༄༅། །དག་ཡིག་གསལ་བའི་སྒྲོན་མེ།
༄༅། །ཨོཾ་སྭ་སྟི། བླ་མ་མཆོག་དང་འཇམ་དབྱངས་ལ། །མི་ཕྱེད་དད་པས་ཕྱག་བགྱིའོ། །གང་གི་བཀའ་དྲིན་བསམ་བཞིན་དྲན། །ཐུབ་པ་ལ་ཡང་ཕྱག་འཚལ་ལོ། །སྐྱེ་བོའི་བློ་དང་འཚམས་པ་ལ། །སྡེབ་སྦྱོར་ཉེར་མཁོ་བཤད་པར་བྱ། །
ཀ༽ ཀུན་མཁྱེན་ཤཱཀྱ་ཐུབ་པ་ལ། །ཤིང་ཏོག་ཀ་ར་ཀུ་ཤུ་དང༌། །གུར་ཀུམ་སོགས་ཀྱི་མཆོད་པ་འབུལ།། འབོད་པའི་ཀྱེ་མ་ཀྱི་ཧུད་དང༌། །རུས་ཀྲང་ཀུ་ཅོ་བྱེད་པ་ཡི། །མགོ་བོ་ཀྱོག་ཀྱོག་སྣོད་ཀྱོང་ཀྱོང༌། །ཀེར་རེ་ལངས་ནས་ཀྲོང་ངེར་འདུག །ལྕགས་ཀྱུ་ཁྱེར་ནས་ཀླད་པ་འདགས། །ནམ་མཁའི་ཀློག་སོགས་ཀ་རྐྱང་ཡིན། །ག་གློག་དག་ཀྱང་མཚུངས་པར་བཤད། །རྒྱལ་བའི་བཀའ་ནི་བ་བཀའ་ལ། །དཀའ་ལས་ཆེ་བ་ད་དཀའ་ཡིན། །ཁ་དོག་དཀར་བ་ད་དཀར་ལ། །གནམ་གྱི་སྐར་མ་ས་སྐར་ཡིན། །ཕན་ཚུན་དཀྲུགས་པ་ད་དཀྲུགས་ལ། །ཞོ་སོགས་དཀྲོགས་པ་ད་དཀྲོགས་ལ། །སྦུག་ཏུ་བཀར་ནས་བཀྱིགས་ཐག་གཏོང༌། །རྩ་བ་བཀོག་པ་བ་བཀོག་ཡིན། །བདེ་བར་བཀོད་དང་བཀོད་པ་སོགས། །ལམ་སོགས་བཀག་དང་ཤིང་སོགས་བཀུག །ལྟོགས་པའི་བཀྲེས་དང་ཁལ་སོགས་བཀལ། །གཞུ་དེ་བཀང་ནས་བཀའ་བཀྱོན་གནང༌། །བཀྲ་ཤིས་ལ་སོགས་བས་འཕུལ་ཡིན། །ལུས་ཀྱི་རྐང་ལག་ཁ་ཡི་རྐན། །རྐུབ་དང་རྩམ་པའི་རྐྱལ་པ་དང༌། །ཆང་གི་རྐྱན་དང་རི་དྭགས་རྐྱང༌། །ས་སོགས་རྐོ་དང་བརྐོས་པ་དང༌། །གན་རྐྱལ་བྱེད་དང་ཡུར་བའི་རྐ། །ར་ལ་ཀ་བཏགས་ཤེས་པར་བྱ། །ཆུ་ཀ་ཀ་རྐྱང་དག་ཀྱང་རུང༌། །ཆུ་ལ་རྐྱལ་བྱེད་རྒྱུ་རྐྱེན་དང༌། །རྐུ་མ་རྐུ་བ་ར་རྐུ་ཡིན། །རྒྱལ་བའི་སྐུ་ནི་ས་སྐུ་ཡིན། །ཚེར་མ་སྐྱེར་པ་འཛེག་པའི་སྐས། །ལུས་ཀྱི་སྐེ་དང་དངངས་པའི་སྐྲག །སྐྱ་ཁ་ཁྲ་བོ་སྐད་ཀྱང་འདོན། །མགོ་བོའི་སྐྲ་དང་སྐད་ཅིག་དང༌། །ཤིང་ནི་སྐམ་པོ་ཁ་ཡང་སྐོམ། །རྟ་ཡི་སྲབ་སྐྱོགས་ལུས་སེམས་སྐྱིད། །མི་གཙང་སྐྱག་པ་སྐྱུང་ཀ་དང༌། །སེམས་པ་སྐྱོ་དང་སྐོར་བ་བྱེད། །ནོར་གྱི་སྐལ་བ་སྐལ་ལྡན་དང༌། །ཆང་གི་སྐྱུགས་པ་ཁ་སྐྱེངས་དང༌། །སྐྱིལ་ཀྲུང་བྱས་དང་སྐྱ་རེངས་དང༌། །ཆུ་སོགས་སྐོལ་བ་ས་སྐོལ་ཡིན། །ལག་པ་བསྐུམས་དང་ནོར་སོགས་བསྐྱིས། །སྐྱིན་པ་བསྐྱལ་དང་རྟ་ལ་བསྐྱོན། །སེམས་བསྐྱེད་པ་དང་ཐུགས་དམ་བསྐངས། །དུས་ཀྱི་བསྐལ་པ་དབང་བསྐུར་དང༌། །བཀའ་དྲིན་བསྐྱངས་དང་རྒྱལ་སར་བསྐོས། །རྒྱང་བསྐྱུར་བ་དང་རྒྱ་བསྐྱེད་སོགས། །བས་འཕུལ་ས་ལ་ཀ་བཏགས་ཡིན། །ལྐོག་ཟས་བྱེད་དང་ལྐུགས་པ་སོགས། །ལ་ལ་ཀ་བཏགས་ཤེས་པར་བྱ། །ཀ་ཡི་ལེའུ་རེ་ཞིག་གོ །
ཁ༽ རྒྱལ་པོའི་ཁྲིམས་དང་ཚུལ་ཁྲིམས་དང༌། །འདབ་ཆགས་ཁྲ་དང་ཁྲུང་ཁྲུང་ཁྱུ། །ངོ་ཚའི་ཁྲེལ་དང་སྣ་ཁྲིད་དང༌། །ཁམས་གསུམ་དང་ནི་དུར་ཁྲོད་དང༌། །སྐར་མ་ཁྲུམས་སྟོད་ཁྲུམས་སྨད་སོགས། ། ཁ་རྐྱང་ཡིན་པས་ཤེས་པར་བྱ། །ལག་པ་མཁྲང་དང་སྲ་སོགས་མཁྲེགས། །མཁྱེན་རྒྱ་ཆེ་དང་མཁན་པོ་དང༌། །མཁས་པ་དང་ནི་ཉེར་མཁོ་དང༌། །ལུས་ཀྱི་མཁལ་མ་མཁྲིས་པ་དང༌། །ནམ་མཁའ་ཆུ་མཁྲིས་རྒོད་མའི་མེ། །དཔེ་མཁྱུད་ལ་སོགས་མས་འཕུལ་ཁའོ། །རྒས་འཁོགས་འཁྱགས་ནས་ཡུལ་གཞན་འཁྱམས། །རྟེན་པའི་འཁར་བ་ལུས་ལ་འཁྱུད། །འཐབ་མོའི་འཁྲུག་དང་སེམས་པ་འཁྲུགས། །དྲི་མ་འཁྲུ་དང་སྐུ་སྐྱེ་འཁྲུངས། །འཁོར་བ་དང་ནི་མཐའ་འཁོབ་དང༌། །ལོགས་ལ་འཁར་དང་རྒྱབ་ལ་འཁུར། །རུས་ཀྱི་འཁོན་སོགས་འས་འཕུལ་ཁའོ། །ཁ་ཡི་ལེའུ་རེ་ཞིག་གོ །
ག༽ རལ་གྲི་དང་ནི་གྲུབ་ཐོབ་དང༌། །གྲང་ནད་དང་ནི་གྲུམ་བུ་ཡིས། །འདས་པའི་གྲོངས་དང་ཆོས་གྲྭ་དང༌། །ཚོགས་པའི་གྲལ་དུ་གྲབས་ཡུལ་བྱེད། །འབྲུ་ཡི་གྲོ་དང་སྦང་གླུམ་དང༌། །ནང་ཆའི་གྲོད་པ་ཡུལ་གྱི་གྲོང༌། །རི་དྭགས་གླ་བའི་གླ་རྩི་དང༌། །ཁ་དོག་གྲ་བོ་སྤྱང་པོའི་གྲུང༌། །ཆུ་ཡི་གྲམ་པ་འཛམ་གླིང་དང༌།། དགའ་བའི་གླུ་དང་དུད་འགྲོའི་གླང༌། །སྲོག་ཆགས་གྲོག་མ་གྲངས་མེད་དང༌། །དངོས་གྲུབ་གྲུ་ཆར་ག་རྐྱང་ཡིན། །དགེ་སློང་དགེ་འདུན་དགྱེས་པ་དང༌། །དགུང་སྔོན་དགུ་ཚིགས་ཉིན་དགུང་དང༌། །ཐུགས་ཀྱི་དགོངས་པ་གྲངས་ཀྱི་དགུ། །རི་དྭགས་དགོ་བ་དགོན་པར་སྡོད། །སྐྱེ་དགུའི་དགུང་ལོ་ཙམ་ཞེས་སོགས། ། ད་ཡི་སྔོན་འཇུག་ཤེས་པར་བྱ། །ལོག་འདྲེན་བགེགས་ཀྱིས་བགྲོད་ལམ་བགགས། །དུས་འགྱངས་བཀའ་རང་བགོ་བ་བགོས། །བགྲེས་པོའི་མི་དང་གྲངས་སུ་བགྲངས། །ནོར་སོགས་བགོས་དང་གད་མོ་བགད། ། བ་ཡི་སྔོན་འཇུག་ཤེས་པར་བྱ། །མགོ་བོ་མགུལ་པ་མགྲིན་པ་དང༌། །ཡེ་ཤེས་མགོན་པོ་དགའ་བའི་མགུ།། མགར་བ་རྐང་མགྱོགས་མས་འཕུལ་གའོ། །ལམ་དུ་འགྲོ་དང་འགྲིམ་པའི་འགྲུལ། །གྲོད་པ་འགྲངས་དང་གཞན་ལ་འགྲན། །རྟེན་འབྲེལ་འགྲིགས་དང་འགྱངས་དང་འགོར། །ཁ་ཡི་འགྲམ་པ་འགུལ་བ་དང༌།། ནོར་སོགས་འགྱེད་དང་རྒྱལ་འགོང་དང༌། །བརྩོན་འགྲུས་ཞན་པས་འགྱོད་པ་དང༌། །ཡི་གེར་འགོད་དང་འགོ་ནད་འགོས། །དགོས་པའི་འགྲོན་པོ་གང་ཡང་རུང༌། །མ་ཡི་སྔོན་འཇུག་བྱས་ཀྱང་འཐད། །འ་ཡི་སྔོན་འཇུག་ཤེས་པར་བྱ། །རྒྱལ་བ་རྒྱ་མཚོ་བྱ་རྒོད་དང༌། །ལང་ཚོ་རྒས་ནས་ང་རྒྱལ་བཟོད། །རྩེད་མོའི་རྒྱན་ལ་རྒུན་འབྲུམ་སྤྲོད། །མི་ནི་གྲུང་པོའི་རྒོད་པོ་དང༌། །རྟ་ཡི་རྒྱུགས་དང་རྒྱགས་ཕྱེ་ཡིས། །སྣོད་སོགས་རྒྱོངས་དང་རྒྱས་པ་དང༌། །རྒྱུད་ཀྱི་རྒྱལ་པོ་རྒྱལ་མཚན་འཛིན། །རྩ་རྒྱུས་རྒྱུ་མ་ར་བཏགས་གའོ། ། ནང་ཁྲོལ་ལྒང་པ་ལ་ལྒང་ཡིན། །སྒོམ་ཆེན་བློ་སྒོམ་སྒྱིད་པ་སྐྱུར། །ཐབ་ཀྱི་སྒྱིད་བུ་སྒྱུ་རྩལ་དང༌། །སྣོད་ཀྱི་སྒམ་སྒྲོམ་སྒྲོ་བ་དང༌། །སྒོ་དང་སྒེ་འུ་སྒོག་པ་རྡུང༌། །ལུས་ཀྱི་སྒལ་པ་རྟ་སྒ་དང༌། །ཁང་པའི་སྒོ་ནི་སྒྱོགས་རྡོས་གཅོག །ད་སྒོས་སྒོས་སུ་སྒྲོལ་མ་སྒྲུབ། །ལག་པ་སྒྲེང་ཞིང་བུ་རམ་སྒོར། །བཞུགས་སྒར་ལ་སོགས་ས་བཏགས་གའོ། །གྲངས་ཀྱི་བརྒྱ་དང་བརྒྱད་ཅུ་དང༌། །ཕྲེང་བ་བརྒྱ་ཕྲག་བརྒྱུས་པས་བརྒྱན། །ཆུ་བརྒལ་འོ་བརྒྱལ་དྲན་མེད་བརྒྱལ། །མི་ཡི་བརྒྱུད་པ་ལེ་བརྒན་དང༌། །བས་འཕུལ་ར་ལ་ག་བཏགས་ཡིན། །ཆོས་བསྒྱུར་མདོག་བསྒྱུར་ཕྱོགས་གཅིག་བསྒྲིགས། །བསྒྱེལ་ཞིང་སྒྲ་ནི་བསྒྲགས་པ་དང༌། །ལམ་དུ་བསྒུགས་ནས་མནའ་ཡང་བསྒགས། །ཕ་རོལ་ཆུ་བསྒྲལ་ཆོས་སྒྲ་བསྒྲགས། །བསྒྲུབ་བྱ་ཏིང་འཛིན་རབ་ཏུ་བསྒོམས།། བྱ་བའི་བསྒང་དང་སེང་གེའི་བསྒྱིངས། །བས་འཕུལ་ས་ལ་ག་བཏགས་ཡིན། །ག་ཡི་ལེའུ་རེ་ཞིག་གོ །
ང༽ སྙན་དངགས་གསེར་དངུལ་དངོས་གྲུབ་སྩོལ། །དངངས་སྐྲག་དངོས་གཞི་ཡོད་དམ་ཅི། །ཞེས་པ་དས་འཕུལ་ཅུང་ཞིག་གོ །སྟོད་ཀྱི་མངའ་རིས་མངའ་ཞབས་མངའ། །ཕོ་ཉ་མངགས་དང་ལུས་ཀྱི་མངལ།། མངོན་སུམ་མངའ་བརྙེས་ཞིམ་པའི་མངར། །མངར་བ་ད་དངར་བྱས་ཀྱང་འཐད། །ཐུགས་ལ་མངའ་སོགས་མས་འཕུལ་ཡིན། །བརྡུང་བའི་རྔ་དང་རྔ་མོང་དང༌། །འབྲུ་ཡི་རྔོད་མཁན་ལུས་ཀྱི་རྔུལ། །མཇུག་མའི་རྔ་མ་རུས་ཀྱི་རྔོག །རྔན་ཆེན་གྱི་ནི་རྩྭ་རྔ་དང༌། །རི་དྭགས་རྔོན་པ་རར་བཏགས་ངའོ། །སྔོན་ཚེ་ཞལ་སྔ་སྤྱན་སྔ་དང༌། །གསང་སྔགས་སྔགས་པ་མདོག་སྔོན་དང༌། །སྔ་དྲོ་སྔས་ལ་སྔུར་པ་ཆེ། །ནང་པར་སྔ་དང་མཚང་ནས་སྔོག །དེ་རྣམས་ས་ལ་ང་བཏགས་ཡིན། །བརྔན་པའི་བརྔན་དང་བཙས་མ་བརྔས། །བས་འཕུལ་ར་ལ་ང་བཏགས་ཡིན། །སྡུག་བསྔལ་དགེ་བ་བྱང་ཆུབ་བསྔོ། །བས་འཕུལ་ས་ལ་ང་བཏགས་ཡིན།། ང་ཡི་ལེའུ་རེ་ཞིག་གོ །
ཅ༽ ཅེ་སྤྱང་བྱིའུ་ཅོ་ཀ་དང༌། །གསོལ་ཅོག་ཅེས་པ་ཅ་རྐྱང་ངོ༌། །མི་ཡི་ནད་གཅོང་གྲི་ཡིས་གཅོད།། དྲི་ཆུའི་གཅིན་དང་གཅི་བ་དང༌། །ཡིད་ལ་གཅགས་དང་གྲངས་ཀྱི་གཅིག །ནམ་མཁའི་སྒྲ་གཅན་གཅན་གཟན་དང༌། །རྡོ་སོགས་གཅོག་དང་གཅལ་དུ་བཀྲམ། །ཕྲུ་གུར་གཅེས་རྣམས་གས་འཕུལ་ཡིན། །བཅོམ་ལྡན་དགྲ་བཅོམ་ཞབས་ཀྱིས་བཅགས། །ཤིང་བཅད་པ་དང་དམ་བཅའ་དང༌། །བསྟན་བཅོས་ལོགས་སུ་བཅར་བ་དང༌། །བཟའ་བའི་བཅུད་ནི་ལག་ཏུ་བཅངས། །རྡོ་བཅག་པ་དང་དམ་པོས་བཅིངས། །ནོར་སོགས་བཅོལ་དང་ནང་དུ་བཅུག །བཅུ་དང་བཞི་བཅུ་ལྔ་བཅུ་དང༌། །དགུ་བཅུ་བཅོ་ལྔ་བཅོ་བརྒྱད་དང༌། །ལག་པས་བཅོས་རྣམས་བས་འཕུལ་ཅའོ། །བསྐུལ་བའི་ལྕག་ཚན་ཤིང་ལྕང་མ། ། བློ་ཡིས་ལས་ཀ་ལྕོགས་མི་ལྕོགས། །རྫོང་གི་ལྕགས་རི་ཟུར་ལྕོག་དང༌། །ཁ་ཡི་ལྕེ་དང་རིན་ཆེན་ལྕགས།། མཆེད་ལྕམ་སྐྲ་ཡི་ལྕང་ལོ་དང༌། །དུད་འགྲོའི་ལྕི་བ་ལ་བཏགས་ཅའོ། །ཅ་ཡི་ལེའུ་རེ་ཞིག་གོ །
ཆ༽ ཆོ་རིགས་རྟ་ཡི་ཆིབ་པ་ཆིབས། །ཁ་ཆེམས་ཤོད་ལ་ཆོམ་རྐུན་གྱི། །ཆམ་པའི་ནད་དང་བག་ཆགས་སོགས། །ཆ་རྐྱང་ཡིན་ནོ་ཤེས་ལྡན་རྣམས། །དཀོན་མཆོག་ལ་ནི་མཆོད་པ་བྱེད། །སྐྱབས་སུ་མཆི་དང་རྒྱན་གྱིས་མཆོར། །ལུས་ཀྱི་མཆིན་པ་མཆེར་པ་དང༌། །རྩལ་གྱི་མཆོངས་དང་ཡི་གེའི་མཆན། །སྐུ་མཆེད་རྒྱ་འདྲེའི་ཁ་མཆུ་དང༌། །མིག་གི་མཆི་མ་ཁ་ཡི་མཆུ། །རུས་ཀྱི་མཆིམས་སོགས་མས་འཕུལ་ཆའོ། །རྒྱལ་པོའི་ཁྲིམས་འཆའ་གར་འཆམས་དང༌། །ཉི་མ་འཆར་ཁར་ཆུ་ཡང་འཆོར། ། ཞགས་པས་འཆིང་དང་ཁ་ནི་འཆུས། །བུད་མེད་འཆལ་མོ་འཆོལ་མར་འགྲོ །མི་རྟག་འཆི་བ་འས་འཕུལ་ཡིན། །ཆ་ཡི་ལེའུ་རེ་ཞིག་གོ །
ཇ༽ བརྡུང་འཕྲོག་བྱེད་པའི་ཇག་པ་དང༌། །འཐུང་བའི་ཇ་ནི་ཇ་རྐྱང་ཡིན། །ཇོ་བོ་སོགས་ཀྱང་ཇ་རྐྱང་ངོ༌། །བླ་དཔོན་མཇལ་དང་མགོ་བོའི་མཇིང༌། །མཇུག་མ་མཇེ་རྣམས་མས་འཕུལ་ལོ། །འཇམ་དབྱངས་མཉམ་པར་འཇོག་པ་དང༌། །བྲེ་ལ་འཇལ་དང་ལུས་ལ་འཇམ། །འཇིག་རྟེན་ལ་སོགས་འས་འཕུལ་ཇའོ། །རྗེ་བཙུན་དང་ནི་རྡོ་རྗེ་དང༌། །སྙིང་རྗེ་གོས་མེད་ཤ་རྗེན་སོགས། །ར་ལ་ཇ་བཏགས་ཤེས་པར་བྱ། །བརྗེད་བྱེད་གདོན་ཡིན་བརྗེད་པ་དང༌། །ནོར་སོགས་བརྗེ་དང་བརྗེས་པ་དང༌། །བརྗོད་བྱ་ལེགས་པ་བརྗོད་པ་སོགས། །བས་འཕུལ་ར་ལ་ཇ་བཏགས་ཡིན། །རོ་འཛིན་ལྗགས་དང་ཡུལ་ལྗོངས་དང༌། །ཁ་དོག་ལྗང་སོགས་ལ་བཏགས་ཇའོ། །ཇ་ཡི་ལེའུ་རེ་ཞིག་གོ །
ཉ༽ མང་ཉུང་གིས་ནི་ཉུང་བ་དང༌། །ཚོང་གི་ཉོ་སོགས་ཉ་རྐྱང་ཡིན། །གཉེར་པ་གཉའ་ཤིང་ཁྲོ་གཉེར་དང༌། །གཉན་གྱི་ནད་དང་རི་དྭགས་གཉན། །ཉེ་དུའི་གཉེན་སོགས་གས་འཕུལ་ལོ། །གྲུ་ཡི་མཉན་དང་ཐུགས་མཉེས་དང༌། །ཆེ་ཆུང་མཉམ་དང་ཀོ་བ་མཉེད། །མཉམ་པར་བཞག་རྣམས་མས་འཕུལ་ལོ། །ཆུ་ཡི་རྙོག་མ་གསར་རྙིང་དང༌། །བཙལ་བའི་རྙེད་དང་ལག་རྙབས་རྙོང༌། །མི་གཙང་རྙང་མ་རི་དྭགས་རྙི། །སོ་རྙིལ་ལ་སོགས་ར་བཏགས་ཉའོ། །སྔོ་ཡི་གོ་སྙོད་ལུས་ཀྱི་སྙིད། །མལ་དུ་སྙལ་དང་སྙེ་ཕུང་སྙིལ། །གཞན་ལ་སྙད་འདོགས་རྣ་བར་སྙན། །བསོད་སྙོམས་དུས་ཀྱི་སྙིགས་མ་དང༌། །སྔས་ལ་སྙེ་སོགས་ས་བཏགས་ཉའོ། ། གཟུགས་བརྙན་གཞན་ལ་བརྙས་པ་དང༌། །མངའ་བརྙེས་ཁ་བརྙོགས་ཡོང་བའི་ལན། །བས་འཕུལ་ར་ལ་ཉ་བཏགས་ཡིན། །དགེ་བསྙེན་ལག་པས་བསྙབས་པ་དང༌། །དོན་ལ་བསྙོན་ནི་ཡོད་མེད་དང༌། །ཇག་པའི་རྗེས་བསྙེགས་བསྙེན་སྒྲུབ་སོགས། །བས་འཕུལ་ས་ལ་ཉ་བཏགས་ཡིན། །ཉ་ཡི་ལེའུ་རེ་ཞིག་གོ །
ཏ༽ མུ་ཏིག་མེ་ཏོག་ཏིང་འཛིན་དང༌། །ཏིང་དང་ཏིང་ཤགས་ཏ་རྐྱང་ངོ༌། །ནམ་ཞིག་གཏན་གྱི་གཏན་ཚིགས་ནི། །ལག་ཏུ་གཏད་དང་གཏོད་པ་དང༌། །ཆུ་ཡི་གཏིང་དང་གཏོར་མ་གཏོང༌། །ཁྲག་གཏར་གཏན་ལ་འབེབས་པ་དང༌། །མགོ་བོ་གཏུམ་དང་ཁོངས་སུ་གཏོགས། །ལབ་པའི་གཏམ་དང་གཏི་མུག་དང༌། ། ནོར་གྱི་གཏའ་མ་ཞབས་ལ་གཏུགས། །གཏེར་མཛོད་ལ་སོགས་གས་འཕུལ་ཏའོ། །གདན་སོགས་བཏིང་དང་ས་བོན་བཏབ། །ཞབས་ནས་བཏེགས་དང་གསོལ་བ་བཏབ། །ཕྱེ་མར་བཏགས་དང་བཟའ་བཏུང་དང༌། །མིང་བཏགས་ལ་སོགས་བས་འཕུལ་ཡིན། །མི་རྟག་པ་དང་གཞོན་པའི་རྟ། །རྗེས་ཀྱི་རྟིང་དང་རྟིའུ་དང༌། །དུད་འགྲོའི་རྟོལ་གོག་རྟོད་པས་བཏགས། །མཆོད་རྟེན་དང་ནི་རྟེན་འབྲེལ་དང༌། །མི་གཙང་རྟུག་སོགས་ར་རྟུག་ཡིན། །ལུས་ཀྱི་ལྟེ་བ་ལྟག་པ་དང༌། །བུར་ལྟང་དང་ནི་མདའ་ཡི་ལྟོང༌། །གྲོད་པའི་ལྟོ་བ་འགྲང་ལྟོགས་རྣམས། །ལ་ལ་ཏ་བཏགས་ཤེས་པར་བྱ། །མིག་ལ་སྟོན་དང་མོ་མཚན་སྟུ། །ལུས་ཀྱི་སྟོད་དང་སྟོན་དཔྱིད་དང༌། །ཤིང་གི་སྟག་པ་གཅན་གཟན་སྟག །བརླག་པའི་སྟོར་དང་གཞན་ལ་སྟེར། །སྟེགས་བུ་ལ་སོགས་ས་བཏགས་ཏའོ། །འཕགས་པའི་གནས་བརྟན་མི་འགྱུར་བརྟན། །བརྟག་དཔྱད་ཞིབ་ཏུ་བརྟགས་པ་སོགས། །བས་འཕུལ་ར་མགོ་ལྡན་པའི་ཏའོ། །བལྟ་བར་བྱ་དང་བལྟས་པ་ནི། །བས་འཕུལ་ལ་མགོ་ལྡན་པའི་ཏའོ། །སངས་རྒྱས་བསྟན་དང་བྱ་བ་བསྟུན། །མངོན་པར་བསྟོད་དང་བསྟོད་པ་དང༌། །ལམ་ཐག་བསྟུང་དང་གཡོག་སོགས་བསྟེན། །བས་འཕུལ་ས་མགོ་ལྡན་པའི་ཏ། །ཏ་ཡི་ལེའུ་རེ་ཞིག་གོ །
ཐ༽ ཐ་གྲུ་སྲས་ཀྱི་ཐུ་བོ་དང༌། །ཐོར་ཅོག་ཐ་མ་ཐ་རྐྱང་ཡིན། །ལག་པའི་མཐིལ་དང་མཐེ་བོང་དང༌།། ཚོན་གྱི་མཐིང་དང་རི་མགོ་མཐོ། །དོན་མཐུན་པ་དང་མིག་གིས་མཐོང༌། །མས་འཕུལ་ཐ་ཡིན་ཤེས་པར་བྱ། །ཆང་འཐུང་བྱེད་དང་འཐབ་མོ་རྒྱག །ཕྱེ་མར་འཐག་སོགས་འས་འཕུལ་ཡིན། །ཐ་ཡི་ལེའུ་རེ་ཞིག་གོ །
ད༽ སྔ་དྲོ་ཕྱི་དྲོ་གྲངས་ཀྱི་དྲུག །ཟས་ཀྱི་དྲོ་བ་(བྲོ)ཉི་མ་དྲོ། །ཁ་ཡི་དྲེག་དང་སེམས་ཅན་དྲེད། ། དྲིལ་བུ་ལ་སོགས་ད་རྐྱང་ཡིན། །བྱད་ཀྱི་གདོང་དང་གདུང་རྒྱུད་དང༌། །ཁང་པའི་གདུང་མ་དབུ་ལ་གདུགས། །གས་འཕུལ་ད་ཡིན་ཤེས་པར་བྱ། །གྲངས་ཀྱི་བདུན་དང་ཉོན་མོངས་བདུད། །ཕྱུགས་སོགས་བདས་དང་བདེ་གཤེགས་དང༌། །ལུས་སེམས་བདེ་སོགས་བ་བདེ་ཡིན། །འཕེན་པའི་མདའ་དང་སྲུབས་པའི་མདུང་(མདོང)། །ཁ་དོག་མདོག་དང་མདོར་བསྡུས་མདོ། །མདུད་པ་ལ་སོགས་མས་འཕུལ་ཡིན། །མྱ་ངན་འདས་དང་ཞབས་ལ་འདུད། །ངག་ནས་འདོན་དང་གཏམ་ནི་འདྲི། །ཡི་གེ་འདྲི་དང་ལུས་པོ་འདར། །དྲི་མ་འདག་སོགས་འས་འཕུལ་ལོ། །ཐབས་རྡུགས་པ་དང་རྡོ་རྡེའུ། །ལག་རྡུམ་ལ་སོགས་རར་བཏགས་དའོ། །སྒོ་ལྕགས་ལྡེ་མིག་ལྟོ་བ་ལྡིར། །ལྡུམ་ར་ལ་སོགས་ལ་བཏགས་ཡིན། །སྡིག་པ་བྱས་པས་སྡུག་བསྔལ་བྱུང༌། །ཤིང་སྡོང་སྡེར་མའི་ཐུག་སྡོར་དང༌། །སྲོག་ཆགས་སྡོམ་དང་སྡིག་པ་དང༌། ། སྲོག་ལ་སྡོ་དང་གནས་སུ་སྡོད། །ནོར་སོགས་སྡུད་དང་སྡེ་ཚན་སྡེབས། །དཔོན་པོའི་སྡེ་པ་སར་བཏགས་དའོ། །གྲི་བརྡར་རྔ་བརྡུང་གོ་བྱེད་བརྡ། །ཆལ་མར་བརྡལ་ནས་བརྡུང་ཞིང་བརྡེགས། །བས་འཕུལ་ར་མགོ་ལྡན་པའོ། །བསྡུ་བྱ་བསྡུས་དང་གྲོས་བསྡུར་བ། །གདན་ལ་བསྡད་དང་ཕྱོགས་གཅིག་བསྡོམས། །གྲོགས་དང་བསྡོངས་ནས་འགྲོ་བ་སོགས། །བས་འཕུལ་ས་ལ་ད་བཏགས་ཡིན། །ད་ཡི་ལེའུ་རེ་ཞིག་གོ །
ན༽ གནོད་པ་བྱེད་དང་རྐང་པས་གནོན། །རུས་ཀྱི་གནུབས་སོགས་གས་འཕུལ་ནའོ། །བག་མའི་མནའ་མ་འོག་ཏུ་མནན། །དག་དཀྲུས་མནའ་ཡང་མས་འཕུལ་ཡིན། །རྩེ་མོ་རྣོ་དང་སྐྲངས་པའི་རྣག།། རྣལ་འབྱོར་པའང་ར་རྣལ་ཡིན། །སྣག་ཚ་སྣུར་དང་སྣམ་བུ་དང༌། །བྱད་ཀྱི་སྣ་དང་སྣབས་ལུད་དང༌། ། སེར་སྣ་དང་ནི་ཕྱོགས་སུ་སྣོམས། །ས་ལ་ན་བཏགས་ཡིན་པར་ཤེས། །སྔར་གྱི་སྲོལ་བསྣུབས་ཕྱག་ཏུ་བསྣམས། །མང་དུ་བསྣན་དང་མཇུག་མ་བསྣར། །བས་འཕུལ་ས་ལ་ན་བཏགས་ཡིན། །
པ༽ ལུས་ཀྱི་པང་པ་པུས་མོ་བཙུགས། །པར་མའི་པུ་ཏི་པ་རྐྱང་ཡིན། །རྐང་པའི་དཔྱི་དང་མགོའི་དཔྲལ་བ། །མི་དཔང་བྱེད་དང་ཡི་གེ་དཔོད། །ལག་པའི་དཔུང་པ་དཔའ་བོ་སོགས། །དས་འཕུལ་ཡིན་ནོ་ཤེས་པར་བྱ། །ཕ་སྤད་དང་ནི་སྤུན་ཟླ་དང༌། །སེམས་པ་སྤྲོ་དང་འཕྲིན་ཡིག་སྤྲིངས། །སྤྱང་ཀི་དང་ནི་སྤྲ་སྤྲེའུ། །གྲུང་པོའི་སྤྱང་དང་འབྱར་བྱེད་སྤྱིན། །ས་ལ་པ་བཏགས་ཤེས་པར་བྱ། །སྟག་ལྤགས་ལ་སོགས་ལ་ལྤགས་ཡིན། །
ཕ༽ དབུལ་བའི་ཕོངས་དང་ཕྱིང་པ་དང༌། །རྐུབ་ཀྱི་ཕྱེན་དང་ཞབས་ཕྱི་དང༌། །ཕྲུ་གུ་ལ་སོགས་ཕ་རྐྱང་ཡིན། །མདའ་སོགས་འཕེན་དང་འཕངས་པ་དང༌། །ལག་ནས་འཕྲོག་དང་སེམས་པ་འཕམ། །དར་སོགས་འཕྱར་དང་འཕྲལ་དུ་ཤོག །སྐྲ་སོགས་འཕྱིངས་པ་འས་འཕུལ་ལོ། །
བ༽ འཕུར་བའི་བྱ་ནི་བྱིའུ་དང༌། །ལུས་ཀྱི་བྲང་ལ་བྱིལ་བྱིལ་བྱེད། །འབྲུ་ཡི་བྲའོ་རྒྱལ་བློན་དང༌། ། སྨན་བླ་བྱུ་རུ་བ་རྐྱང་ཡིན། །དབུས་དང་ཞིབ་མོར་དབུར་བ་དང༌། །དབུལ་པོ་དང་ནི་བསྐངས་གསོའི་དབྱངས། །མགོ་བོའི་དབུ་སོགས་དས་འཕུལ་ཡིན། །ནད་ཀྱི་འབྲུམ་པ་འབྲིང་པོའི་འབྲིང༌། །ཕྱུགས་ཀྱི་འབྲི་དང་འབྲོང་དང་ནི། །སྒོ་སོགས་འབྱེད་དང་རྗེས་སུ་འབྲང༌། །སྦྱར་བའི་འབྱར་སོགས་འས་འཕུལ་ཡིན། །རྡོ་ཡི་རྦབ་དང་ཁ་རྦད་ཆེ། །ཆུ་ཡི་རྦ་ཀློང་ར་རྦ་ཡིན། །ཆུ་ཡི་ལྦུ་བ་མགྲིན་པའི་ལྦ། །ལ་ལྦ་ཡིན་ནོ་ཤེས་པར་བྱ། །རྟ་ཡི་སྦང་དང་སྲོག་ཆགས་སྦྲེ། །ཆང་གི་སྦང་མ་ལག་པ་སྦྲེལ། །སྦྲུལ་དང་སྦལ་པ་སྦེ་ག་སྦྱོར། །སྦྲང་རྩི་དང་ནི་གཙང་སྦྲ་སོགས། །ས་ལ་བ་བཏགས་ཤེས་པར་བྱ། །
མ༽ ཉམས་སུ་མྱོང་དང་ཆང་གིས་མྱོས། །མྱང་འདས་ལ་སོགས་མ་རྐྱང་ཡིན། །དམག་དང་མི་དམངས་རིགས་དམན་པ། །ཁ་དོག་དམར་དང་གཞན་ལ་དམོད། །དམྱལ་བ་ལ་སོགས་དས་འཕུལ་ཡིན། །རྨི་ལམ་རྨིས་དང་རྨོངས་སྤུ་དང༌། །རྨུགས་པའི་རྨ་དང་རྨད་དུ་བྱུང༌། །དུད་འགྲོའི་རྨིག་པ་སྒ་ཡི་རྨེད། །གོ་ཆའི་རྨོག་དང་རྨ་བྱ་དང༌། །རྩ་བའི་རྨང་དང་རྨོན་པ་རྨོས། །ར་ལ་མ་བཏགས་ཤེས་པར་བྱ། །བུ་སྨད་དང་ནི་སྨྱོན་པ་སྨྱོ། །སྟོད་སྨད་སྨད་དང་ཁ་དོག་སྨུག །ཤིང་གི་སྨྱུག་མ་གཏམ་སྨྲས་པ། །སྨྱུང་གནས་དང་ནི་ངུར་སྨྲིག་དང༌། །སྨ་ར་དང་ནི་སྨིན་མ་དང༌། །རྩིས་ཀྱི་སྨེ་བ་ས་བཏགས་མའོ། །
ཙ༽ སྤྱི་གཙུག་གི་ནི་གཙུག་ཏོར་དང༌། །མཆེ་བ་གཙིགས་དང་གཙུག་ལག་ཁང༌། །གཙོ་བོ་གཙིགས་ཆེ་ཆུའི་གཙང་པོ། །ཡུལ་གྱི་གཙང་སོགས་གས་འཕུལ་ཡིན། །གཞན་ནས་བཙལ་དང་གྲུ་བཙས་སྤྲོད། ། དགེ་འདུན་བཙུན་པ་མིག་བཙུམ་དང༌། །རྒྱལ་པོའི་བཙོན་རར་བཙུད་པ་དང༌། །སྔོ་ཡི་བཙོང་ནི་ས་ལ་བཙུགས། །ཁ་དོག་དམར་བ་ས་ཡི་བཙག །ཚོས་ཀྱིས་བཙོད་དང་ཤ་སོགས་བཙོས། །ཞིང་གི་བཙས་མ་བས་འཕུལ་ཡིན། །འཐབ་རྩོད་དང་ནི་རྩེད་མོ་རྩེ། །སྤུ་ཡི་རྩིད་པ་རྩུབ་པ་དང༌། །ཕྱེ་ཡི་རྩམ་པ་རྩོལ་སྒྲུབ་བྱེད། །རྩིས་མཁན་དང་ནི་རྩོམ་པ་རྩོམ། །ཁང་པའི་རྩིག་པ་སྔོ་ཡི་རྩྭ། །སྲོག་ཆགས་རྩངས་པ་ར་བཏགས་ཙའོ། །བཀའ་བསྩལ་དངོས་གྲུབ་བསྩལ་དང་སྩོལ། །ས་ལ་ཙ་བཏགས་ཤེས་པར་བྱ། །བརྩོན་འགྲུས་སྙིང་བརྩེ་ཉིས་བརྩེགས་སོགས། །བས་འཕུལ་ར་ལ་ཙ་བཏགས་ཡིན། །ཙ་ཡི་ལེའུ་རེ་ཞིག་གོ །
ཚ༽ ནགས་ཚལ་དང་ནི་སྐྱེད་མོས་ཚལ། །ཁང་པའི་ཚོམས་སོགས་ཚ་རྐྱང་ཡིན། །ངོ་མཚར་ལྷན་སྐྱེས་མཚེ་མ་དང༌། །ཕྱོགས་མཚམས་དང་ནི་ཉིན་མཚན་དང༌། །དམར་བའི་མཚལ་དང་ཁྱིམ་མཚེས་དང༌། །མཚོན་ཆའི་ཕྱག་མཚན་མཚོག་མར་འཕྱར། །མིང་གི་མཚན་སོགས་མས་འཕུལ་ཡིན། །དུ་བ་འཚུབ་དང་འཚོ་བྱེད་དང༌། །ནོར་འཚོལ་བ་དང་ཕྱུགས་མ་འཚོ། །ཕྱག་འཚལ་ལ་སོགས་འས་འཕུལ་ཡིན། །ཚ་ཡི་ལེའུ་རེ་ཞིག་གོ །
ཛ༽ དུད་འགྲོའི་མཛོ་དང་བང་མཛོད་དང༌། །མཛུབ་མོ་དང་ནི་ནད་ཀྱི་མཛེ། །ཡ་རབས་མཛངས་སོགས་མས་འཕུལ་ཡིན། །ལག་པས་འཛིན་དང་ཕན་ཚུན་འཛིངས། །དཔའ་སོགས་འཛངས་དང་འཛད་པ་དང༌། །རྡོ་ཡི་འཛེང་དང་ནོར་བའི་འཛོལ། །ཤིང་སོགས་འཛུགས་པ་འས་འཕུལ་ཡིན། །ཟོག་པོའི་རྫུན་དང་ཕྱུགས་རྫི་དང༌། །ཆུ་ཡི་རྫིང་དང་རྫུས་སྐྱེས་དང༌། །མཁར་གྱི་རྫོང་དང་རྫུ་འཕྲུལ་དང༌། །རྫོགས་སངས་རྒྱས་སོགས་ར་བཏགས་ཛའོ། །རལ་པ་གྱེན་བརྫེས་སྲོག་ཆགས་བརྫིས། །ཟན་བརྫིས་ཡུལ་གཞན་བརྫངས་པ་སོགས། །བས་འཕུལ་ར་མགོ་ལྡན་པའི་ཛ། །
ཝ༽ གཅན་གཟན་ཝ་ནི་ཝ་རྐྱང་ཡིན། །
ཞ༽ གཞོན་ནུ་གཞུང་བཟང་མཉམ་གཞག་དང༌། །གཞར་དང་ཤིང་གི་གཞོང་པ་དང༌། །མདའ་གཞུ་གཞའ་ཚོན་གླུ་གཞས་དང༌། །གཞིས་ཀ་ལ་སོགས་གས་འཕུལ་ཡིན། །གྲངས་ཀྱི་བཞི་དང་བཞད་གད་དང༌། །བཞེངས་དང་བཞུགས་དང་བཞོན་མ་བཞོས། །མར་ཁུ་བཞུ་དང་ཞལ་དུ་བཞེས། །རྗེས་སུ་བཞག་དང་དགོངས་བཞེད་དང༌། །ཐུགས་ཁུར་བཞེས་སོགས་བས་འཕུལ་ཞ།།ཞ་ཡི་ལེའུ་རེ་ཞིག་གོ །
ཟ༽ ཕྲིན་ཡིག་ཟློ་དང་ཟློས་གར་དང༌། །ནམ་ཟླའི་ཟླ་བ་ལོ་ཟླ་བ། །གྲོགས་ཀྱི་ཟླ་བོ་ཟ་ཉིད་དོ། །གཅན་གཟན་གཟིག་དང་སྤྱན་གྱིས་གཟིགས། །ནོར་བུའི་གཟི་དང་ཤིང་བཟོའི་གཟོང༌། །ཤ་ཡི་གཟུག་དང་གཟུངས་སྔགས་དང༌། །ཚེར་མའི་གཟེ་མ་ཐུགས་གཟུ་བོ། །ཡི་གེའི་གཟབ་དང་གཟར་བ་དང༌། །སྐུ་ཡི་གཟི་མདངས་གས་འཕུལ་ཟའོ། །བུད་མེད་བཟའ་དང་བཟའ་མི་དང༌། །ན་བཟའ་དང་ནི་ལག་པས་བཟུངས། །བཟོ་བོ་བཟང་པོ་ལྷུང་བཟེད་བཟོ། །ལས་ལ་བཟུར་དང་བཟོད་པ་སྒོམ། །གཅིག་ཏུ་བཟླུམས་སོགས་བས་འཕུལ་ཟའོ། །ཟ་ཡི་ལེའུ་རེ་ཞིག་གོ །
འ༽ འུ་བུའི་སྟོན་པ་འོ་མས་མཆོད། །བྱ་ནི་འུག་པ་འར་འུར་ཆེ། །འ་ཅག་འོ་ནི་མི་བརྒྱལ་དང༌། །འ་ཞའི་ཡུལ་དང་འོ་དོད་འབོད། །འ་ཉིད་ཡིན་ནོ་ཤེས་པར་བྱ། །
ཡ༽ དཔལ་གྱི་གཡང་དང་གཡུང་དྲུང་དང༌། །མི་ལྤགས་གཡང་གཞི་གོས་ཀྱིས་གཡོགས། །གཅན་གཟན་གཡི་ཡི་པགས་པ་སོགས། །གཡའ་སྒོག་གཡེར་མ་གྲུ་དམར་གཡུ། །དམག་གི་གཡུལ་དང་དུད་འགྲོའི་གཡག །གཡོག་མོས་སྙེ་མ་གཡུལ་ལས་བྱེད། །རྡོ་ཡི་གཡམ་སོགས་གས་འཕུལ་ཡིན། །ཡ་ཡི་ལེའུ་རེ་ཞིག་གོ །
ར༽ ར་ལུག་གི་ནི་རྭ་ཅོ་དང༌། །འདོམས་ཀྱི་རླིག་པ་ལྷགས་པའི་རླུང༌། །ཆུ་ཡི་རླངས་པ་རློན་པ་རློམ།། སྣུམ་སྣོད་རླིད་བུར་བས་འཕུལ་མེད། །རྡུལ་དུ་རློག་སོགས་ར་རྐྱང་ཡིན། །དོར་བའི་བརླགས་དང་བརླ་ཤ་དང༌། །བརྟན་པོའི་བརླིང་དང་བྱིན་གྱིས་བརླབས། །གྲོགས་ལ་བློ་བརླུག་བས་འཕུལ་རའོ། །ར་ཡི་ལེའུ་རེ་ཞིག་གོ །
ལ༽ ལྭ་བ་གོས་ཀྱི་བྱེ་བྲག་མིང༌། །
ཤ༽ བདེ་གཤེགས་དང་ནི་གནས་ལུགས་གཤིས། །ཤི་བའི་མིང་ལ་གཤིན་པོ་དང༌། །སྟོན་པ་གཤེན་རབས་གཤང་ཡང་དཀྲོལ། །ལེགས་པའི་མིང་ལ་གཤའ་མ་དང༌། །ལྷོ་ཕྱོགས་གཤིན་རྗེའི་གཡུལ་ཡང་གཤོམ། །བྲེ་ལ་གཤོར་དང་སྨད་ཀྱི་གཤམ། །བྱ་ཡི་གཤོག་པ་གཤིབས་ནས་འགྲོ། །སྤང་གཤོངས་ལ་སོགས་གས་འཕུལ་ཤའོ། །དགེ་བཤེས་ལྷ་བཤོས་བཤམས་པ་དང༌། །སྡིག་པ་བཤགས་དང་ཕྱི་ལ་བཤོལ། །འཕྲང་ལ་བཤར་དང་པགས་པ་བཤུས། །མཁར་བཤིག་པ་དང་ཆུ་སོགས་བཤོས། །གཏམ་སོགས་བཤད་པ་བས་འཕུལ་ཡིན། །ཤ་ཡི་ལེའུ་རེ་ཞིག་གོ །
ས༽ སིལ་སྙན་དང་ནི་སྲེ་ནག་དང༌། །བྱ་ནི་སྲེག་པ་སྲིན་བྱ་དང༌། །ལམ་སྲང་དང་ནི་སྲེ་མོང་དང༌། །གཅན་གཟན་སྲམ་དང་སྦྱིན་སྲེག་དང༌། །འཇལ་བྱེད་སྲང་དང་སློབ་དཔོན་དང༌། །སློབ་མ་སློབ་གཉེར་སླ་བ་དང༌། །གཞན་ལ་ནོར་སོགས་སློང་མོ་སློང༌། །གྱེན་དུ་སློང་དང་ཕྱི་ལ་སློག །གོས་གྱི་སློག་པ་རྟ་ཡི་སྲབ། །ལྕགས་ཀྱི་སླ་ང་སླད་མ་དང༌། །སླར་ཡང་ཞེས་སོགས་ས་རྐྱང་ངོ༌། །འཁར་གསིལ་གསོར་ནས་གསོད་པ་དང༌། །སྙན་དུ་གསན་ནས་གསོལ་འདེབས་གསོན། །རིན་ཆེན་གསེར་དང་རྟ་ཡི་གསེབ། །སྲོག་ཆགས་གསའ་དང་མདུང་ཤིང་གསོམ། །དྲི་ཡི་གསུར་དང་སྦས་པའི་གསང༌། །གྲངས་ཀྱི་གསུམ་དང་རྟ་ཕྱུགས་གསོ། །ནེའུ་གསིང་དང་ནི་ཆུད་མ་གསོན། །སྤུ་སོགས་གསེད་པ་གས་འཕུལ་ཡིན། །དམིགས་བསལ་དང་ནི་སྐྱོན་རྣམས་བསལ། །བསེ་ཁྲབ་དང་ནི་བསོད་སྙོམས་དང༌། །ཚེ་ནི་བསྲིངས་ནས་དྲིན་ཡང་བསབས། །ཡོ་བ་བསྲང་དང་རྒྱང་རིང་བསྲིངས། །རི་དྭགས་བསེ་རུ་བསད་པ་དང༌། །ཕན་ཚུན་བསྲེས་དང་རིང་བསྲེལ་དང༌། །མེ་ཡིས་བསྲེགས་དང་རྐང་རྗེས་བསུབས། །ལྷ་བསང་གཏོང་དང་བསིལ་བྱེད་བྱ། །གྱེན་དུ་བསླངས་སོགས་བས་འཕུལ་ཡིན། །
ཧ༽ གོས་ནི་ཧྲལ་ཧྲལ་མིག་ཧྲིག་ཧྲིག །ཙབ་ཧྲལ་ལ་སོགས་ཧ་ཉིད་དོ། །
ཨ༽ ཨོ་རྒྱན་པདྨ་ཨ་ཀ་རུ། །ཨ་རུ་ར་སོགས་ཨ་ཉིད་དོ། །
མཆན། དག་ཡིག་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། ཕྱི་ལོ་༡༩༩༢ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་གནང་བའི་འཛིན་རིམ་བདུན་པའི་སྐད་ཡིག་སློབ་དེབ་ལས་བདམས། རྩོམ་པ་པོའི་མཚན་དང་ལོ་རྒྱུས་རྙེད་སོན་མ་བྱུང་བས་འགོད་ཐབས་བྲལ།