ཤིང་གི་རིགས།

༥ རྩི་ཤིང་གི་རིགས།

རྩི་ཤིང་གི་རིགས་རྩོམ་ཡིག་ཏུ་བཀོད་དེ་ངོ་སྤྲོད་བྱེད་ན། གཙོ་བོར་རྩི་ཤིང་འདིའི་རིགས་ཀྱི་རྣམ་པ་དང་རང་བཞིན། ཐོན་ཡུལ། འདེབས་འཛུགས་གསོ་སྐྱོང་གི་ལོ་རྒྱུས། སྐྱེ་འཚར་གྱི་རྒྱུ་རྐྱེན། བདག་ཉར་བྱེད་ཐབས་དང་བཀོལ་སྤྱོད་ཀྱི་ཕན་ཡོན་སོགས་གསལ་པོར་བཤད་དགོས། རང་བྱུང་ཁམས་ཀྱི་རྩི་ཤིང་གི་རིགས་ལ་ཁྱད་པར་ཁྲི་སྟོང་མང་པོ་ཡོད་པས་རང་རང་ལ་ཐུན་མོང་མིན་པའི་ཁྱད་ཆོས་རེ་ཡོད་པ་རེད། རྩི་ཤིང་ཁ་ཤས་ཀྱི་ཕྱི་ཡི་རྣམ་པ་མཚར་ཞིང། ལ་ལའི་རང་བཞིན་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད། ཡང་འགའ་ཤས་ཀྱི་སྐྱེ་འཚར་གྱི་རྒྱུ་རྐྱེན་གཞན་དང་མི་མཚུངས་ཤིང། གཞན་དག་གི་འདེབས་འཛུགས་གསོ་སྐྱོང་གི་ལོ་རྒྱུས་ལ་རྙོག་འཛིང་ཡོད་ཅིང། ད་དུང་བདག་ཉར་བྱེད་ཐབས་དཀའ་ལས་ཅན་གྱི་རིགས་དང་བཀོལ་སྤྱོད་ཀྱི་ཕན་ཡོན་ཤིན་ཏུ་རྒྱ་ཆེན་པོ་ཡོད་པའི་རིགས་ཀྱི་རྩི་ཤིང་སོགས་མང་པོ་ཞིག་ཡོད། གསལ་བཤད་བྱེད་པའི་དམིགས་ཡུལ་དང་ཀློག་པ་པོའི་དགོས་མཁོ་གཞིར་བཞག་སྟེ་ཕྱོགས་གཅིག་གམ་ཕྱོགས་དུ་མ་ནས་ངོ་སྤྲོད་བྱས་ཆོག ངོ་སྤྲོད་བྱེད་པའི་བརྒྱུད་རིམ་ཁྲོད་ནས་ལྷུག་བརྗོད་ཀྱི་འབྲི་ཐབས་བར་བཅུག་བྱས་ཆོག་ལ། གཏམ་དཔེ་དང་གཤིབ་སྡུར་གྱི་འབྲི་ཐབས་འོས་འཚམ་རེ་སྤྱད་དེ་གསལ་བཤད་བྱས་ན། རྩི་ཤིང་གང་ཡང་རུང་བ་ཞིག་ངོ་སྤྲོད་ཡག་པོ་བྱེད་ཐུབ་པར་མ་ཟད། རྩོམ་ཡིག་ལའང་གསོན་ཉམས་ལྷག་ཏུ་འདོན་ཐུབ། དཔེར་ན།

སྒོག་སྐྱ།

སྒོག་པ་ནི་བོད་དང་རྒྱ་གར་སོགས་ཡུལ་གྲུ་ཕལ་མོ་ཆེར་འདེབས་འཛུགས་རྒྱ་ཆེན་པོ་བྱེད་ཅིང་རོ་ཚ་ཞིང་མངར་བ་དང་། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྣོ་ཞིང་ལྕི་བའི་སྨན་རྫས་སུ་སྤྱོད་པའི་སྔོ་རིགས་ཤིག་ཡིན།
སྒོག་སྐྱའི་མིང་གཞན་ལ་ལྷ་མིན་ཁྲག བྱི་ཀུན། ལ་ཤུ་ན། བཅའ་སྒོག ཀླུང་སྒོག རྒྱ་སྒོག ཞིང་སྒོག སྒོག་པ། རླུང་སེལ་བུག་པན་སོགས་ཟེར།
བོད་ཀྱི་སྨན་གཞུང་གཞིར་བཟུང་སྟེ་དབྱེ་ན་སྒོག་པ་ལ་རྩ་བའི་དབྱེ་བ་གཉིས་ཏེ་སྒོག་སྐྱ་དང་སྒོག་སྔོན་གཉིས་ཡོད། སྒོག་སྐྱ་ཞེས་པ་ནི་ཞིང་ལ་བཏབ་པའི་སྒོག་པ་དང། སྒོག་སྔོན་ཞེས་པ་ནི་རི་ལས་སྐྱེས་པའི་སྔོ་རིགས་ཀྱི་སྒོག་པའོ། །རི་སྐྱེས་ཀྱི་སྒོག་སྔོན་ལ་ཡང་ནང་གསེས་སུ་རི་སྒོག་དང་སྒོག་པ་ཤ་ཚིལ། བྲག་སྒོག འཛིམ་ནག རྒྱ་སྒོག ཀླུང་སྒོག་ཀེ་ཛེ། བྱིའུ་སྒོག རུག་སྒོག་བཅས་རང་བཞིན་དུ་སྐྱེས་པ་བདུན་དུ་དབྱེ།
ཤར་ནུབ་ཀྱི་གསོ་རིག་པ་མང་པོས་ནད་བཅོས་ཀྱི་ཉམས་མྱོང་གིས་བདེན་དཔང་བྱས་པ་ལྟར་ན་སྒོག་པས་ཕན་ཡོན་ནི་ཧ་ཅང་གི་རྒྱ་ཆེན་པོ་ཡིན་ཏེ་ཟས་ཀྱི་དང་ག་འབྱེད་ཅིང་ཟུངས་སྟོབས་བསྐྱེད་པ། རོ་ཙ་བ། ཤ་རྒྱས་པར་བྱེད་པ། ཟས་ཞུ་བ། གཞན་ཡང་རླུང་གི་ནད་དང། ཁོང་སྲིན། སྙིང་གི་ནད། ཚ་བའི་ནད། གཉན་ཚད་སྤྱི་དང། གློ་བར་གཉན་ཚད་ཞུགས་པ། དབུགས་མི་བདེ་བ། གཞང་འབྲུམ། ཤ་བཀྲ། སྐྲན། སྐོམ་དད་ཆེ་བ། མིག་ནད། རྣ་བ་གཟེར་བ། སྐད་འགག་པ་དང་ཤ་མདངས་ཉམས་པ་སོགས་ལ་ཕན་པར་བཤད།
སྒོག་སྐྱ་ལ་ཕན་ཐོགས་མང་པོ་ཞིག་ཡོད་མོད། འོན་ཀྱང་ཟ་ཐེངས་གཅིག་ལ་ཚད་ལས་བརྒལ་བ་ཟ་མི་རུང་བར་མ་ཟད། ད་དུང་མི་ཁ་ཤས་ཀྱིས་སྒོག་པ་ཟ་མི་རུང། གསོ་རིག་ལྟར་ན། སྒོག་པ་ཟོས་ན་མཁྲིས་པ་དང་ཁྲག་རུལ། མིག་ཤེད་ཉམས་པའི་ནད་སོགས་འབྱུང་བར་བཤད་པས་ཕོ་བ་སྨུག་པོའི་ནད་དང་ཕོ་བའི་གཉན་ཚད། དེ་བཞིན་རྒྱུ་མ་སྨུག་པོའི་ནད་ཡུན་རིང་ན་བའི་མིས་སྒོག་པ་གཏན་ནས་མ་ཟོས་ན་བཟང། རྒྱུ་མཚན་ནི་སྒོག་པས་ཕོ་བའི་རྩི་པགས་ལ་ཤུགས་རྐྱེན་ཐེབས་ནས་ཕོ་བར་ཆུ་སྐྱུར་མང་པོ་ལངས་པར་བྱེད་པས་ཡིན།
སྒོག་པ་ཟོས་རྗེས་དྲི་མ་ཁ་མོད། ཇ་ལོ་ལྡོད་པའམ་ཇ་རྒོད་ཀྱིས་ཁ་ནང་བཤལ་བ། ཡང་ན། སིལ་ཏོག་ཁ་སུར་རྡོག་འགའ་ཟོས་ན་དྲི་མ་ཡལ་འགྲོ །

དཔྱད་མཆན།

གསལ་བཤད་འདིའི་རིགས་ཀྱིས་མིའི་རིགས་ཀྱི་འཚོ་བ་ལ་ཁེ་ཕན་ཆེན་པོ་བསྐྲུན་ཡོད། དཔེར་ན། རྩོམ་ཐུང་འདིར་མཚོན་ནའང། སྒོག་པའི་རང་བཞིན་དང་ཁྱད་ཆོས། རིགས་དང་དབྱེ་བ། ཕན་ནུས་དང་གནོད་སྐྱོན་སོགས་ཡུལ་རང་སྟེང་ལ་ཇི་ལྟར་ཡོད་པ་གོ་རིམ་ལྡན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་པོར་བཤད་ཡོད་པས། སུ་དང་སུ་ཞིག་ཡིན་ཡང་གསལ་བཤད་རྩོམ་ཡིག་འདིར་བཀོད་པ་གཞིར་བཟུང་ནས་ལག་ལེན་བྱས་ན། དོན་མེད་དུ་གནོད་འཚེ་ཕོག་པའི་རིགས་སྔོན་འགོག་བྱེད་ཐུབ་པར་གདོན་མི་ཟ། དེ་བས་རྒྱུན་དུ་ནས་སྒྱུ་རྩལ་ཁོ་ནའི་དབྱིངས་ལ་ཞུགས་ནས་མི་སྡོད་པར། དོན་དངོས་དང་ཡོངས་སུ་མཐུན་ཞིང་འཚོ་བ་དང་འབྲལ་ཐབས་མེད་པའི་གསལ་བཤད་རྩོམ་ཡིག་ལའང་དོ་སྣང་རེ་བྱས་ན་རང་ཉིད་ལ་ཐེབས་ངེས་པའི་གྱོང་གུད་མང་པོ་ཞིག་སྔོན་འགོག་བྱས་ཏེ་ཁྱོད་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཐུབ།
རྩོམ་ཡིག་བཀླགས་རྗེས་རྒྱུན་དུ་སྤྱོད་ཀྱིན་པའི་རྩི་ཤིང་གང་ཡང་རུང་བ་ཞིག རྩོམ་ཡིག་འདིའི་འབྲི་ཐབས་ལ་ལད་ཟློས་བྱས་ནས་ང་ཚོ་ལ་ངོ་སྤྲོད་ཅིག་བྱོས་དང། ཁྱོད་ཀྱིས་བྱ་དངོས་ལ་ལྟ་ཞིབ་བྱས་པའི་ཚད་ཅི་འདྲ་ཞིག་ཡིན་པ་ཀུན་ལ་ངོམ་དང།

༦ སྲོག་ཆགས་ཀྱི་རིགས།

སྲོག་ཆགས་ངོ་སྤྲོད་བྱེད་པའི་རྩོམ་ཡིག་འབྲི་ན། སྲོག་ཆགས་འདིའི་རིགས་ཀྱི་ཕྱི་ཚུལ་གྱི་ཁྱད་ཆོས་དང་གཤིས་རྒྱུད་ཀྱི་ཁྱད་ཆོས། འཚོ་བའི་གོམས་གཤིས་དང་བཀོལ་སྤྱོད་ཀྱི་ཕན་ཡོན་སོགས་ངོ་སྤྲོད་གསལ་པོ་བྱེད་རྒྱུ་གལ་ཆེན་པོ་ཡིན། སྐབས་རེར་ད་དུང་སྲོག་ཆགས་འདིའི་རིགས་ཀྱི་སྐྱེ་འཕེལ་གྱི་བརྒྱུད་རིམ་ངོ་སྤྲོད་བྱེད་དགོས། སྒོ་ཟོག་དང་ཁྱིམ་བྱ་ངོ་སྤྲོད་བྱེད་ན། གསོ་ཐབས་གསལ་པོར་བཤད་དགོས། ཕན་ཐོགས་པའི་འབུ་ངོ་སྤྲོད་བྱེད་ན། སྲུང་སྐྱོབ་བྱེད་ཐབས་གསལ་པོར་ངོ་སྤྲོད་དགོས། གལ་སྲིད་གནོད་འབུ་ངོ་སྤྲོད་བྱེད་ན། གནོད་སྐྱོན་རང་བཞིན་དང་གནོད་པ་འགོག་ཐབས་ངོ་སྤྲོད་ཡག་པོ་བྱེད་དགོས། སྲོག་ཆགས་ཁ་ཤས་ངོ་སྤྲོད་བྱེད་དུས། སྲོག་ཆགས་དེ་དང་སྲོག་ཆགས་གཞན་ཞིག་གཤིབ་སྡུར་གྱིས་མི་འདྲ་ས་གསལ་པོར་བཤད་དགོས། འདི་ལྟར་བྱས་ན་སྲོག་ཆགས་འདིའི་རིགས་ཀྱི་རང་བཞིན་ནམ་ཁྱད་ཆོས་ཇེ་གསལ་དུ་སོང་སྟེ་མི་ལ་བག་ཆགས་ཟབ་མོ་འཇོག་ཐུབ།
སྲོག་ཆགས་ངོ་སྤྲོད་བྱེད་པའི་གསལ་བཤད་རྩོམ་ཡིག་གིས་སྤྱིར་བཏང་གི་སྐད་བརྡ་བེད་སྤྱད་ཆོག་ལ། ཡང་རིག་རྩལ་གྱི་རྩོམ་སྟངས་སྤྱད་དེ་བྲིས་ན་ཡང་འགྲིག དེར་མ་ཟད། ལྷུག་བརྗོད་དང་གྲོས་གླེང། ཞིབ་འབྲི། དཔེ་འཇོག་ལ་སོགས་པའི་རྩོམ་ཐབས་སྤྱད་དེ་རྩོམ་ཡིག་ལ་གསོན་ཉམས་དང་བྲོ་བ་ལྡན་པ་ཞིག་ཡོད་པར་བྱས་ནའང་ཆོག་གོ ། དཔེར་ན།

སྐྱེས་ཐོག་ལུ་གུ་གསོ་སྐྱོང་བྱེད་པ།

མ་མོ་ཤེད་ངན་ཡིན་ཚེ། སྐྱེ་ཐོག་ལུ་གུའང་ཆུང་ཞིང་ཤེད་མེད་ཡིན་པས་ནུ་ཁ་འཕྲད་མི་ཐུབ་པ་དང། མ་མོར་འོ་མ་ཉུང་བའམ་ཐ་ན་ནུ་རྒྱུ་གཏན་ནས་མེད། སྐབས་དེར་ལུ་གུ་ལ་དུས་ཐོག་ཏུ་འོ་མ་བླུད་ནས་གསོ་དགོས། དེ་ལ་ཡོ་བྱད་འཇིབ་རུ་གཅིག་དགོས་ཏེ། བཟོ་བྱེད་རྒྱུ་ཆ་ནི། རྭ་ཅོའམ་ཤེལ་དེམ་ཚད་རན་པོ་གང་ཡིན་ཀྱང་ཆོག
འཇིབ་རུ་བཟོ་བར་གཡག་རྭ་དུམ་བུར་བཅད་རྗེས་ཕྲ་སར་ནུ་མགོ་སྐོན་ས་བྱེད་དགོས།
ནུ་མགོ་བཟོ་བའི་རྒྱུ་ཆ་ནི་སྐྱི་མོ་ཟུར་གསུམ་ཞིག་དྲས་ནས་ཁབ་སྐུད་ཀྱིས་བཙེམ་དགོས་ལ་ནུ་མགོའི་སྦུ་གུ་ཆེ་ཆུང་རན་པོ་ཞིག་ཡིན་དགོས།
ལྡུད་པའི་འོ་མ་དེ་ངེས་པར་དུ་བསྲོས་ནས་དྲོད་འཇམ་བྱེད་དགོས་པ་རེད། འོ་འཁྱག་བླུད་ན་ལུ་གུ་རྙང་བ་ཡིན་པས། རྟག་ཏུ་མཉམ་འཇོག་དགོས།
འོ་མ་ལྡུད་སྐབས་ཀྱང་ལུ་གུར་དལ་མོར་ནུ་རུ་འཇུག་པ་དང། ཚད་རན་པོ་ཞིག་ཡིན་དགོས། མང་དྲགས་ན་འཇུ་མི་ཐུབ་པར་རྙང་བ་རེད། ཉིན་གཅིག་གི་ནང་ལ་འོ་མ་ཐེངས་གསུམ་དུ་བླུད་ཆོག དེ་མིན་ལུ་གུས་གྲང་འཁྱག་མི་ཐུབ་པས་ངེས་པར་དུ་སྲོ་ཁང་ཞིག་ལས་ནས་ལུ་གུ་དེ་ཁང་བའི་ནང་ལ་བཅུག་ན་བཟང་།

དཔྱད་མཆན།

གོང་གི་རྩོམ་ཐུང་འདི་ཀློག་པ་བརྒྱུད་ནས་ལུ་གུ་སྙོར་སྐྱོང་བྱེད་ཚུལ་གྱི་ཤེས་བྱ་མི་ཉུང་བ་ཞིག་ང་ཚོའི་རྒྱུད་ལ་གསར་དུ་རྙེད་སྲིད། ཤེས་བྱ་འདིས་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་ངེས་ཅན་ཞིག་སྐོང་ཐུབ་སྟེ། ལུ་གུ་གསོས་ནས་དཔལ་འབྱོར་སྒྲུབ་མཁན་དང་ལུ་གུ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་སོགས་གང་ཡིན་ཡང་རྩོམ་ཡིག་འདི་བཀླག་ན་མཛུབ་སྟོན་མི་ཉུང་བ་ཞིག་རེག་སྲིད། མཛུབ་སྟོན་འདིས་ཁྱོད་ཀྱི་ཁེ་ཕན་སྲུང་སྐྱོབ་དང་གྱོང་གུད་སྔོན་འགོག་བྱེད་པར་རྔོ་ཐོགས་པ་རེད།
རྩོམ་ཡིག་འདིར་གོ་སླ་བའི་རྒྱུན་སྤྱོད་ཀྱི་ཚིག་གིས་ལུ་གུ་གསོ་བའི་བརྒྱུད་རིམ་ངོ་སྤྲོད་གསལ་པོར་བྱས་ཡོད། དེ་ཡང་ཡུལ་རང་སྟེང་ལ་ཡོད་པ་གཞིར་བཞག་གིས་གསལ་པོར་བཤད་པ་ལས། རང་གི་བསམ་ཚུལ་ལྟར་བྲིས་པ་ཞིག་གཏན་ནས་མིན་པས། དོན་དངོས་དང་ཚན་རིག་གི་རང་བཞིན་ལྡན་པའི་གསལ་བཤད་རྩོམ་ཡིག་ཅིག་ཡིན།
ཁྱོད་ཀྱིས་ཀྱང་གསལ་བཤད་རྩོམ་ཡིག་རེ་འབྲི་དུས་ཡུལ་རང་སྟེང་ལ་ཡོད་པ་གསལ་པོར་ངོ་སྤྲོད་པའི་རྩ་དོན་འདི་ནམ་ཡང་མ་འདོར་རོགས། དེ་ལྟར་མ་བྱས་ཚེ། ཁྱོད་ཀྱིས་བྲིས་པའི་གསལ་བཤད་རྩོམ་ཡིག་དེ་གསལ་བཤད་རྩོམ་ཡིག་ཏུ་མ་སོང་བར་རྩོམ་ཡིག་གཞན་ཞིག་ཏུ་འགྱུར་ཡང་སྲིད།

༧ ཚན་རྩལ་ཤེས་བྱ།

ཚན་རིག་གི་ལག་རྩལ་རིགས་ཤིག་གསལ་བཤད་བྱེད་ན། ངེས་པར་དུ་ཚན་རྩལ་འདིའི་རང་བཞིན་དང་ཁྱད་ཆོས་གཙོ་བོ་ངོ་སྤྲོད་གསལ་པོ་བྱེད་པར་དོ་སྣང་བྱེད་དགོས། ཀློག་པ་པོའི་དོན་དངོས་ཀྱི་གནས་བབ་མི་འདྲ་བ་ལ་བརྟེན་ནས། རྒྱུ་རྐྱེན་མང་པོ་ཞིག་གི་འོག་ཚན་རྩལ་འདིའི་རྩ་དོན་དང་བཀོལ་སྤྱོད་ཀྱི་ཐབས་ལམ། བཀོལ་སྤྱོད་ཀྱི་ཁྱབ་ཁོངས་དང་ཕན་ཡོན་གསལ་པོ་བཤད་དགོས། སྐབས་འགར་ད་དུང་ལག་རྩལ་བཀོལ་སྤྱོད་བྱེད་སྐབས་མཉམ་འཇོག་དགོས་ས་གང་དག་ཡོད་མེད་ཀྱང་གསལ་བཤད་བྱེད་དགོས། ཞིང་ལས་ལག་རྩལ་ཞིག་ངོ་སྤྲོད་བྱེད་ན། ལག་རྩལ་འདིའི་རིགས་ཀྱི་ཕྱོགས་ཡོངས་ཀྱི་བརྒྱུད་རིམ་ངོ་སྤྲོད་བྱས་ཆོག་ལ། གཙོ་གནད་ངོ་སྤྲོད་བྱས་ན་ཡང་འགྲིག ད་དུང་ཚན་རྩལ་འདིའི་ཕྱོགས་གཅིག་གམ་ཕྱོགས་མང་པོ་ཞིག་ནས་ངོ་སྤྲོད་བྱས་ན་ཡང་རུང། དཔེར་ན་འབྲེལ་ཡོད་གྲོ་ཡི་ལག་རྩལ་ཤེས་བྱ་ལ། དུས་ཐོག་ཏུ་འདེབས་པ། ས་བོན་གྱིས་འདང་དགོས་པ་དང་འདེབས་ལས་ཡག་པོ་བྱེད་དགོས་པ་སྟེ། དེ་ལ་སྔ་ཕྱིའི་བདག་ཉར་བྱེད་སྟངས་གཉིས་ཡོད། སྔོན་ལ་དགུན་ཆུ་འདྲེན་པ་དང། རྩྭ་ལྡུམ་གྱི་རིགས་ཡུར་ཏེ་ཆུ་ལུད་འཇོག་དགོས། རྗེས་ནས་སྐམ་ཚ་རླུང་གསུམ་སྔོན་འགོག་དང། ད་དུང་ས་བོན་ཡག་པོ་འདེམས་དགོས། དུས་ལྟར་སྡུད་ལེན་དང། ཉི་མར་སྐམ་ནས་བལ་མོ་མི་ཆགས་པར་བྱེད་དགོས་པ་སོགས་དང། རྒྱུན་ལྡན་གྱི་གནས་ཚུལ་འོག་ནས་ནམ་ཡིན་ཡང་ཐོན་སྐྱེད་ཀྱི་དགོས་མཁོ་དང་དུས་ཚིགས་ཀྱི་འགྱུར་ལྡོག་གཞིར་བཟུང་སྟེ་ཕྱོགས་གང་རུང་ཞིག་གི་ལག་རྩལ་ཤེས་བྱ་ངོ་སྤྲོད་བྱེད་པ་རེད།
ཚན་རྩལ་གྱི་གསལ་བཤད་རྩོམ་ཡིག་འབྲི་ན། སྐད་བརྡ་ནི་དམངས་བྱིངས་ཀྱིས་གོ་ཐུབ་པའི་ཁ་གསལ་ལ་གོ་བདེ་བ་ཞིག་ཡོང་བར་ལྷག་ཏུ་མཉམ་འཇོག་བྱས་ཏེ་ཚིག་མཁྲེགས་པོའམ་བརྗོད་མི་བདེ་ལ་གོ་དཀའ་བའི་ཆེད་སྤྱོད་ཀྱི་ཐ་སྙད་ཅི་ལྕོགས་ཀྱིས་སྔོན་འགོག་བྱེད་དགོས། དཔེར་ན།

ཉན་བཤད་ཐུབ་པའི་རྩིས་འཁོར།

གློག་རྡུལ་རྩིས་འཁོར་གྱིས་སྐད་ཆ་བཤད་ཐུབ་པར་མ་ཟད། དཔེ་དེབ་དང་ཚགས་པར་ཀྱང་ཀློག་ཐུབ། རྩིས་འཁོར་ཁ་ཤས་ཀྱིས་ཐ་ན་མིས་བཤད་པའི་སྐད་ཆར་ཉན་ཤེས་པ་རེད། རྩིས་འཁོར་འདིའི་རིགས་ནི་ཐོན་སྐྱེད་དང་འཚོ་བའི་ཁྲོད་བཀོལ་སྤྱོད་དང་ཕན་ཐོགས་རྒྱ་ཆེན་པོ་ཡོད།
རྩིས་འཁོར་གྱིས་སྐད་ཆ་བཤད་ཐུབ་པའི་རྒྱུ་མཚན་ནི་སྔོན་ཚུད་ནས་རྩིས་འཁོར་དུ་ཐ་སྙད་མང་པོ་ཞིག་གསོག་ཉར་བྱས་ཤིང་གོ་རིམ་བསྒྲིགས་ཡོད་པས་ཡིན། མིའི་རིགས་ཀྱི་སྐད་བརྡ་ནི་ཧ་ཅང་གི་རྙོག་འཛིང་ཆེ་བར་བརྟེན་ཐ་སྙད་ཀྱི་གོ་རིམ་སྒྲིག་སྦྱོར་བྱས་ཏེ་རྩིས་འཁོར་གྱིས་སྐད་བརྡ་ཡོད་ཚད་ལ་རྒྱུས་ཡོད་པ་ཞིག་ཏུ་བཟོ་རྒྱུ་ལས་སླ་མོ་ཞིག་མིན། མིག་སྔར་རྩིས་འཁོར་གྱིས་སྟབས་བདེ་དང་རྒྱུགས་ཆེ་བའི་འབྲི་སྲོལ་ཅན་གྱི་སྐད་བརྡ་ཁོ་ན་ངོས་འཛིན་བྱེད་ཐུབ། དེར་བརྟེན་རྩིས་འཁོར་གྱིས་མིག་སྔར་བཤད་ཐུབ་པའི་སྐད་ཆ་ལ་ཚད་ཡོད་པ་རེད། དེ་མཚུངས་སུ་རྩིས་འཁོར་གྱིས་ད་དུང་གླེང་མོལ་བྱེད་མི་ཐུབ། ཡིན་ནའང་རྩིས་འཁོར་ཁ་ཤས་ཀྱིས་ཚད་ལྡན་གྱི་བཀོད་འདོམས་ལ་ཉན་ཐུབ་པ་བྱུང་ཡོད་པས་བཀོལ་སྤྱོད་དང་ཕན་ཐོགས་རྒྱ་ཆེན་པོ་ཡོད། གནམ་གྲུ་དང་མཚོ་གྲུ་ཡི་དེད་དཔོན་གྱིས་རྩིས་འཁོར་ལ་སྐད་ཆ་བཤད་དེ། གནམ་གྲུའི་འཕུར་ཚད་ཀྱི་མཐོ་དམའ་དང་གྲུ་ཡི་མྱུར་ཚད་ལ་སྟངས་འཛིན་བྱེད་པར་བཀའ་ཕབ་ཆོག བཀོད་འདོམས་རྙོག་འཛིང་ཆེ་ན། འཕྲུལ་ཆས་ཀྱིས་དུས་ལྟར་སྒྲུབ་མི་ཐུབ་ལ་ལས་ཕྱོད་ཀྱང་ཇེ་དམའ་ཡིན།
བཟོ་ལས་ཁྲོམ་རར་སྐད་ཆ་བཤད་ཐུབ་པའི་རྩིས་འཁོར་འདིའི་རིགས་ཀྱི་དགོས་མཁོ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། དེ་ནི་མི་རྣམས་ཀྱིས་རྩིས་འཁོར་དང་གླེང་མོལ་བྱེད་རྒྱུ་དེ་རྩིས་འཁོར་གྱི་སྐད་བརྡ་དང་མཐེབ་གཞོང་བེད་སྤྱོད་བྱེད་པ་དང་བསྡུར་ན་ལྡབ་འགྱུར་གྱིས་ལྷོད་པོ་དང་བདེ་མོ་ཡིན་པས་རེད། དེ་ལས་གཞན། རྩིས་འཁོར་གྱིས་སྐད་ཆ་བཤད་ཐུབ་པའི་དགེ་མཚན་ནི། དུས་ཚོད་གྲོན་ཆུང་བྱེད་ཐུབ། རྩིས་འཁོར་གྱིས་སྐད་ཆ་བཤད་ནུས་པ་དེ་དམག་དོན་དང་བཟོ་ལས་སྟེང་བཀོལ་ན། ཁ་ལོ་སྒྱུར་མཁན་གྱིས་ལག་པས་ལས་ཀ་གཞན་ལས་ཆོག་སྟེ་དཔེར་ན། ཐོན་སྐྱེད་བརྒྱུད་ལམ་ཁྲོད་ཀྱི་རྒྱུ་ཆ་སྔོག་བཤེར་དང་དག་སྒྲིག། ཡང་ན། གནམ་གྲུ་ཁ་ལོ་བསྒྱུར་ཆོག

དཔྱད་མཆན།

རྩོམ་ཡིག་འདིར་རྩིས་འཁོར་གྱིས་སྐད་ཆ་ཇི་ལྟར་བཤད་ཐུབ་པ་དང། བཤད་ཐུབ་པའི་ཚད་ཅི་འདྲ་ཡིན་པ། དེའི་ཕན་ཡོན་ཡང་ཅི་ཙམ་ཞིག་ཡོད་མེད་གོ་རིམ་ལྡན་པའི་ངང་གསལ་བཤད་བྱས་ཡོད་པས། ང་ཚོས་ཀློག་མ་ཐག་ཉན་བཤད་ཐུབ་པའི་རྩིས་འཁོར་ཞེས་པ་ཇི་ལྟ་བུ་ཞིག་ཡིན་པ་སྔོན་ཆད་མཐོང་མྱོང་མེད་ནའང་། གསལ་པོར་ཤེས་ཐུབ་པ་རེད། མ་གཞི་ནས་གསལ་བཤད་རྩོམ་ཡིག་ནི་མི་ལ་ཤེས་བྱ་གསར་པ་འཁྱེར་ཡོང་མཁན་གྱི་ལྷའི་ཕོ་ཉ་ཞིག་ཡིན་པས། ཁྱོད་ཀྱིས་རྒྱུན་དུ་དོ་སྣང་བྱས་དང། ལྷའི་ཕོ་ཉ་འདིའི་སྒྱུ་རྩལ་མ་ཡིན་པའི་ཁྲོད་ཀྱི་སྒྱུ་རྩལ་ཞིག་ཁྱོད་ལ་ངོ་སྤྲོད་བྱེད་སྲིད།

༨ མི་སྣའི་སྐོར།

མི་སྣ་གསལ་བཤད་བྱེད་པའི་རྩོམ་ཡིག་འབྲི་ན། མི་སྣའི་རུས་མིང་དང་ལོ་ཚོད། སྐྱེས་ཡུལ། སྤྱི་ཚོགས་ཀྱི་ལས་རིགས་དང་བྱས་རྗེས་གཙོ་བོ་ངོ་སྤྲོད་གསལ་པོ་བྱེད་དགོས། གལ་ཏེ་ངོ་སྤྲོད་བྱེད་དགོས་པ་དེ་ལོ་རྒྱུས་སྟེང་གི་མི་སྣ་ཞིག་ཡིན་ན། མི་སྣ་དེ་འཚོ་བའི་དུས་རབས་དང་ལོ་རྒྱུས་སྟེང་བསྒྲུབས་པའི་དོན་དག་གལ་ཆེན་གྱི་རིགས། དེར་མ་ཟད་ད་དུང་རྗེས་རབས་པས་ཁོང་ལ་གདེང་འཇོག་ཅི་འདྲ་བྱེད་ཀྱིན་ཡོད་པ་གསལ་པོར་བཤད་དགོས།
མི་སྣའི་གནས་ཚུལ་གསལ་བཤད་བྱེད་པའི་གསལ་བཤད་རྩོམ་ཡིག་དང་མི་སྣའི་བྱུང་བ་ལྷུག་བརྗོད་བྱེད་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་གཉིས་ལ་ཁྱད་པར་ཡོད། མི་སྣ་ལྷུག་བརྗོད་བྱེད་ན། གཙོ་བོར་མི་སྣའི་སྔོན་བྱས་ཀྱི་བྱ་བ་གལ་ཆེན་དག་ཅུང་ཞིབ་ཚགས་ཀྱིས་བྲིས་ཏེ་མི་སྣའི་རང་བཞིན་དང་གཤིས་ཀའི་ཁྱད་ཆོས་མཚོན་པར་བྱེད་དགོས། གནས་ཚུལ་མི་ཉུང་བ་ཞིག་གི་འོག་ནས་ཕྱོགས་གཅིག་གམ། ཡང་ན། ཕྱོགས་འགའི་གནས་ཚུལ་གལ་ཆེར་བཟུང་སྟེ་ལྷུག་བརྗོད་བྱས་ན་ཆོག
གསལ་བཤད་རྩོམ་ཡིག་གིས་མི་སྣ་གསལ་བཤད་བྱེད་དུས། མི་སྣའི་ཕྱོགས་ཡོངས་ཀྱི་གནས་ཚུལ་ཡོད་ཚད་ཁ་གསལ་ལ་མདོར་བསྡུས་ཀྱིས་ངོ་སྤྲོད་དགོས། དོན་གྱི་བྱུང་བ་ལྷུག་བརྗོད་དམ། ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་བསྡུར་ན་ཅུང་ཟད་རགས་བསྡུས་ཤིག་ཡིན་པས། ཇི་བཞིན་བརྗོད་པའི་རྩོམ་ཡིག་ལྟར་ཅུང་ཟད་ཞིབ་ཚགས་ཀྱིས་འབྲི་མི་དགོས། སྐབས་ལ་ལར་ཅུང་ཟད་ཞིབ་ཚགས་ཀྱིས་ལྷུག་བརྗོད་བྱེད་མོད། དེ་ནི་མི་སྣའི་བསམ་བློའི་འཇིག་རྟེན་མཚོན་པར་བྱེད་པ་མ་ཡིན་པར། མི་སྣ་རང་ཉིད་ལ་ཁྱད་ཆོས་ཅི་ཞིག་ཡོད་པ་གསལ་བཤད་བྱེད་པའི་ཆེད་དུ་ཡིན། འདི་གཉིས་ཀྱི་ཁྱད་པར་འབྱེད་མ་ཐུབ་ན། མི་སྣ་ངོ་སྤྲོད་བྱེད་པའི་གསལ་བཤད་རྩོམ་ཡིག་དེ་མི་སྣ་གསར་སྐྲུན་བྱེད་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་ཏུ་འབྲི་ཡང་སྲིད།

དོན་གྲུབ་རྒྱལ།

དོན་གྲུབ་རྒྱལ་གྱི་པུར་མིང་ལ་རང་གྲོལ་ཟེར། ༡༩༥༣ ལོར་མདོ་སྨད་གཅན་ཚའི་སྣང་རའི་ཁོངས་དགུ་རོང་ཕུ་བ་ཞེས་པའི་གྲོང་དུ་སྐྱེས་ཤིང་མི་རིགས་ཀྱི་ལ་རྒྱ་འཛིན་པའི་སྙིང་སྟོབས་ཅན་ཞིག་དང། ལྷག་པར་དུ་དེང་རབས་བོད་ཀྱི་རྩོམ་རིག་སྟེང་མི་གླེང་ཀ་མེད་ཀྱི་ཚབ་མཚོན་མི་སྣ་ཞིག་ཡིན།
ཁོང་སྔ་ཕྱིར་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་དང་སྐབས་དེའི་རྒྱ་ནག་དབུས་གཞུང་གི་མི་རིགས་སློབ་ཆེན་དུ་ཞུགས་པར་མ་ཟད། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་གསར་འགོད་དང་སྙན་སྒྲོན་པ། ཀྲུང་དབྱང་མི་རིགས་སློབ་ཆེན་དང་མཚོ་ལྷོ་དགེ་ཐོན་སློབ་གྲྭ་གཉིས་ནས་དགེ་རྒན་གྱི་ཕྱག་ལས་གནང་མྱོང།
༡༩༨༡ ལོར་ཁོས་བྲིས་པའི་《འབོལ་རྩོམ་ཞོགས་པའི་སྐྱ་རེངས》པར་དུ་བསྐྲུན་པ་དེ་ནི་བོད་ཀྱི་རིག་གནས་སླར་གསོ་བྱུང་བའི་ཚུན་ནས་བོད་པ་གཞོན་སྐྱེས་ཀྱིས་བརྩམས་དེབ་པར་སྐྲུན་བྱས་པ་ཐོག་མ་དེ་ཡིན་ཞིང། སྦྲང་ཆར་དུས་དེབ་ཏུ་“སྤྲུལ་སྐུ”་ཞེས་པའི་བརྩམས་སྒྲུང་ཞིག་བཏོན་པ་དེས་སྤྱི་ཚོགས་ལ་གྲག་འགུལ་མི་ཆུང་བ་བཟོས། ༡༩༨༣ ལོར་རང་མོས་སྙན་ངག་གི་ཐོག་མ་“ལང་ཚོའི་རྦ་ཆུ་”བརྩམས་ཏེ་བོད་ཀྱི་རྩོམ་རིག་གི་འཇིག་རྟེན་ལ་གཞུང་ལམ་གསར་པ་ཞིག་བཏོད། ཨེ་མ། མཚོ་སྔོན་པོ་ཞེས་པའི་གཞས་ཚིག་ཅིག་བརྩམས་ནས་དབྱངས་རྩོམ་པ་པོ་གཅོད་པ་ཐར་གྱིས་དབྱངས་སྦྱར་བ་སྐད་ཅིག་དེ་ཉིད་ལ་བོད་ཁམས་ཡོངས་སུ་ཁྱབ། རང་ལོ་སོར་གཉིས་སྟེང་མཚོ་ལྷོར་སྐུ་གཤེགས།
ཁོང་སྐུ་གཤེགས་རྗེས། བརྩམས་ཟིན་པ་དང་རྩོམ་འཕྲོར་ལུས་པ་ལག་སོན་བྱུང་བ་མཐའ་དག་ཕྱོགས་བསྒྲིགས་བྱས་ཏེ་པར་སྐྲུན་བྱས་པའི་དེབ་དང་པོ་དེ་སྙན་ངག་དང། གཉིས་པ་ནི་བརྩམས་སྒྲུང། གསུམ་པ་ནི་དཔྱད་རྩོམ། བཞི་པ་ནི་སྒྱུར་རྩོམ། ལྔ་པ་ནི་འགྲེལ་རྩོམ། དྲུག་པ་ནི་ཐོར་རྩོམ་གྱི་སྐོར་བཅས་དེབ་དྲུག་ཡོད།
ཁོང་སྐུ་དངོས་སུ་བཞུགས་སྐབས་ཁོང་གི་སྙན་གྲགས་དང་ངན་གྲགས་གཉིས་ཀ་ཕན་ཚུན་ལ་འགྲན་པ་ལྟར་ཁྱབ་ཀྱི་ཡོད་མོད། ད་ལྟ་སྤྱི་ཚོགས་སྟེང་དུ་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་ཞིག་གིས་ཁོང་ལ་དེང་རབས་བོད་ཀྱི་རྩོམ་རིག་གི་དེད་དཔོན་དང། གཞོན་སྐྱེས་མཁས་པའི་དབང་པོ་སོགས་མཚན་གྱི་རྣམ་གྲངས་དུ་མས་བསྟོད་ཅིང། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སོགས་མཁས་པ་མི་ཉུང་བ་ཞིག་གིས་ཀྱང་གདེང་འཇོག་མི་དམན་པ་བྱེད་ཀྱིན་ཡོད་པར་མ་ཟད། ཁོང་གི་སྐོར་ལ་ཞིབ་འཇུག་བྱེད་པའི་རྒྱུན་ཡང་ད་ལྟའི་བར་མ་ཆད་པར་ཡོད།

དཔྱད་མཆན།

རྩོམ་ཐུང་འདིའི་འགོ་ནས་“དོན་གྲུབ་རྒྱལ་གྱི་པུར་མིང་ལ་རང་གྲོལ་ཟེར།” ཞེས་པའི་ཚིག་འདི་ཁོ་ནས་ངོ་སྤྲོད་བྱ་འདོད་པའི་མི་སྣ་དེ་ནི་རྩོམ་པ་པོ་ཞིག་ཡིན་པ་གསལ་པོ་ཐག་བཅད་ཡོད་པས། ངོ་སྤྲོད་སྐབས་གཙོ་བོ་འབྲེལ་ཡོད་རྩོམ་རིག་སྐོར་ནས་ངོ་སྤྲོད་བྱེད་དགོས་པའང་རང་ཤུགས་ཀྱིས་རྟོགས་ཐུབ།
རྩོམ་པ་པོས་གོ་སླ་བའི་ཚིག་གི་སྦྱོར་བ་ལ་བརྟེན་ནས་ངོ་སྤྲོད་བྱ་ཡུལ་གྱི་མི་སྣ་དེའི་དངོས་མིང་དང་པུར་མིང། སྐྱེས་ཡུལ། ཐོབ་ཐང་སོགས་གོ་རིམ་ལྡན་པའི་ངང་གསལ་བཤད་བྱས་ཡོད་པར་མ་ཟད། རྩོམ་རིག་སྐོར་ནས་བྱས་རྗེས་ཅི་ཙམ་བཞག་པ་དང་སྤྱི་ཚོགས་ཀྱིས་གདེང་འཇོག་ཅི་ཙམ་བྱས་པའང་ལེགས་ཉེས་ཚང་མ་གསལ་པོར་བཀོད་ཡོད་པས། རྩོམ་ཡིག་འདི་བཀླགས་རྗེས་དོན་གྲུབ་རྒྱལ་ཟེར་བའི་མི་སྣ་དེ་ཅི་འདྲ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ།
རྩོམ་ཡིག་འདིར་ཡུལ་དུས་གནས་བབ་དང། བྱ་བའི་འབྱུང་རྐྱེན་སོགས་ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་ཚང་དགོས་པ་དག་འཁོད་ཡོད་པ་བདེན་མོད། དེ་དག་ནི་མི་སྣ་གསལ་པོར་ངོ་སྤྲོད་པའི་རམ་འདེགས་ཀྱི་ཐབས་སུ་སྤྱད་པ་ལས། མི་སྣའི་འགུལ་སྐྱོད་ལ་བརྟེན་ནས་མི་སྣ་བཞེངས་སྐྲུན་བྱེད་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་འབྲི་སྟངས་མིན།