༄༅། །བོད་ཀྱི་བརྡ་དག་རིག་པའི་གནས་ལ་འཇུག་པའི་སྒོ་ཞེས་བྱ་བ་བཞུགས་སོ།།
ཚེ་ཏན་ཞབས་དྲུང་དབྱངས་ལྡན་རིག་པའི་འདོད་འཇོ།(༡༩༡༠-༡༩༨༥)

༄༅། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཀ་ཁ་སུམ་ཅུ་ཚང་བའི་ཚིགས་བཅད། འཇི༷གས་མེ༷ད་ཡེ་ཤེས་གཏེར་མཛོད་ད༷མ་པའི་སྐུ། །ཆོ༷ས་ཕུང་སྣ་ཚོགས་ཁམས་བཞིན་གཟིགས་པའི་གསུང༌། །ཨེ་ཝཾ་མཉམ་སྦྱོར་བདེ་སྟོང་ཐུགས་དང་ལྡན། །ལུས་ཅན་རྒྱ༷་མཚོ༷འི་སྤྱི་གཙུག་རྒྱན་དུ་ལྷམ། །གངས་རིའི་ཕྲེང་བས་བསྐོར་བའི་འཇིག་རྟེན་དུ། །རྒྱལ་བསྟན་ཉིན་བྱེད་འཆར་བའི་སྐྱ་རེངས་ཀྱི། །ཡི་གེའི་སྲོལ་ཆེན་ཐོག་མར་འབྱེད་མཛད་པ། །འཇམ་དབྱངས་རྣམ་སྤྲུལ་ཐོན་མིའི་ཞབས་ལ་འདུད། །གསུང་རབ་རྒྱ་མཚོར་བགྲོད་པའི་གྲུ་བོ་ཆེ། །བརྡ་དག་གཞུང་ལུགས་རྒྱས་བསྡུས་མང་མཆིས་ཀྱང༌། །འདིར་ནི་གསར་སློབ་དཔྱོད་ལྡན་དོན་གཉེར་འགའི། །བློ་དང་འཚམ་ཕྱིར་གོ་སླའི་སྐད་ཀྱིས་བརྩམ། །
ཀ༽ སྐར༷་མ་པ་སངས་དུང་གི་མདོག་ལྟར་དཀ༷ར། །སྐོ༷ར་ཚན་ཕྱེ་སྟེ་ཡུལ་གྲུའི་མཐའ་ལ་བསྐོ༷ར། །སྐུ༷་མཆོག་ཁྱོད་ཀྱི་ཕྱག་ནི་དཀུ༷་ལ་བརྟེན། །ཕག་ཏུ་བསྐུ༷ངས་ནས་རྐོ༷ང་བུའི་སྣོད་རྣམས་ཁྱེར། །ཐོབ་པའི་སྐལ༷་བ་བསྐལ༷་བའི་བར་དུ་བསགས། །སྲེད་པའི་བརྐ༷མ་པ་ཉི་མས་བསྐམ༷་མི་འགྱུར། །རྐ༷ན་གྱི་ངོས་སུ་ཚེར་མ་ཡོད་རེ་སྐ༷ན། །མ་འགྱངས་སྐྱེ༷ན་པར་མཁོ་བའི་མཐུན་རྐྱེ༷ན་སྒྲུབ། །འོ་ཞོ་དཀྲུ༷གས་པས་སྣོད་དུ་སྤྲིན་ལྟར་དཀྲི༷གས། །རྐྱ༷ང་གི་ཤ་ཡིས་བུ་དང་བུ་མོ་བསྐྱ༷ངས། །ཤ་མེད་ཀེ༷ང་རུས་དུར་གྱི་ཁྲོད་དུ་བཀ༷ང༌། ། ལྐོ༷ག་མའི་གནས་ན་ཤུན་པའི་སྐོ༷གས་པ་མང༌།
ཁ༽ ཁ༷ང་བརྩེགས་མཐོན་པོར་ང་རྒྱལ་དྲེགས་པས་ཁེ༷ངས། །ཁ༷མ་ཟས་ཟོས་པས་ལུས་ཀྱི་འབྱུང་ཁམ༷ས་རྒྱས། །ཁོ༷ར་ཡུག་ཀུན་ཏུ་འཁོ༷ར་ལོའི་བགྲོད་པ་མང༌། །སྨན་གྱི་མཁ༷ན་པ་ཁ༷ན་ལ་སུ་ཡིས་འཇོག །འདབ་ཆགས་ཁྲུ༷ང་ཁྲུང་སྒོ་ངའི་སྦུབས་ནས་འཁྲུ༷ངས། །ཁྱོ༷གས་ཀྱི་ཁང་བཟང་འཁྲི་ཤིང་འཁྱོ༷ག་པོས་འཁུར། །བྱ་རྒྱལ་ཁྱུ༷ང་ཆེན་ཞོན་ན་བྱ་བ་འཁྱོ༷ངས། །ཆུ་འཛིན་འཁྲི༷གས་དུས་ལག་པའི་མཁྲི༷ག་མ་ན། །འཐབ་རྩོད་འཁྲུ༷ག་པས་ཕན་ཚུན་འཛིངས་པར་འཁྲུ༷གས། །ཁྲུ༷་ཚད་ལོངས་པའི་གདོན་ཕྱིས་ཆུ་ཡིས་འཁྲུ༷ད། །སྡོང་པོའི་འཁྲི༷་ཤིང་ཁྲི༷་ཕྲག་ས་ལ་བཙུགས། །རོལ་མོ་འཁྲོ༷ལ་བཞིན་ནང་ཁྲོ༷ལ་ཟ་བར་རྩོམ། །
ག༽ རྨ་ཆེན་ག༷ངས་རི་ག༷ང་ནས་བལྟས་ཀྱང་བརྗིད། །ཉིན་གུ༷ང་གྲལ་གྱི་གོ༷ང་ནས་གསོལ་སྟོན་འཐུངས། །དགུ༷ང་ལོ་དུ་ལོན་ཐུགས་ཀྱི་དགོ༷ངས་པར་ཞོག །རི་དྭགས་དགོ༷་བ་སྒོ༷་ཡི་ཕྱི་ན་རྒྱུགས། །རྟ་རྒོ༷ད་རྒོད་མ་གད་མོ་དགོ༷ད་བཞིན་བཏུལ། །གཅིན་སྣོད་ལྒང༷་བུ་རི་ཡི་སྒང༷་ལ་འཕངས། །རྩམ་པ་བག༷མས་ཏེ་དགྲ་བོའི་ཀླད་པ་འགེ༷མ། །སྒོ༷ག་པ་ཟོས་རྗེས་རྨ་ཡི་ཤུན་པ་དགོ༷ག། །མཚེར་ས་གོ༷ལ་བས་ཟོག་རྣམས་དོན་མེད་གོ༷ད། །རྒྱ༷ང་རིང་ལམ་ནས་སེང་གེའི་གད་རྒྱ༷ངས་ཐོས། །ཀོ་རློན་བརྒྱ༷ངས་ནས་དུས་ཚོད་རིང་ཞིག་བགྱ༷ངས། །རྔ་སྦུབ་སྒྲ༷་ཡིས་བསྟན་དགྲ༷་ཕྱེ་མར་བརླགས། །
ང༽ ང༷ག་ཚིག་བཙན་པོས་ཕོ་ཉ་ཕྱོགས་སུ་མང༷གས། །ང༷ལ་དུབ་ལས་ཀྱིས་མང༷ལ་གྱི་ཕྲུ་གུ་ལྷུང༌། ། ཞིམ་མང༷ར་སྨན་གྱིས་ང༷ར་སྐད་མཐོན་པོ་འབྱིན། །མང༷ན་བགྲངས་སྐྱོན་གྱིས་ང༷ན་འགྲོའི་གནས་སུ་འཕེན། །ལེགས་སྦྱར་སྔ༷གས་སྐད་ཤེས་ན་ཀུན་གྱིས་བསྔ༷གས། །རྔོ༷ན་པའི་མདའ་ཡིས་སྔོ༷ན་ན་ཡོད་པ་བསད། །རྔོ༷་ནད་བྱུང་བས་ལྭ་བ་སྔོ༷་སྐྱ་གོན། །ང༷ང་པ་འཕུར་བ་མཁའ་ལས་ལྷུང་བས་སྔ༷ངས། །མུ་ང༷ས་བྱུང་ན་ངེ༷ས་པར་ཡི་རེ་མུག །རྟ་ཡི་རྔོ༷ག་མ་ཆུ་ཡི་ངོ༷གས་སུ་བཀྲུ། །རྔ༷་མའི་ཉག་མ་སྔ༷་མའི་གྲི་ཡིས་བཅད། །རྔ༷་བརྡུངས་ཚེ་ན་སྔ༷་རྔོད་ཚོད་མ་ཟ། །
ཅ༽ རྟ་མཆོག་ཅ༷ང་ཤེས་མདུན་ནས་རྒྱུག་ཅི༷ང་མཆོངས། །རྩི་ཤིང་ཐམས་ཅ༷ད་རྨིག་པ་རྣོན་པོས་བཅད། །ཞབས་ཀྱིས་བཅ༷གས་སར་བསྡད་ནས་དཀར་ཡོལ་བཅ༷ག །ཐག་པས་བཅི༷ངས་ཏེ་སྤར་མོ་གཅིག་ཏུ་བཅ༷ངས། །དགྲ་བཅོ༷མ་པ་རྣམས་མི་སྨྲ་གཅོ༷མ་བསྐྱུངས་བཞུགས། །གཅི༷་བ་བཏང་བས་ལྕི༷་བ་གཤེར་བར་བྱས། །རྟ་རྨིག་ལྕག༷ས་ཀྱིས་བཏུམས་ནས་ལྕག༷་གིས་བྲབ། །རི་རབ་ལྕོ༷ག་ཏུ་འགྲོ་བར་བློས་མི་ལྕོ༷གས། །རང་ཉིད་གཅི༷ག་པུར་སྡོད་ལ་བློ་ཡིས་ལྕི༷གས། །ཅོ༷ང་གི་རོལ་མོ་ཅུ༷ང་ཟད་ཤེད་ཀྱིས་བརྡུངས། ། སྨྲ་བྱེད་ལྕེ༷་ཡིས་གཅེ༷ས་པའི་གཏམ་དག་ཤོད། །གཅོ༷ང་ནད་བྱུང་ཚེ་གཅུ༷ང་གིས་ཅི་ལ་ཕན། །
ཆ༽ དམ་པའི་ཆོ༷ས་ཀྱིས་བློ་ཁ་འཆོ༷ས་པར་བྱེད། །མཆོ༷ངས་ལྡིང་བྱས་ནས་རིན་ཆེན་མཆོ༷ང་ཞིག་རྙེད། །ཁ་ཟས་མཆོ༷ག་ལ་ཆོ༷ག་ཤེས་བསྟེན་ན་ལེགས། །ཆ༷ང་གིས་སྦགས་པའི་ཆ༷ངས་བུ་ག་ལ་ཞིམ། ། ཆོ༷ལ་ཟངས་ནང་དུ་འཐུངས་ན་འཆོ༷ལ་བར་རྩི། །ཡལ་ག་ཆ༷ག་པའི་ངོས་ན་སྦྲང་རྩི་ཆ༷གས། །ཆ༷ར་པ་བབས་པའི་རྗེས་སུ་ཉི་མ་འཆ༷ར། །འབྲུ་ཁལ་ཆི༷ག་སྟོང་མཆིག་དང་མཆི༷ག་གུར་འཐག །དམ་ཆོས་འཆ༷ད་པས་དགེ་སེམས་ཆ༷ད་པ་འཐུད། །ཤིང་ཐོག་ཆ༷་ཤས་ཙམ་ཞིག་འཆ༷འ་བར་བྱེད། །ཆ༷བ་ཀྱིས་བྲན་པ་ལྐོག་ཏུ་འཆ༷བ་ཅིང་སྦེད། །འཆ༷མ་གྱི་ལྟད་མོར་ཁྲོམ་ཚོགས་ཆ༷མ་མེར་བརྡལ། །
ཇ༽ འཇི༷ག་རྟེན་ཁམས་སུ་འཇི༷གས་པའི་གཅན་གཟན་མང༌། །འཇ༷ག་མའི་རྩྭ་ཡི་སྐྱེ་དབྱིབས་སེམས་ལ་འཇ༷གས། །འཇི༷་བས་སོ་བཏབ་ཤ་པགས་འཇུ༷་སྙམ་བྱེད། །ལུས་ཀྱི་སྐེ་མཇི༷ང་རྒྱ་མཚོའི་འཇི༷ང་དུ་ནུབ། །མཇུ༷ག་མ་ལྡན་པ་ར་བའི་ནང་དུ་འཇུ༷ག །རིན་ཐང་འཇ༷ལ་དུ་མེད་པའི་རྟེན་ལ་མཇ༷ལ། ། འཇེ༷བས་པའི་སྐད་སྙན་ཅན་དེ་འཇ༷བས་ནས་འོང༌། །བྱི་འུ་འཇོ༷ལ་མོ་འཇོ༷་སྒེག་ཉམས་དང་ལྡན། །ཏིལ་གྱི་རྗང༷་བུ་ལྗང༷་ཁུའི་ཚོན་མདངས་བཀྲ །རྗེ༷་བོ་མཆོག་གིས་རྗེ༷འུ་རིགས་ཡོངས་ལ་བྱམས། ། མཆོད་ཅིང་རྗེ༷ད་པར་ནམ་ཡང་བརྗེ༷ད་མི་བྱ། །ཤ་རྗུ༷ད་ཟོས་པས་གཟི་བརྗི༷ད་འབྱུང་མི་སྲིད། །
ཉ༽ ཉ༷་ཤ་ཟོས་པས་ཉྭ༷་བཞི་སྦོམ་པོར་གྱུར། །མཉ༷ན་པས་ཆུ་ལས་བསྒྲལ་བའི་སྐད་ལ་ཉ༷ན། །སྣ་ཉེ༷ག་ཁྱི་གུ་ཉག༷་ཐག་ཕྲ་མོས་བཏགས། །ཉམ༷་ཐག་གྱུར་ཚེ་ལུས་ཀྱི་གཟི་མདངས་ཉམ༷ས། །ཉེ༷་རིང་བྱེད་པའི་ཆགས་སྡང་ཉེ༷ས་པ་སྤངས། །ལག་པ་གཉི༷ས་ཀྱིས་ནང་ཁྲོལ་གཉེ༷་མ་བླངས། །སྙེ༷ས་ནས་བསྡད་དེ་འབྲུ་ཡི་སྙེ༷་མ་བཅད། །སྙི༷ང་སྟོབས་ཅན་དེ་ནམ་ཡང་བསྙེ༷ངས་པ་མེད། །སྙུ༷ང་བུས་ཕིགས་ནས་ཡོ་བྱད་བསྙུ༷ངས་པར་བྱས། །ཡིན་ནམ་སྙམ༷་ནས་འབར་འབུར་མེད་པར་བསྙམ༷ས། །སོ་ཡི་རྙི༷ལ་ལ་དྲུད་ནས་མེ་ཏོག་རྙི༷ད། ། གཉི༷ད་ལས་སད་ཚེ་དགྲ་ཚོགས་ས་མཐར་བསྙི༷ལ། །
ཏ༽ ཏི༷ང་ཤགས་འཁྲོལ་བཞིན་དམན་ལ་སྦྱིན་པ་བཏ༷ང༌། །གཞན་ལ་སྟེ༷ར་མཁན་འདོད་དགུའི་གཏེ༷ར་དུ་འགྱུར། །རལ་གྲིས་གཏུ༷བས་ནས་མཁའ་ལ་སྤྲིན་ལྟར་གཏི༷བས། །ཤིང་སྡོང་སྟག༷་པ་མི་འགྱུར་རྟ༷ག་པ་མིན། །གཅན་གཟན་སྟ༷ག་གཟིག་གཉའ་ལྟ༷ག་འདི་ནས་མཆོངས། །སྟེ༷གས་བུའི་སྟེང་ནས་སྟེ༷ག་ཅིང་སྒེག་ཉམས་བྱེད། །སྤྲང་པོར་གཏོ༷གས་ཚད་ལྟོ༷གས་ཤིང་སྐོམ་པས་གཟིར། །མདའ་ལྟོ༷ང་སྦྱར་ནས་ཕ་རོལ་སྟོ༷ང་ཕྲག་བསད། །སྟུ༷ག་པོའི་གོས་གྱོན་རྟུ༷ག་པ་འདོར་བར་དཀའ། །མི་གཡོ་བརྟ༷ན་པོའི་སྒང་ནས་ལྟད་མོ་བསྟ༷ན། །ལྟ༷་བྱེད་མིག་གིས་གཟུགས་མཚར་དཔལ་ལ་བལྟ༷། །རྟོ༷ག་དཔྱོད་བཏང་ནས་གསུང་རབ་དོན་ཀུན་རྟོ༷གས། །
ཐ༽ མཐུ༷་སྟོབས་བསྐྱེད་དེ་ལག་པས་མེ་ཏོག་འཐུ༷། །མིག་གིས་མཐོ༷ང་ནས་ཆུ་གཙང་ཧུབ་གཅིག་འཐུ༷ངས། །མཐི༷ང་གོས་གྱོན་བཞིན་ཐ༷ང་ལ་ཡན་དུ་སོང༌། །ཐ༷ལ་བའི་ཕུང་པོ་སྒོ་ཡི་ཐད༷་ཀར་སྤུངས། །ཐུ༷གས་འདྲིས་ཆེ་བ་ཕན་ཚུན་ཐུ༷ག་འཕྲད་མཛད། །ཐོ༷་རངས་དུས་སུ་མཐོ༷་རིས་གནས་སུ་གཤེགས། །ཐ༷བས་ཀྱིས་བཅོས་པའི་ཐ༷བ་ཀ་ཤིན་ཏུ་འཕྲོད། །ནམ་མཁའི་ཐོ༷ག་གིས་བྲག་རི་ཐོ༷གས་མེད་ཕིགས། །ཐུ༷བ་པའི་སྤྱན་སྔར་འཁོར་ཚོགས་སྤྲིན་ལྟར་འཐི༷བས། །ཐོ༷ལ་བྱུང་ཚིག་གིས་ཉེས་ཀུན་མཐོ༷ལ་ལོ་བཤགས། །རྟ་ཡི་ཐོ༷ང་གར་དར་དཔྱངས་ཐུ༷ང་ངུ་བཏགས། །གདན་ཆ་འཐུ༷ག་པོའི་སྟེང་ནས་ཐུ༷ག་པ་དྲངས། །
ད༽ ད༷ལ་འབྱོར་རྟེན་ལ་ད༷ད་པ་ཤུགས་དྲག་སྒོམ། །དོ༷ང་གི་ནང་ནས་གཡས་འཁྱིལ་དུ༷ང་ཞིག་རྙེད། །མི་ད༷ང་མི་མིན་རང་རང་གནས་སུ་དེ༷ངས། །ཁང་པ་དོ༷ག་པོར་དོ༷གས་པའི་གནས་འདི་ཤེས། ། ཐག་རྡང༷་ཁུགས་ལ་རྒྱུག་ཅིང་ལྡིང༷་ནས་རྩེ། །དཔའ་གདེ༷ང་ཆེ་བ་སྟོན་ཕྱིར་ཁ་ཡང་གད༷ངས། །སྡོ༷ང་པོའི་རྩ་ནས་བསྡད་དེ་རྔ་ཆེན་རྡུང༌། །གདུག༷ས་ཀྱི་མཆོད་རྫས་གདུག༷་རྩུབ་ཅན་གྱིས་འཛིན། །དོ༷ལ་གྱི་ནང་དུ་ཉ་ཡི་དོ༷ད་ཅིག་བཟུང༌། །བདུག༷་སྤོས་དྲི་ཡིས་སྡུག༷་བསྔལ་སེལ་བར་བྱེད། །ལྡབ་ལྡི༷བ་སྨྲ་སྐབས་ཁང་པའི་ཡང་ཐོག་བརྡི༷བས། །སྡེ༷་པའི་འདབས་ནས་འགྲུལ་པར་བདེ༷་ཞུས་བྱས། །
ན༽ ནག༷ས་ཚལ་འཐུག་པོར་མུན་ན༷ག་འཐིབས་ནས་འདུག །ན༷ངས་པར་ལངས་ནས་ཁང་པའི་ན༷ང་དུ་བསྡད། །ན༷ན་ཏན་འབད་པས་ཕ་རོལ་ཟིལ་གྱིས་མན༷ན། །ན༷ལ་བུ་སྐྱེས་པའི་མ་དེ་ན༷ད་ཀྱིས་ཐེབས། །རྣག༷་ཁྲག་གཅོད་ཕྱིར་སྣག༷་ཚའི་ཐིག་ལེ་བྱ། །གན༷ངས་གཞེས་ཉིན་པར་ཆོས་སྦྱིན་གན༷ང་ཞེས་ཐོས། །གོས་སྣེ་བསྣར༷་ཏེ་རྒྱུ་སྐར་སྣར༷་མ་ལྟ། །སྣྲོ༷ན་གྱི་སྐར་མ་ཤར་ཚེ་ཆུ་འདི་སྣོ༷ན། །བལ་གོས་སྣམ༷་བུ་འདི་རྣམ༷ས་སྦྱིན་པར་གཏོང༌། །དགྲ་བཅོམ་རྣམ༷་པ་འདི་དག་གན༷མ་དུ་འཕུར། །ནེ༷འུ་གསིང་ཐང་ལ་ན༷ས་ཀྱི་མྱུ་གུ་སྐྱེ། །སྲོག་ཆགས་ནེ༷འུ་ལེ་ནེ༷་ཙོས་སྒོ་ལ་བསྐྲད། །
པ༽དཔ༷ག་ཚད་དུ་ཡོད་བློ་ཡིས་དཔ༷གས་ཏེ་འཇལ། །སློབ་གྲྭའི་དཔོ༷ང་སར་དམག་དཔུ༷ང་གྲལ་དུ་བསྒྲིགས། །པུ༷་ཤུའི་རྩེ་ནས་པི༷་ཝང་སྙན་པར་སྦྲེང༌། །སྤུ༷ར་རྒྱལ་ཡུལ་དུ་པི༷ར་གྱིས་རི་མོ་འབྲི། །རི་དཔ༷ངས་མཐོ་སར་བདེན་རྫུན་དཔ༷ང་དུ་བཙུགས། །སྤ༷ང་ལྗོངས་གནས་སུ་སྡིག་སྒྲིབ་སྤ༷ངས་པར་གདམས། །སྤོ༷ང་བ་བ་ཡིས་ཡོ་བྱད་སྤུ༷ང་མི་བྱ། །སེང་གེའི་པ༷གས་པ་ཁྱི་ལྤག༷ས་ལས་ཁྱད་འཕགས། ། པྲོ༷ག་ཞུའི་རྒྱན་ཆ་སྤྲོ༷ག་མའི་སྣོད་དུ་བཞག །སྤྱ༷ང་ཀི་བཟུང་ནས་ཆུ་ཡི་གཏིང་ལ་སྤྱི༷ངས། །སྙན་ངག་དཔེ༷ར་བརྗོད་དཔ༷ར་མ་ཤིན་ཏུ་དག །དཔ༷འ་བོའི་མགྲིན་པར་བྱི་རུའི་རྒྱན་ཕྲེང་སྤ༷། །
ཕ༽ རི་ཡི་ཕ༷ང་ནས་མདའ་མཁན་དེ་ཡིས་འཕ༷ངས། །ཕོ༷ངས་ཤིང་དབུལ་ཚེ་འཕོ༷ངས་སྐྱོབ་གོས་ཀྱང་མེད། །འཕ༷ན་མེད་བདེ་བར་གནས་ཕྱིར་གཞན་ཕ༷ན་སྒྲུབ། །བྲག་ཕུ༷ག་གནས་སུ་ཕུ༷གས་ཀྱི་དོན་ཆེན་སོམས། །ཤ་རྒྱས་ཕ༷ག་པ་ནམ་ཡང་འཕ༷ག་འཕག་བྱེད། །གཅན་གཟན་འཕ༷ར་བ་གླང་གི་ཕ༷ར་ཚུར་རྒྱུག །ཕོ༷་བའི་མེ་དྲོད་ཉམས་ཚེ་འཕོ༷་བར་ཉེ། །ལག་ཏུ་ཕུ༷བ་བཟུང་རྒྱ་ཕི༷བས་སྟེང་དུ་འགྱིང༌། །ཕུ༷ར་མ་དཔྱངས་པའི་ཀླད་དུ་འདབ་ཆགས་འཕུ༷ར། །འཕྲ༷་རྒྱན་ཕྲ༷་རགས་དོ་ཀེར་རྩེ་ལ་འདོགས། །ལམ་འཕྲ༷ང་དོག་པོར་ཕྲེ༷ང་བ་བགྲང་བར་དཀའ། །ཕྱུ༷ག་པོའི་ཁྱིམ་དུ་གནག་ཕྱུ༷གས་བགྲང་ལས་འདས། །
བ༽ བ༷ག་ཕྱེའི་ཁ་ཟས་བ༷གས་ཀྱིས་ཟོས་ན་ཕན། །བ༷ང་དུ་ཆར་བབས་གོ་རེའི་རྡོག་པོ་བ༷ངས། ། བྱི༷ང་རྨུགས་སེལ་ཕྱིར་བྱང༷་གི་ཕྱོགས་སུ་འཆག །ངོ་བྱ༷ད་ལྟ་བའི་མེ་ལོང་བྱི་དོར་བྱེ༷ད། །བྲ༷ག་གི་རྩ་ནས་སྐྲ་དང་ཁ་སྤུ་བྲེ༷ག །གཞན་དུ་བྲོ༷ས་ནས་ས་ཡི་ཁུང་བུ་བྲུ༷ས། །ལག་ཆུ་འབྲི༷མ་ཚེ་འབྲུ༷མ་བུའི་ནད་ལ་འཛེམ། །འབ༷ག་བཟོའི་རྟེན་ལ་དྲི་མས་འབ༷གས་མི་རུང། །སྐད་ཀྱིས་བོ༷ས་ཚེ་སྙན་པའི་དུང་ཡང་བུ༷ས། །བུ༷ལ་ཏོག་ལེན་ཕྱིར་སྒོ་ཡི་ཕྱི་རུ་བུ༷ད། །རྐང་པའི་བོ༷ལ་ཞེས་རྗོད་པ་བོ༷ད་སྐད་དངོས། །ཀོ་བའི་འབྲེ༷ང་ཐག་བཟང་ངན་འབྲི༷ང་གསུམ་ཡོད། །
མ༽ བྱི་རུ་དམ༷ར་པོ་ཟོང་མིན་སྨ༷ར་གྱིས་ཉོས། །སྨ༷་ར་སྐྱེས་ཚད་མཐོ་དམ༷འ་མེད་པར་སྐྱེ། །མོ༷ས་པ་སྐྱེས་པའི་མུ༷ས་ལ་སློབ་སྦྱོང་གྱིས། །རྒྱུད་མ༷ངས་སྦྲེང་མཁན་ངག་ཏུ་གླུ་ཚིག་མ༷ང༌། །བུ་མོའི་མ༷ག་པ་དམ༷ག་གི་གཙོ་བོར་བསྐོས། །ཆོས་རྣམས་བདེན་པར་མེ༷ད་པ་ཤིན་ཏུ་མ༷ད། །མཆོག་དམ༷ན་ཀུན་ལ་ཕན་པ་སྨན༷་སྦྱིན་ཏེ། །རྨ༷་ཡི་རིགས་ལ་དོམ་མཁྲིས་བཟང་བར་སྨྲ༷། །མི༷ག་གཉིས་ཞར་ན་ངེས་པར་ཡི་རེ་མུ༷ག །མུ༷་གེ་དུས་སུ་མི༷་རྣམས་ཟས་ཀྱིས་བྲེལ། །མེ༷ལ་ཚེ་བྱེད་མཁན་མ༷ལ་ནས་འདུག་པར་དཀའ། །ཉོན་མོ༷ངས་སྤང་ཕྱིར་ཐུན་མོ༷ང་ལམ་རྣམས་སྒོམ། །
ཙ༽ གཙོ༷ད་རུའི་དོན་དུ་བྱིས་པ་འདི་གཉིས་རྩོ༷ད། །རྩ༷མ་པ་ཟོས་རྗེས་ཡི་གེ་འབྲི་མགོ་བརྩ༷མ། །ཁར་རྩ༷ང་གཙ༷ང་པོ་བརྒལ་ནས་ཆུ་ལ་བསྐུར། །སྒོག་རིགས་ཙོ༷ང་གི་དོན་དུ་ཕྱེ་འདི་བཙོ༷ངས། །རྩུ༷བ་མོའི་རྡོ་གཉིས་གཙུ༷བས་ན་མེ་སྟག་འཕྲོ། །མང་པོ་བརྩེ༷གས་ན་ཁབ་ཀྱིས་གཙ༷གས་མི་ནུས། །རྩི༷བ་ཀྱི་རུས་པས་འཁོར་ལོ་རྩི༷བས་བརྒྱད་བྲིས། བརྩེ༷་ལྡན་མ་ཡི་བུ་ཆུང་རྩེད་མོ་རྩེ༷། །འབད་རྩོ༷ལ་ལྡན་པའི་ལས་ཀྱིས་འདོད་དགུ་སྩོ༷ལ། །སྐར་རྩི༷ས་འབྲི་སྐབས་གྲངས་རྣམས་བརྩི༷ས་ནས་འབྲི། །རལ་གྲིའི་རྩེ༷་མོས་གནོད་བྱེད་དགྲ་ལ་གཙེ༷། །སྲོག་ཆགས་རྩ༷ངས་པ་མི་གཙ༷ང་ཁྲོད་དུ་ཉུལ། །
ཚ༽ པད་མའི་ཚ༷ལ་དུ་ཕ་མར་ཕྱག་འཚ༷ལ་ཏེ། །རང་གིས་སྐྱོན་མཚ༷ང་ཅི་བྱས་ཚ༷ང་བར་མཐོལ།། མཚོ༷་ཡི་ནང་གི་ཉ་མོ་ཤིན་ཏུ་ཚོ༷། །ཚོ༷ང་པ་དེ་ཡི་སྟོབས་འབྱོར་འདི་དང་མཚུ༷ངས། །ཡི་གེའི་ཚེ༷ག་ཙམ་འབྲི་བར་དཀའ་ཚེ༷གས་མེད། །ངོ་མཚ༷ར་སྐྱེད་པའི་ལྟད་མོ་ཚ༷ར་མི་འགྱུར། །འབྲོག་པའི་མཚེ༷ར་སར་ཚེ༷ར་མའི་ལྡུམ་བུ་སྐྱེ། །མཚ༷ན་མ་བཏབ་པའི་སྡེ་ཚ༷ན་མང་དུ་ཡོད། །ཚོ༷ན་རྩི་མང་པོས་མཚོ༷ན་ཆའི་རི་མོ་འབྲི། །ཚོ༷མས་ཀྱི་ཁང་པར་མཎྜལ་ཚོ༷མ་བུ་སྤུངས། །སྐུ་ཚ༷བ་གསར་པ་ཤིན་ཏུ་སྐྲག་ནས་འཚ༷བས། །རྒྱམ་ཚྭ༷་ལྕེ་འབིགས་མྱངས་ན་ཤིན་ཏུ་ཚ༷། །
ཛ༽ མཛེ༷་ནད་ཅན་གྱི་གདོང་པ་ག་ན་མཛེ༷ས། །འཛེ༷ང་རྡོ་བཟོ་ལ་རྡོ་བཟོ་མཆོག་ཏུ་མཛ༷ངས། །ཕན་བདེའི་མཛ༷ད་པ་འཛ༷ད་མེད་ཀུན་ལ་སྨན། །འཛ༷མ་བུའི་གླིང་དུ་འགོ་ནད་རིམས་ལ་འཛེ༷མ། །རྒྱལ་པོའི་མཛོ༷ད་དུ་ཙིག་འཛིན་མཛོ༷ལ་བུ་མང༌། །སྐས་ཁར་འཛེ༷ག་སྐབས་དྲི་ཆུ་ས་ལ་འཛ༷གས། །ཛ༷་ལང་དགྲ་བོ་མཛ༷འ་བཤེས་ཡིན་དོགས་མེད། །འཛེ༷ར་ཁུང་འདྲ་བའི་ཁ་ནས་ཁ་ཆུ་འཛ༷ར། །བཞི་སྲང་འཛོ༷མ་དུ་མ་བུ་ལྷན་ཅིག་འཛོ༷མས། །ཕུག་ཏུ་འཛུ༷ལ་ནས་མཛུབ་མོ་ཁ་རུ་འཛུ༷ད། །རྫི༷་མ་སྟུག་པོ་ཅན་དེ་རྐང་པས་བརྫི༷། །རྫི༷ང་བུའི་ནང་དུ་རྡོ་ཡི་ཕུང་པོ་བརྫ༷ངས། །
ཝ༽ པི་ཝ༷ང་སྦྲེངས་པས་ཕ་ཝ༷ང་ཚང་ནས་སྤུར། །གཅན་གཟན་ཝ༷་སྐྱེས་ཁང་པའི་ཝ༷་ཁར་མཆོངས། ། ལྕགས་ཀྱི་ཝ༷ང་ལོང་སེམས་ལ་ཝ༷་ལེར་ཡོད། །ཤེས་བྱའི་གནས་ཀུན་ཡིད་ལ་ཝ༷ལ་ཝལ་ཤར། །
ཞ༽ རྐང་པ་ཞ༷་བོ་ཞྭ༷་མོ་མགོ་ལ་གྱོན། །ཞ༷གས་པས་འཆིང་བཞིན་སྣུམ་ཞ༷ག་ཁོལ་མ་འཐུང༌།། ཞོ༷གས་ཀའི་དུས་སུ་ཡི་གེ་འདི་རུ་ཞོ༷ག །སྤང་གཞོ༷ངས་ཉམས་དགའ་གཞོ༷ང་པའི་སྣོད་དུ་ཟ། ། གཞུ༷ངས་བཟང་ཁྲེལ་ཡོད་ཅན་གྱིས་གཞུ༷ང་དོན་རྟོགས། །ཚིག་ཕྲད་ཞེ༷ས་སོགས་མི་བརྗེད་ཞེ༷་ལ་བཞག །སྟོང་གསུམ་ཞི༷ང་གི་ཞེ༷ང་ཚད་བསམ་ལས་འདས། །དཔའ་ཞུ༷མ་དུས་སུ་ཞི༷མ་པའི་རོ་མི་མྱོང༌། །ཆར་ཞོ༷ད་ཆེ་སྐབས་གཡག་རོག་ཞོ༷ལ་པོ་བྲོས། །གཞོ༷གས་སུ་བསྡད་ནས་ཤིང་གི་ཐུར་མ་བཞོ༷གས། །མདའ་གཞུ༷་རྐེད་ལ་བཏགས་ནས་མར་གྲོད་བཞུ༷། །གཞི༷་ཁྱིམ་ཁང་པར་མིང་སྲིང་བཞི༷་ཙམ་ཡོད། །
ཟ༽ ཟ༷ག་བཅས་སྤངས་པས་འཁོར་བའི་དུག་ཆུ་ཟ༷གས། །ཉི་མའི་ཟེ༷ར་གྱིས་ཟ༷ར་མའི་མེ་ཏོག་བཞད། །ཟ༷ངས་དང་འཁར་བ་ལ་སོགས་ཟ༷ང་ཟིང་སྟེ། །གཟི༷ངས་སུ་བཞག་ནས་སྨིན་མ་གཟེ༷ང་བཞིན་བསྐྱལ། །ཕ་མའི་དྲིན་གཟོ༷་ཕྱིར་དུ་བཟོ༷་རིག་བསླབ། །ལག་པས་བཟུ༷ང་བའི་གཟོ༷ང་གིས་རྡོ་བ་ཕིགས། །ཆང་གིས་བཟི༷་ནས་གཟི༷་ཡི་རྒྱན་ཆ་བོར། །ཟ༷་མ་ཀུན་ལས་ཟྭ༷་ཚོད་ཤིན་ཏུ་དམན། །གཟི༷ག་ལྤགས་གསར་པ་སྤྱན་གཟི༷གས་རྟེན་དུ་ཕུལ། །གཟུ༷གས་ཕུང་འཚོ་ཕྱིར་ཤ་གཟུ༷ག་ཆས་ཀར་བསྒྲིགས། །ཟླ༷་བོའི་དྲུང་ནས་སློབ་སྦྱོང་བསྐྱར་ཞིང་བཟླ༷། །ཁང་པ་ཟླུ༷མ་པོར་གྱོད་ངན་ཁ་མཆུ་བཟླུ༷མས། །
འ༽ མ་འོ༷ངས་དུས་ན་འགྲོ་འོ༷ང་བྱེད་མི་ཁོམ། །ཉི་མའི་འོ༷ད་ཤར་ཚེ་ན་འོ༷ལ་བ་གྲག །འུ༷ག་པ་གྲག་དུས་འུ༷ད་ཀྱིས་འཇིག་རྟེན་གང༌། །འོ༷་མ་དུས་དང་དུས་སུ་འཐུངས་ན་འོ༷ས། །
ཡ༽ ས་ཁོད་ཡ༷ངས་སར་ལྕི་ཡ༷ང་སྲང་ལ་ཚད། །གཡི༷་ཡི་པགས་པ་གཡུ༷་རྡོ་གཅིག་གིས་ཉོས། །ལག་པ་གཡ༷ས་པས་ཁ་ཟས་ལེགས་པར་གཡོ༷ས། །ཡུ༷ར་བའི་ཆུ་དྲངས་སྙེ་མ་གཡུ༷ར་དུ་ཟ། །རྣམ་གཡེ༷ང་སྤངས་ཤིང་མ་ཡེ༷ངས་སེམས་ཀྱིས་སྒོམ། །ཡུ༷ད་ཙམ་ཞིག་ལ་ཡུ༷ལ་གྲུ་ཀུན་ཏུ་འཁྱམས། །ཡོ༷ས་ཚིག་ཟ་བཞིན་བདེན་པའི་ཡུ༷ས་དག་བཤད། །ཡི༷ད་ཀྱི་གཏིང་ནས་རྗེས་སུ་ཡི༷་རང་བྱས། །གཡེ༷ར་མ་ཟོས་པས་གཉིད་འཐུག་ཡེ༷ར་གྱིས་སངས། །ཡོ༷ད་མེད་བརྟགས་ཏེ་འགོར་བས་དུས་ལས་ཡོ༷ལ། །ཡ༷་རབས་སྤྱོད་པ་གཡ༷འ་བྲལ་གསེར་ལྟར་བཟང༌། །གཡ༷ག་རྒོད་བྲིས་པ་རི་མོ་ཀུན་ལས་ཡ༷གས། །
ར༽ རྡོ་ར༷གས་སྤུངས་ཏེ་ཆུ་བོའི་ར༷ག་ཏུ་བརྒྱབ། །ལག་པས་རེ༷ག་པའི་སྐྲ་གྲིས་སྐྲ་རྣམས་རེ༷གས། ། བྲམ་ཟེའི་རི༷གས་ལ་རི༷ག་བཟང་དུ་མ་སྐྱེ། །ར༷ང་གཞན་རིས་འབྱེད་བར་ཐག་ཤིན་ཏུ་རི༷ང༌། །དགའ་ཞིང་རང༷ས་ནས་རྒྱུག་ཅིང་རིང༷ས་པར་སླེབ། །ཆུ་བོའི་ར༷བ་ཁར་སྔོན་ར༷བས་གཏམ་དུ་གླེང། །ར༷མས་ཀྱིས་ཁ་བསྒྱུར་ར༷མ་བུའི་ཐང་ལ་བཀྲམ། །ར༷ས་དང་སྣམ་བུ་ཉིན་རེར་རེ༷ས་མོས་གྱོན། །འབྲོག་པའི་རུ༷་བ་རི༷་ཡི་ཤོད་དུ་གནས། །ཟན་གྱི་རི༷ལ་བུ་དབྱར་དུས་རུ༷ལ་ཉེན་ཆེ། །ར༷ལ་གྲི་འཛིན་པ་གཤེད་མའི་གཙོ་བོ་རེ༷ད། །མུན་རུ༷བ་དུས་སུ་མིག་ནི་རབ་རི༷བ་གྱུར། །
ལ༽ ལ༷ག་པའི་ཐལ་མོ་སྦྱར་ནས་ལ༷གས་སོ་ཞུས། །ལ༷ང་ཚོ་ཅན་དེ་ག་ཤེད་ལ༷ངས་ཏེ་སོང༌། །སྲོག་ཆགས་ལུ༷ག་གིས་མ་ཎི་ཤེས་ལུ༷གས་མེད། །མིག་མེད་ལོ༷ང་བས་གཟུགས་ལ་ལོ༷ངས་མི་སྤྱོད། །ལུ༷ས་ཁམས་བདེ་བར་ཀུན་གྱིས་ལོ༷ས་འདོད་མོད། །ཕྱིན་ཅི་ལོ༷ག་གི་སྤྱོད་པས་ལོ༷གས་སུ་འགྲོ །ལྭ༷་བ་ཕྲག་ཏུ་ཁུར་ནས་ལ༷་ལ་འགོས། །ལུ༷་མའི་ཆུ་ནང་ལུ༷ད་པ་འཕེན་མི་རུང༌། །ཁ་ཤ་ལེ༷བ་མོ་ཅན་གྱིས་གཏམ་མང་ལ༷བ། །ལི༷་ཡི་སྣོད་དུ་གློ་ལུ༷་མི་གཙང་དོར། །ལུ༷ང་འཕྲང་བརྒལ་བས་རྐང་པའི་ལོ༷ང་བུ་ན། །ལ༷ས་ཀྱི་དབང་གིས་ལུ༷ས་རྟེན་བཟང་པོ་རྙེད། །
ཤ༽ བཤ༷ང་གཅི་དོར་ཚེ་གཤ༷ང་གི་རོལ་མོ་དཀྲོལ། །སྟོབས་ཤུག༷ས་ཕུད་དེ་ཤུག༷་པའི་སྡོང་ཆེན་དྲངས། །ཁང་པའི་གཤ༷མ་དུ་བཟའ་བཏུང་སྟོན་མོ་བཤ༷མས། །ས་ཤུན་མེད་པའི་གཤོ༷ང་ལ་ཀུན་གྱིས་གཤུ༷ང༌། །མི་ཤི༷གས་གོང་བུ་ཤི༷ག་གིས་རྨུག་མི་ནུས། །དེ་བཞིན་གཤེ༷གས་པའི་སྤྱན་སྔར་སྡིག་པ་བཤ༷གས། །ཕྲེང་བ་བསྒྲིགས་ཤིང་བཤ༷ར་བ་རླན་གྱིས་གཤེ༷ར། །དོ་ཤ༷ལ་ལག་ཏུ་བཟུང་བཞིན་སྦྲུལ་ཤ༷ད་བྲིས། །ཤེ༷ད་མོང་ཅན་གྱིས་ཤེ༷ལ་སྒོ་གྱེན་དུ་འདེགས། །དགེ་བའི་བཤེ༷ས་ཀྱིས་ཤེས་བྱའི་གཤི༷ས་ལུགས་སྟོན། །ཤུ༷་བའི་ནད་ཀྱིས་ཤི༷་བའི་བེམ་པོ་དེ། །ཤོ༷ལ་ཟླ་གསུམ་པར་རི་ཡི་ཤོ༷ད་དུ་སྦས། །
ས༽ ཁ་གས༷ག་ཅན་གྱིས་ཉེས་པ་མང་དུ་བས༷གས། །རི་ཡི་སུ༷ལ་དུ་གྲོ་མ་སི༷ལ་བུར་བཏུས། །བསོ༷ད་ནམས་ལྡན་པ་སུས་ཀྱང་གསོ༷ད་མི་ནུས། །གསེ༷ང་ལམ་ནས་འཐོན་ནེའུ་གསི༷ང་ཞིག་ལ་སླེབ། །གསུང་གདངས་སྙན་པོས་མིང་བརྡའི་གནད་གསུ༷ངས་ཚེ། །བློ་གས༷ལ་སློབ་མ་མང་པོའི་བློ་མུན་བས༷ལ། །རིན་ཆེན་གསེ༷ར་གྱིས་རྒྱན་ཆ་གས༷ར་པ་སྒྲུབ། །ས༷ང་གི་དུས་སུ་གཉིད་ས༷ངས་སྔ་བར་ལྡང༌། །སྲི༷བ་ཏུ་བསྡད་ནས་འོ་མ་ལེགས་པར་བསྲུ༷བས། །སོར་མོ་གསུ༷མ་གྱིས་གོས་ཀྱི་ཐུ་བ་བསུ༷མས། །བསྲོ༷་ཁང་ནང་དུ་བྱིས་པ་ཟས་ཀྱིས་གསོ༷། །སློ༷བ་མའི་ལག་ཏུ་སློ༷་མའི་སྣོད་མཆོག་འཛིན། །
ཧ༽ གོས་ཀྱི་ཧྭ༷་གོར་ཧ༷་ཅང་ཆེས་གྱུར་ན། །དགུན་དཔྱིད་ལྷ༷གས་པ་ཆེ་དུས་ལྷ༷ག་པར་གྲང༌། །འཚུབ་ལྷོ༷ང་བྱུང་བས་རྟ་རྒན་གཡང་དུ་ལྷུ༷ང༌། །སྙན་ངག་ཚིག་ལྷུ༷ག་ཁ་ནས་ལྷུ༷གས་པར་བཤད། །
ཨ༽ མེ་ཏོག་ཨུ༷ག་ཆོས་ཨ༷མ་ཕྲག་ནང་དུ་སྡུད། །ཨ༷ང་ཀིའི་ས་རིས་ཨོ༷ལ་མདུད་ལམ་ནས་བཤད། །ཨ༷ང་རག་གྱོན་ཏེ་ཨོ༷་རྒྱན་ཡུལ་དུ་འཕུར། །ཨ༷་ལ་ལ་སྟེ་འདིར་བཤད་ཨེ༷་མ་རྨད། །
འདིར་སྨྲས་པ། གསུང་རབ་བརྡ་ལ་ཉེ་བར་མཁོ་བ་ཡི། །གདངས་མཐུན་ཡིག་གཟུགས་ཐ་སྙད་མང་ན་ཡང༌། །འདི་རུ་ཉུང་ཟད་གོ་སླར་སྦྱར་བའི་མཐུས། །འགྲོ་བ་འདི་ཀུན་འཇམ་དབྱངས་ལྟ་བུར་ཤོག།། །།ཅེས་བྱ་བ་ནི་ཚུལ་འདིར་མོས་པའི་དོན་གཉེར་ཅན་མང་པོའི་ངོར། སྙུག་ཐོགས་པ་དབྱངས་ལྡན་རིག་པའི་འདོད་འཇོ་ནས་ཤར་མར་བྲིས་པ་དགེ།
མཆན། འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་པའི་《བོད་གངས་ཅན་སྒྲ་རིག་པའི་བསྟན་བཅོས་ལེ་ཚན་འགའ་ཕྱོགས་བསྡུས་》ཞེས་པ་ལས་བདམས་བསྒྲིགས་ཞུས་པའོ།།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །གནས་ལྔ་རིག་པའི་པཎྜི་ཏ་ཚེ་ཏན་ཞབས་དྲུང་ནི། མདོ་སྨད་མཚོ་སྔོན་གྱི་རྨ་ཆུ་འགྲམ་དུ་གནས་པའི་ཞུན་ཧྭ་རྫོང་གི་རྒྱ་ནག་མཁར་མོ་ཆེ་ཡ་རྫི་ཞེས་པའི་ས་ཆར་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི། ཕྱི་ལོ་༡༩༡༠ ལོར་ཡབ་གཙང་ཙེའམ་བློ་བཟང་བཀྲ་ཤིས་དང་ཡུམ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་བལྟམས། དམ་པ་འདི་ཉིད་ཀྱི་རིགས་རུས་ཆོ་འབྲང་ཐད་རང་རྣམ་ལས། བདག་གི་མེས་པོ་གོང་མ་རྣམས་ནི་རིགས་གཞན་གྱི་རྩི་དང་མ་འདྲེས་པའི་རྒྱ་ནག་གི་རིགས་ཡིན་ཞིང༌། བདག་གི་ཕ་ནས་བཟུང་བོད་ཀྱི་རིགས་འདྲེས་མ་ཅན་དུ་གྱུར་པ་མ་ཟད། ང་རང་ནི་སྐད་ཡིག་གོམས་སྲོལ་གནས་ཡུལ་བཞིའི་སྒོ་ནས་རིགས་འབྱེད་པའི་དབང་དུ་བཏང་ན་བོད་ཀྱི་རིགས་སུ་གཏོགས་པ་ཡིན་ཞེས་གསུངས། དགུང་ལོ་གསུམ་ལ་ཕེབས་སྐབས་ཞྭ་དམར་པཎྜི་ཏས་མར་མེའི་བརྟག་པ་ལ་བརྟེན་ནས་ཚེ་ཏན་ཞབས་དྲུང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ཞུས་ཏེ། མཚན་ལ་བློ་བཟང་ཆོས་འཕེལ་དུ་གསོལ། དེའི་རྗེས་སུ་དགེ་བའི་བཤེས་གཉེན་དང་པོ་རྗེ་ངག་དབང་ཆོས་འཛིན་ལས་ཀློག་བསླབ། དགུང་ལོ་བདུན་དུ་ཕེབས་སྐབས་གསེར་རི་མ་ཎི་པཎྜི་ཏ་སྐུ་ཕྲེང་ལྔ་པ་དགེ་འདུན་བསྟན་འཛིན་རྒྱལ་མཚན་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་བཞི་ནས་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་དྲུང་དུ་ཐ་སྙད་རིག་གནས་དང༌། མདོ་སྔགས་ཀྱི་ཕྱག་དཔེ་མང་པོ་དབང་ལུང་བཤད་ཁྲིད་སོགས་བུམ་པ་གང་བྱོའི་ཚུལ་དུ་ཆ་ཚང་ལེགས་པར་གསན། དགུང་ལོ་ཉི་ཤུར་ཕེབས་སྐབས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཁན་སློབ་སྦྲགས་མ་དང༌། ཡོངས་འཛིན་བློ་བཟང་དཔལ་ལྡན་མཆོག་གིས་གསང་སྟོན་མཛད་དེ་དགེ་བའི་བཤེས་གཉེན་གྲངས་བཅུ་ཚོགས་པའི་དབུས་སུ་དགེ་སློང་གི་སྡོམ་པ་མནོས་ཏེ། མཚན་དུ་འཇིགས་མེད་རིགས་པའི་བློ་གྲོས་ཞེས་གསོལ་ལ། སྒྲ་རིག་པ་བསླབས་པའི་ཀུན་བཤད་ཀྱི་མཚན་ལ་དབྱངས་ལྡན་རིག་པའི་འདོད་འཇོ་རུ་གསོལ། དེ་རྗེས་ཏན་ཏིག་ཉེ་འཁོར་ཐུའུ་བ་དགོན་དུ་པར་རྐོ་གྲྭ་ཚང་གསར་འཛུགས་གནང་སྟེ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་རྣམས་པར་དུ་བསྐྲུན། དགུང་ལོ་ཞེ་གསུམ་པ་ནས་མཚོ་སྔོན་ཞིང་ཆེན་རྩོམ་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བཞེས་པ་དང༌། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་མཛད། དགུང་ལོ་ང་དྲུག་བཞེས་སྐབས་རིག་གནས་གསར་བརྗེའི་ལས་འགུལ་ཚུགས་ཏེ། མ་ཉེས་ཁག་གཡོག་གི་ཉེས་འགེལ་བྱས་ནས་ཟི་ལིང་ནན་ཐའན་བཙོན་ཁང་དུ་ལོ་བཅུ་གཉིས་ལྷག་ཙམ་བཞུགས་དགོས་བྱུང༌། དགུང་ལོ་རེ་དགུ་ལ་བཙོན་གྲོལ་ཐོབ་སྟེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་རེ་སྐུལ་ཞུས་པ་བཞིན་ཕེབས་ནས་ཞིབ་འཇུག་སློབ་མ་དང༌། ཤེས་ལྡན་མི་སྣ་གང་མང་གསོ་སྐྱོང་མཛད་དེ་སྐུ་ཚེ་ཧྲིལ་པོར་མི་རིགས་སློབ་གསོའི་བྱ་གཞག་ལ་ཐུགས་ནུས་ཡོད་རྒུ་བཏོན། མཐར་དགུང་ལོ་བདུན་ཅུ་དོན་དྲུག རབ་བྱུང་བཅུ་དྲུག་པའི་ཤིང་གླང༌། ཕྱི་ལོ་༡༩༨༥ ལོའི་ཟླ་༦ པའི་ཚེས་༣༠ ཉིན་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།
དམ་པ་ཁོང་གི་བཀའ་རྩོམ་ལ་རྣམ་ཐར་དང༌། ལོ་རྒྱུས། དམ་ཆོས་བསླབ་བྱ། སྐར་རྩིས། སྙན་ངག སུམ་རྟགས་དག་གསུམ། ལཉྫའི་མ་ཕྱི་སོགས་བསེ་ཚང་བློ་བཟང་དཔལ་ལྡན་དང༌། རེབ་གོང་སྐྱབས་མགོན་སྐུ་ཕྲེང་བརྒྱད་པས་བློ་བཏོན་ཏེ། ཚེ་ཏན་ཞབས་དྲུང་སྤྲུལ་སྐུ་བློ་བཟང་འཇམ་དཔལ་ནོར་བུ་སོགས་ཀྱིས་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་བཞེས་ཏེ་གསུང་འབུམ་པོད་བཅུ་གསུམ་དུ་བསྡུས་ནས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་འདུག་ལ། 《བོད་ཀྱི་བརྡ་དག་རིག་པའི་གནས་ལ་འཇུག་པའི་སྒོ་》ཞེས་པ་འདི་ནི་དམ་པ་གང་གིས་ལོ་རབས་ལྔ་བཅུའི་དུས་སུ་མཛདཔ་ཞིག་ཡིན་པ་བཅས་སོ། །