མག་གསར་”ཁྱིམ་དུ་བསྐྱལ་ཟིན་པར་བརྩིས་པ་རེད།

དཔྱད་མཆན།

རྩོམ་ཡིག་འདིར་ཡུལ་གང་ཞིག་ཏུ་བྱ་བ་ཅི་ཞིག། ཚུལ་ཅི་ལྟར་བྱུང་བ་དང། དུས་ནམ་ཞིག་ལ་སྒྲུབ་མཁན་སུས་བསྒྲུབས་པ་སོགས་གསལ་པོར་འཁོད་ཡོད་པས་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་ཉམས་ཤིག་རང་ཤུགས་ཀྱིས་ཐོན་པ་རེད། འོན་ཀྱང། རྩོམ་ཡིག་འདི་ནི་གསལ་བཤད་རྩོམ་ཡིག་ཅིག་ཡིན་པ་ལས་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཏུ་མི་འགྲོ། རྩོམ་ཡིག་ཏུ་བཀོད་པའི་བརྗོད་བྱ་ཡོངས་རྫོགས་ངོ་སྤྲོད་གཙོ་བོར་བྱས་ཏེ་བྲིས་པ་དང་དེ་ལྟར་བྲིས་པའི་དམིགས་ཡུལ་ཡང། ཡུལ་སྲོལ་གོམས་གཤིས་དེ་རིགས་མི་ལ་ཤེས་སུ་འཇུག་པའི་ཆེད་ཁོ་ན་ཡིན། ཁྱོད་ཀྱིས་ཡང་བསྐྱར་ཞིབ་ཏུ་ལྟོས་དང། རྩོམ་ཡིག་འདིར་བཀོད་པའི་མི་སྣ་དང་དུས་ཚོད་སོགས་གང་ཡིན་ཡང་གཙོ་ཕལ་གྱི་དབྱེ་བ་འབྱེད་དཀའ། ཅི་ཞིག་བཀོད་ཡོད་པ་མཐའ་དག་གིས་”མག་གསར་སྐྱེལ་བའི་”རྣམ་པ་ཁོ་ན་མཚོན་པ་ཙམ་ཡིན། གལ་སྲིད་དེ་ལས་གཅིག་ཆད་ན་བག་གསར་སྐྱེལ་བའི་རྣམ་པ་ལ་གསོན་ཉམས་མི་ཐོན་ཅིང་དེ་ལས་མང་ན་འུར་བརྗོད་སོགས་སུ་གྱུར་ཏེ་དོན་དངོས་དང་མི་མཐུན་པར་འགྱུར་ངེས་པས། གསལ་བཤད་རྩོམ་ཡིག་གི་བཟོ་ལྟ་ཤོར་འགྲོ དེར་བརྟེན་ཡུལ་ལ་ཅི་ལྟར་སྣང་བ་གཙོ་བོར་བཟུང་ནས་བྲིས་ཡོད་པར་མ་ཟད། གཏམ་དཔེ་དང་དཔེ་འཇོག་སོགས་ཀྱང་“མག་གསར་སྐྱེལ་བའི་”རྣམ་པ་ཇེ་གསལ་དུ་གཏོང་བ་ལ་རམ་འདེགས་ཀྱིས་གསོན་ཉམས་ལྡན་པར་བྱས་པ་ཙམ་ཡིན།
སྙིང་ཉེ་བའི་སློབ་གྲོགས་ཚོ། ཁྱེད་ཚོས་རྩོམ་ཡིག་འདི་བཀླགས་རྗེས། རང་ཉིད་ཀྱི་ཕ་ཡུལ་དུ་ཡུལ་སྲོལ་གོམས་གཤིས་ཅི་འདྲ་ཞིག་ཡོད་པ་རྩོམ་ཡིག་འདིའི་འབྲི་སྟངས་ལ་ལད་ཟློས་བྱས་ཏེ། གསལ་བཤད་རྩོམ་ཡིག་ཅིག་ཕྲིས་དང་བྱ་དངོས་ལ་ལྟ་ཞིབ་བྱེད་པའི་ནུས་པ་གོང་དུ་འཕེལ་བར་གདོན་མི་ཟ།

༤ འཚོ་བའི་རྒྱུན་ཤེས།

འཚོ་བའི་རྒྱུན་ཤེས་ཀྱི་ནང་དོན་ནི་རྒྱ་ཆེ་ཞིང་རྣམ་པ་སྣ་ཚོགས་ཡིན་པར་མ་ཟད། འཚོ་བ་མ་འདྲ་བ་སོ་སོར་ཁྱད་ཆོས་མ་འདྲ་བ་རེ་ཡོད། མི་རྣམས་ལ་འཚོ་བའི་རྒྱུན་ཤེས་གང་རུང་ཞིག་ངོ་སྤྲོད་བྱེད་ན། བྱ་དངོས་འདིའི་རིགས་ཀྱི་ཁྱད་ཆོས་གསལ་པོར་བཤད་དགོས། བྱ་དངོས་གང་རུང་ཞིག་ངོ་སྤྲོད་བྱེད་དུས། བྱ་དངོས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་གཙོ་བོ་ངོས་ཟིན་པར་བྱས་ཏེ། བྱ་དངོས་ཀྱི་རང་བཞིན་ནས་རྣམ་པ། གྲུབ་རྐྱེན། འབྲེལ་བ། ཕན་ཐོགས། གནོད་སྐྱོན་སོགས་ཀྱི་ཐད་ནས་གསལ་བཤད་བྱས་ཆོག གསལ་བཤད་རེ་རེར་ཕྱོགས་གཅིག་ནས་གསལ་བཤད་བྱས་ན་འགྲིག ཅུང་ཟད་རྙོག་འཛིང་གི་བྱ་དངོས་ཡིན་ན། ཕྱོགས་འགའ་ནས་གསལ་བཤད་བྱས་ཀྱང་རུང། དཔེར་ན།

རླམ་སྐྱེས་པའི་བ་དམ་མ་ཟ།

བལ་ཆགས་པའི་བ་དམ་ཟས་ན་བདེ་ཐང་ལ་གནོད་པ་རེད། རྒྱུ་མཚན་ནི་བལ་ཆགས་པའི་བ་དམ་གྱི་སྟེང་དུ་མིག་གིས་མི་ཟིན་པའི་འབུ་ཕྲས་སྦགས་ཤིང་འབུ་ཕྲ་མང་ཤོས་ལ་དུག་ཡོད་པས་ཡིན། རླམ་པ་སེར་པོའི་འབུ་ཕྲས་སྦགས་པ་ནི་དེ་བས་ཀྱང་ཚབས་ཆེ། དེ་ཡི་རྙིང་ཚབ་གསར་བྱེད་ལས་བྱུང་བའི་ཐོན་དངོས་རླམ་པ་སེར་པོའི་དུག་རྒྱུ་B1དང་C1གཉིས་ལ་སྐྲན་ནད་རང་བཞིན་དང་ལྷག་པར་དུ་B1རིགས་ལ་སྐྲན་ནད་སློང་བའི་རྒྱུ་དངོས་ཡོད་པས་མཆིན་སྐྲན་བསྐྱེད་དེ་ཁྲག་བཞུར་ནས་འཆི་བར་མ་ཟད། མཁལ་མ་ལའང་མངོན་གསལ་དོད་པོའི་སྒོ་ནས་གནོད་སྐྱོན་ཐེབས་པ་རེད། རྒྱུན་དུ་རླམ་སྐྱེས་པའི་བ་དམ་ཟོས་ན་མཆིན་ནད་བྱུང་སྟེ་རིམ་གྱིས་མཆིན་སྐྲན་དུ་འགྱུར་འགྲོ གལ་སྲིད་ཐེངས་གཅིག་ལ་ཚད་ལས་བརྒལ་བ་ཟོས་ན་མྱུར་དུ་དུག་ཕོག་པར་མ་ཟད་ཐ་ན་འཆི་ཡང་སྲིད། བ་དམ་འདིའི་རིགས་ཟོས་པའི་སྒོ་ཟོག་ལ་ཡང་མཆིན་ནད་འབྱུང་བས་དེའི་ཤ་ཟོས་ན་ཡང་དུག་ཕོག་པ་རེད། ཁྱོད་ཀྱིས་བལ་མོ་ཆགས་པའི་བ་དམ་བརྔོས་ནས་ཟོས་ན་སྐྱོན་མེད་སྙམ་མི་རུང། སྤྱིར་བཏང་གི་བཟའ་བཏུང་གཡོ་བའི་དྲོད་ཚད་ཀྱིས་བལ་མོ་འཇོམས་ཐུབ་མོད། རླམ་གྱི་དུག་དེ་མེད་པར་བཟོ་མི་ཐུབ། དྲོད་ཚད་280༠c ལས་བརྒལ་ན་ད་གཟོད་དུག་རྒྱུ་འཇོམས་ཐུབ། དེར་བརྟེན། བལ་མོ་ཆགས་པའི་བ་དམ་གཏན་ནས་མ་ཟ།

དཔྱད་མཆན།

གོང་གི་རྩོམ་ཐུང་འདིས་བ་དམ་རུལ་བའམ་རུལ་ཟིན་པ་ཟ་མི་རུང་བའི་གནས་ལུགས་གསལ་བཤད་བྱས་ཡོད། བ་དམ་དེའི་རིགས་ཀྱི་རང་བཞིན་གསལ་པོར་བཤད་ནས་དེ་རིགས་ཟོས་ན་གནོད་སྐྱོན་ཅི་དང་ཅི་འབྱུང་བ་རྒྱུ་མཚན་ལྡན་པའི་ངང་གསལ་པོར་བཀོད་ཡོད་པས་རྩོམ་ཐུང་འདི་ཀློག་པ་བརྒྱུད་ནས་བ་དམ་ཟ་ལ་དགའ་བའི་བྱིས་པའམ། ཕ་མ་དག་གིས་ཟས་རིགས་འདིའི་གནོད་སྐྱོན་རང་བཞིན་ཧ་གོ་ནས་སྤོང་བ་ལ་འབད་དགོས། དེ་ལྟར་བྱས་ན་བདེ་ཐང་ལ་ཕན་པ་ཡིན། རྩོམ་ཡིག་འདིས་རིགས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བར་ཞབས་འདེགས་ཞུས་པ་སྤྱིར་བཏང་ཞིག་མིན་པས། རང་གཞན་སུས་ཀྱང་རྩོམ་ཡིག་འདིའི་རིགས་འབྲི་བ་དང་བྲིས་ཡོད་པར་རྒྱུན་དུ་དོ་སྣང་བྱས་ན་རང་གི་མི་ཚེ་ལ་ཕན་བདེ་མི་ཉུང་བ་རེག་ཐུབ། དེ་བས། གསལ་བཤད་རྩོམ་ཡིག་འབྲི་བའམ་དེ་ལ་དོ་སྣང་བྱས་པ་ནི་ཁེ་སང་མི་དམན་པ་ཞིག་གི་གཞི་མ་ཡིན་ཞེས་བཤད་ཆོག
ཁྱོད་ཀྱིས་ཀྱང་རང་གི་ཉམས་མྱོང་གཞིར་བཞག་ནས་འདི་ལྟ་བུའི་དངོས་ཕན་རང་བཞིན་ལྡན་པའི་གསལ་བཤད་རྩོམ་ཡིག་ཅིག་བྲིས་ཏེ་མིའི་རིགས་ལ་ཕན་པའི་རླབས་ཆེན་གྱི་ལས་ལ་འཇུག་པའི་སྟ་གོན་ཞིག་བགྱི་རོགས།