ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། གཅན་རོང་བསྟན་འཛིན།

གཞི་རིམ་སློབ་གསོ་འབྱུང་འགྱུར་དང་དེང་རབས་ཅན་ལ་ཁ་ཕྱོགས་དགོས་པར་མ་ཟད། ད་དུང་འཛམ་གླིང་ལ་ཁ་ཕྱོགས་ཏེ་སློབ་གྲོགས་རྣམས་ལ་རྒྱལ་སྤྱིའི་འཇོན་ཐང་མི་སྣའི་རྨང་གཞིའི་སྤུས་ཚད་ཆགས་པར་གཙིགས་ཆེན་དང་ཤུགས་སྣོན་བྱེད་རྒྱུ་ནི་དུས་རབས་འཕེལ་རྒྱས་ཀྱི་རེ་སྙེག་གལ་ཆེ་བ་ཞིག་རེད།
གཅིག རྒྱལ་སྤྱིའི་འཇོན་ཐང་མི་སྣ།
སྤྱི་ཚོགས་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་དང་དུས་རབས་ཀྱི་རེ་སྙེག་མི་འདྲ་བའི་དབང་གིས་མི་རྣམས་ཀྱི་འཇོན་ཐང་མི་སྣའི་ལྟ་ཚུལ་མི་འདྲ་ལ། ལྟ་ཚུལ་དེའི་དབང་གིས་སློབ་གསོ་བ་རྣམས་ཀྱིས་སློབ་མ་སྐྱེད་སྲིང་བྱེད་ཚུལ་དང་སྐྱེད་སྲིང་བྱས་བའི་སློབ་མའི་སྤུས་ཚད་སོགས་གཏན་ནས་མི་འདྲ་བས། སྤྱི་ཚོགས་འཕེལ་རྒྱས་ལ་དངོས་དང་བརྒྱུད་དེ་ཤན་ཤུགས་ཐེབས་བཞིན་ཡོད།
འདིའི་ཐད་ནས་མིའི་འཚོ་གནས་ཐག་གཅོད་བྱེད་བཞིན་པའི་རོང་འབྲོག་ས་ཁུལ་གྱི་རྨང་གཞི་སློབ་གསོ་ལ་བསམ་གཞིགས་བཏང་ན། གཞི་རིམ་དང་མེས་རྒྱལ་འཕེལ་རྒྱས་ཀྱི་མཐོ་ཚད་ནས་ལངས་བ་དང་འཕེལ་རྒྱས་ཀྱི་མིག་རྒྱང་རིང་བ། རང་ཉིད་འཕེལ་རྒྱས་ཀྱི་ཤེས་ཡོན་ཕུན་སུམ་ཚོགས་པ། རིགས་སོ་སོའི་མི་དམངས་ལ་བརྗེ་རེས་དང་གླེང་མོལ་བྱེད་ཐུབ་པའི་སྤུས་ཚད་འཕེལ་རྒྱས་ལ་གཙིགས་ཆེན་བྱེད་དགོས་བར་མ་ཟད། ད་དུང་རྒྱལ་སྤྱིའི་མཐོ་ཚད་ནས་ལངས་བ་དང་རྒྱལ་སྤྱིའི་མིག་རྒྱང་ཡོད་ལ། རྒྱལ་སྤྱིའི་ཤེས་ཡོན་ཕུན་སུམ་ཚོགས་པ། རྒྱལ་སྤྱིའི་བརྗེ་རེས་དང་གླེང་མོལ་གྱི་ནུས་པ་ལྡན་པའི་རྒྱལ་སྤྱིའི་འཇོན་ཐང་མི་སྣའི་རྨང་གཞིའི་སྤུས་ཚད་ཆགས་པར་གཙིགས་ཆེན་བྱེད་དགོས་བ་ལས། དབྱིན་ཡིག་དབྱིན་སྐད་སློབ་སྦྱོང་བྱས་བ་ཙམ་གྱིས་རྒྱལ་སྤྱིའི་འཇོན་ཐང་མི་སྣའི་ནུས་པ་ཐམས་ཅད་འཛོམས་པ་མ་ཡིན་ཏེ། དབྱིན་ཡིག་དབྱིན་སྐད་ནི་ཉིན་རེ་བཞིན་གལ་འགངས་ཇེ་ཆེར་འགྲོ་བཞིན་ཡོད་མོད། འོན་ཀྱང་། དེ་ཉིན་རེར་སྤྱིར་བཏང་བ་ཞིག་ཏུ་འང་འགྱུར་བཞིན་ཡོད། མཐར་གཏུག་ནས་བཤད་ན་དབྱིན་ཡིག་དབྱིན་སྐད་ཀྱང་བསམ་བློ་བརྗེ་རེས་ཀྱི་ཡོ་བྱད་ཙམ་ཞིག་ཡིན་པས། རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་བསམ་བློ་དང་། ཤེས་བྱ། རྩལ་ནུས། སྤུས་ཚད་སོགས་དེ་ལས་ཀྱང་གཙིགས་ཆེན་བྱེད་པ་ལས། དབྱིན་ཡིག་དབྱིན་སྐད་ཀྱིས་རྒྱལ་སྤྱིའི་འཇོན་ཐང་མི་སྣའི་སྤུས་ཚད་ཐམས་ཅད་ཀྱི་ཚབ་བྱེད་ཐུབ་པ་མ་རེད།
འཇོན་ཐང་མི་སྣའི་ཐད་ནས་བཤད་ན། གཞི་རིམ་གྱི་འཇོན་ཐང་མི་སྣ་ཡིན་ལ་རྒྱལ་ཁབ་རིམ་པའི་འཇོན་ཐང་མི་སྣ་མ་ཡིན་པའི་མུ་ཡོད་ལ། རྒྱལ་ཁབ་རིམ་པའི་འཇོན་ཐང་མི་སྣ་ཡིན་ལ་གཞི་རིམ་གྱི་འཇོན་ཐང་མི་སྣ་མ་ཡིན་པའི་མུ་ཡང་ཡོད་པར་མ་ཟད་། གཞི་རིམ་དང་རྒྱལ་ཁབ་རིམ་པའི་འཇོན་ཐང་མི་སྣ་ཡིན་ལ་རྒྱལ་སྤྱིའི་འཇོན་ཐང་མི་སྣ་མ་ཡིན་པའི་མུ་དང་རྒྱལ་སྤྱིའི་འཇོན་ཐང་མི་སྣ་ཡིན་ལ་གཞི་རིམ་དང་རྒྱལ་ཁབ་རིམ་པའི་འཇོན་ཐང་མི་སྣ་མ་ཡིན་པའི་མུ་སོགས་ཡོད་ལ། འཇོན་ཐང་མི་སྣ་དེ་དག་གི་འཇོན་ཐང་གི་ཁྱད་རྩལ་མི་འདྲ་བས་སྤྱི་ཚོགས་ལ་ཤན་ཤུགས་ཐེབས་ཚད་གཏན་ནས་མི་འདྲ་ནའང་། འཇོན་ཐང་མི་སྣའི་རྨང་གཞིའི་སྤུས་ཚད་དེ་དག་སུ་ཡིན་ཀྱང་ཚང་མར་མེད་མི་རུང་བས། གཞི་རིམ་གྱི་རྨང་གཞི་སློབ་གསོས་སློབ་མའི་སྤུས་ཚད་འདི་དག་སྐྱེད་སྲིང་ལ་གཙིགས་ཆེན་བྱས་ཚེ་ད་གཟོད་རྒྱལ་སྤྱིའི་འཇོན་ཐང་མི་སྣ་ཡིན་ལ་རྒྱལ་ཁབ་རིམ་པ་དང་གཞི་རིམ་གྱི་འཇོན་ཐང་མི་སྣ་ཡང་ཡིན་པའི་མུ་གསར་བ་ཞིག་འབྱུང་ངེས་ཡིན་པས། སྤྱི་ཚོགས་འཕེལ་རྒྱས་ལ་ཤན་ཤུགས་དེ་བས་ཀྱང་ཆེ་བ་ཐེབས་ངེས་རེད་སྙམ།
གཉིས། ཡང་དག་པའི་སློབ་གསོའི་ལྟ་ཚུལ།
ཡང་དག་པའི་སློབ་གསོའི་ལྟ་ཚུལ་གྱིས་སློབ་མའི་ཕྱོགས་ཡོངས་ཀྱི་སྤུས་ཚད་འཕེལ་རྒྱས་སུ་གཏོང་ལ། ཕྱོགས་རེ་བའི་སློབ་གསོའི་ལྟ་ཚུལ་གྱིས་སློབ་མའི་ཕྱོགས་རེ་བའི་སྤུས་ཚད་ཙམ་ལས་མཐོར་འདེགས་གཏོང་མི་ཐུབ།
རྒྱུས་ལོན་བྱུང་བ་ལྟར་ན། རང་རེའི་རྨང་གཞི་སློབ་གསོ་འཛམ་གླིང་གི་སྔོན་གྲས་སུ་གནས་ཡོད་ནའང་སློབ་མའི་ལག་འགུལ་བཀོལ་སྤྱོད་ནུས་རྩལ་འཛམ་གླིང་གི་རྗེས་སུ་ལུས་ཡོད། གནད་དོན་འདི་ལ་བསམ་གཞིགས་བཏང་ན། རང་རེའི་སློབ་མ་རྣམས་ལ་ལྷན་སྐྱེས་ནས་རྨང་གཞི་སློབ་གསོའི་ཤེས་ནུས་ཕུན་སུམ་ཚོགས་ལ་ལག་འགུལ་བཀོལ་སྤྱོད་ནུས་རྩལ་ཞན་པ་གཏན་ནས་མ་ཡིན་ཏེ། ང་ཚོས་རྒྱུན་པར་ཁ་ནས་ཀུན་སྤྱོད་དང་ཤེས་རིག ངལ་རྩོལ། མཛེས་རིག་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས་ཞེས་བཤད་ཀྱང་། དོན་ངོ་མའི་སྟེང་ནས་ཚང་མས་གཙིགས་སུ་འཛིན་པ་ནི་ཤེས་རིག་ཁོ་ནར་གྱུར་པས། སློབ་མ་བཟང་ངན་ནི་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་མིན་གྱིས་ཐག་གཅོད་པ་དང་། དགེ་རྒན་བཟང་ངན་ཡང་སློབ་མ་སློབ་ཆེན་འགྲིམས་ཚད་ཀྱིས་ཐག་གཅོད་ལ། སློབ་གྲྭའི་བཟང་ངན་ཡང་སློབ་ཆེན་འགྲིམས་ཚད་ཀྱི་བརྒྱ་ཆའི་གྲངས་ཀྱིས་ཐག་གཅོད་བཞིན་ཡོད་པས། ཤེས་རིག་གམ་ཡང་ན་སྐར་གྲངས་ཀྱིས་ཕྱོགས་ཡོངས་ཀྱི་ཚབ་བྱས་པ་ལ་བརྟེན་ནས་སློབ་མའི་རྩལ་ནུས་ཞན་པའི་མཇུག་འབྲས་འདི་བྱུང་བ་རེད་སྙམ།
དཔེ་ཆ་ངོས་ཀྱི་ཤེས་རིག་ཁོ་ན་གཙིགས་སུ་འཛིན་པའི་སློབ་གསོ་སྤེལ་དྲགས་ཚེ། དོན་དངོས་ཀྱི་འཚོ་བ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དག་ལ་བར་ཐག་ངེས་ཅན་ཞིག་ཤོར་བའི་དཔེ་སྟེང་བྲོ་གར་བ་མང་པོ་འབྱུང་ངེས་ཡིན་པས། སློབ་གསོ་བབས་བསྟུན་མདུན་བསྐྱོད་བྱེད་པར་གཙིགས་ཆེན་བྱེད་དགོས། མཚམས་སྦྱོར་ལྟར་ན། ཕྱི་གླིང་བའི་སློབ་གྲྭ་ལ་མཚོན་ན་རྒྱལ་སྤྱིའི་སྟེང་བྱུང་བའི་དོན་རྐྱེན་ཆེན་པོའི་བརྡ་འཕྲིན་མྱུར་དུ་སློབ་གྲྭ་དང་སློབ་ཁང་དུ་འགྲོ་སྟེ། དཔེར་ན། ན་ནིང་ཧྥ་རན་སིའི་སློབ་གྲྭ་མང་བོས་ཨོའུ་སྒོར་གྱི་དོན་དངོས་བཀོལ་སྤྱོད་ཕྱོགས་སུ་སྤྲོ་སྣང་ལྡན་པའི་སློབ་གསོའི་བྱ་འགུལ་མང་པོ་སྤེལ་ནས་སློབ་མའི་ཕྱོགས་བསྡུས་ནུས་པ་སྐྱེད་བསྲིང་བྱེད་པ་ལྟ་བུ་རེད།
སློབ་གསོ་ལ་གསོན་ཤུགས་མེད་པར་སྐར་གྲངས་དང་སློབ་གྲྭ་འགྲིམས་པ་ཁོ་ན་གཙིགས་སུ་བཟུང་ཚེ་སློབ་མའི་འགྲོ་འདུག་ཉལ་གསུམ་གྱི་འཚོ་བའི་ནུས་པ་ཡན་ཆད་ལ་ཤན་ཤུགས་ཐེབས་ངེས་རེད།
དེ་བས། ཐོག་མར་སློབ་མའི་འཚོ་གནས་དང་འཚོ་སྡོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་དགོས་ལ། འཚོ་བ་དང་འཚོ་གནས་ཤེས་ཚེ་ད་གཟོད་ཆེད་ལས་ལ་རྒྱལ་ཁ་ཐོབ་ངེས་རེད།
གསུམ། ནུས་པ་དང་མི་གཤིས།
བྱིས་པའི་ནུས་པ་སྐྱེད་སྲིང་ནི་བྱིས་པའི་མི་ཚེ་ཧྲིལ་བོའི་འཚོ་གནས་ལ་འབྲེལ་བ་དམ་པོ་ཡོད་པའི་བྱ་བ་གལ་ཆེན་ཞིག་ཡིན་པར་མ་ཟད། མིའི་ནུས་པ་བཟང་ངན་དང་མི་གཤིས་ཆགས་པ་ལ་ཚད་མི་འདྲ་བའི་སྒོ་ནས་ཤན་ཤུགས་ཐེབས་བཞིན་ཡོད་པས། མིའི་ནུས་པ་བཟང་ངན་གྱིས་མི་གཤིས་ཐག་གཅོད་བྱེད་བཞིན་ཡོད་ལ། མི་གཤིས་བཟང་ངན་གྱིས་མི་ཚེའི་རིན་ཐང་ཧྲིལ་བོ་ཐག་གཅོད་བྱེད་བཞིན་ཡོད་དེ། དཔེར་ན། ཤེས་བྱ་ཡོན་ཏན་ཕུན་སུམ་ཚོགས་ཀྱང་མི་གཤིས་ཞན་ཚེ་སྤྱི་ཚོགས་ལ་ཕན་ལས་གནོད་པ་ཆེ་བ་གང་མང་ཞིག་ཡོད་པ་དང་། མི་གཤིས་ཕུན་སུམ་ཚོགས་ཚེ་ཤེས་ནུས་ཅུང་ཞན་ན་ཡང་སྤྱི་ཚོགས་ལ་ཕན་པ་ཆེ་བའི་དོན་དངོས་འདི་དག་གིས་ནུས་པ་གལ་ཆེ་ལ་མི་གཤིས་དེ་བས་ཀྱང་གལ་ཆེ་བར་མ་ཟད། ནུས་པ་རབ་འབྲིང་ཐ་གསུམ་ལ་བརྟེན་ནས་མི་གཤིས་རབ་འབྲིང་ཐ་གསུམ་ཆགས་པ་ཡིན་པས། ནུས་པ་སྐྱེད་སྲིང་གི་སློབ་གསོར་སྔར་ལས་གཙིགས་ཆེན་བྱེད་དགོས་པ་རེད།
ཐོག་མར་དཀའ་ཁག་དང་སྐྱོན་བརྗོད། ཟུར་ཟ། མགོ་གནོན་སོགས་ཐེག་པའི་དཔའ་ངར་བརྟན་བརླིང་གི་བསམ་བློའི་སྤུས་ཚད་དང་ནུས་རྩལ་ཕུན་སུམ་ཚོགས་པ་ཞིག་མེད་ཚེ་འགྲན་རྩོད་དུས་རབས་ཀྱི་ནང་དུ་དཀའ་ཁག་སྣ་ཚོགས་ཀྱིས་ཕམ་ཁའི་ལམ་དུ་བསྐྱལ་ངེས་ཡིན་པས། ཆུང་དུས་ནས་ནུས་པ་དང་མི་གཤིས་ཀྱི་སྤུས་ཚད། སྤོབས་པ་བཅས་སྐྱེད་སྲིང་བྱེད་རྒྱུ་ཡང་ཧ་ཅང་གལ་ཆེ་བ་ཞིག་རེད་སྙམ། སྤྱི་ཚོགས་ཀྱི་ལག་ལེན་ནི་གཞུང་ལུགས་ཀྱི་མ་ཡུམ་དང་བསླབ་དེབ་གསོན་པོ་ཞིག་ཡིན་པས། སྤྱི་ཚོགས་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་དང་ལྟ་ཞིབ་ཀྱི་སློབ་སྦྱོང་། ལག་ལེན་རང་བཞིན་གྱི་སློབ་སྦྱོང་། གཤིབ་བསྡུར་རང་བཞིན་གྱི་སློབ་སྦྱོང་དང་སློབ་ཁྲིད་བྱེད་པར་གཙིགས་ཆེན་བྱེད་དགོས་པ་ལས། དགེ་རྒན་དང་ཁྱིམ་བདག་རྣམས་ཀྱིས་སློབ་མའི་སློབ་སྦྱོང་གི་ཕྱོགས་ལ་ཚོད་འཛིན་ཐལ་དྲགས་མི་རུང་ལ་གཏན་ནས་དོ་དམ་མ་བྱས་ན་ཡང་མི་ཆོག་པས། སློབ་མའི་སློབ་སྦྱོང་ཕྱོགས་ཀྱི་བྱ་བ་གང་ཞིག་སློབ་གྲྭ་དང་ཁྱིམ་བདག་གི་འགན་དབང་ཡིན་པ་དང་། གང་ཞིག་སློབ་མ་དང་སྤྱི་ཚོགས་ཀྱི་འགན་དབང་ཡིན་པ་ལ་བསམ་གཞིགས་དང་ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་བྱེད་དགོས། དཔེར་ན། ཁྱིམ་བདག་སྐོར་ཞིག་གིས་བྱིས་པའི་སློབ་གྲྭའི་ལས་བྱ་ཡན་ཆད་རང་གིས་འབྲི་བ་དང་། དམའ་འབྲིང་གི་སློབ་མའི་གྱོན་པ་ཁྱིམ་བདག་གིས་བསྐོན་པ། སློབ་ཆུང་གི་སློབ་མར་ཟ་མ་ཁ་ནང་དུ་འཇོག་པ་སོགས་ཀྱི་བྱེད་སྟངས་དེས་བྱིས་པའི་ཁེར་རྐྱང་གི་འཚོ་གནས་དང་མི་ཇི་ལྟར་བྱེད་ཚུལ། དོན་ཇི་ལྟར་སྒྲུབ་ཚུལ་སོགས་ཀྱི་སྤུས་ཚད་འཕེལ་རྒྱས་ལ་ཤན་ཤུགས་ཚབས་ཆེན་ཐེབས་ངེས་རེད།
འོན་ཀྱང་སློབ་མ་རྣམས་སློབ་ཆེན་འགྲིམས་སྐབས་ཕྱིན་ཆད་རང་གི་འཕེལ་རྒྱས་ཀྱི་རེ་བ་ཕྱོགས་གང་ན་ཡོད་པ་ཐག་གཅོད་བྱེད་རྒྱུ་ནི་སློབ་མའི་མི་ཚེ་ལ་ཐད་ཀར་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་མོད། བསམ་ཡུལ་ལས་འདས་པ་ཞིག་ནི་འགན་འཁུར་འདི་དག་ཐམས་ཅད་སློབ་མ་དང་ཁྱིམ་བདག་ཁོ་ནའི་སྟེང་དུ་དེད་ཡོད་པ་རེད། ཕྱི་གླིང་ལ་མཚོན་ན། སློབ་མ་སློབ་ཆེན་འགྲིམས་པའི་སྔོན་དུ་སློབ་གྲྭ་དང་དགེ་རྒན་གྱིས་སློབ་མ་རེ་རེའི་ཕྱོགས་ཡོངས་ཀྱི་གནས་ཚུལ་དབྱེ་ཞིབ་ཆ་ཚང་བ་བྱས་རྗེས། ཕྱིན་ཆད་ཆེད་ལས་གང་གི་ཕྱོགས་ལ་རེ་བ་ཆེ་ན། ཡིག་ཐོག་ནས་སློབ་མ་རེ་རེར་དོན་དངོས་དང་མཐུན་པའི་བསམ་འཆར་འདོན་པ་ལྟ་བུ་རེད།
དེ་བས། སློབ་གསོའི་ཆོས་ཉིད་དང་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་སྤྱི་ཚོགས་དང་། སློབ་གྲྭ། ཁྱིམ་བདག སློབ་མ་རྣམས་ཀྱིས་རང་རང་གི་འགན་དབང་རང་རང་གིས་དང་དུ་ལེན་རྒྱུ་དེ་ཡང་བྱིས་པའི་མདུན་ལམ་ལ་ཐད་ཀར་རག་ལས་བའི་བྱ་བ་གལ་ཆེན་ཞིག་ཡིན་ལ། མཐོ་རིམ་སློབ་གྲྭ་འགྲིམས་སྐབས་སློབ་གྲྭ་དང་ཆེད་ལས་འདེམས་ཏེ་རེ་བ་འབྲི་རྒྱུ་ནི་སློབ་མ་དང་ཁྱིམ་བདག་ཁོ་ནས་ཐག་གཅོད་ནུས་པ་ཞིག་མ་ཡིན་པས། སློབ་གྲྭ་སོ་སོས་འགན་ཁུར་ཏེ་སློབ་མ་རེ་རེར་ཕྱིན་ཆད་སྐྱེད་སྲིང་གི་བསམ་འཆར་འདོན་པ་ལས་འགན་ཁུར་ཡོད་ཚད་ཁྱིམ་བདག་གི་སྟེང་དུ་འདེད་མི་རུང་ལ་ཁྱད་པར་དུ་གཞི་རིམ་ན་གནད་དོན་འདིས་སློབ་མའི་མདུན་ལམ་དང་མི་ཚེ་ལ་ཤན་ཤུགས་ཚབ་ཆེན་ཐེབས་བཞིན་ཡོད།
བཞི་པ། རང་ཉིད་དང་འཛམ་གླིང་།
དུས་རབས་འཕེལ་རྒྱས་ཀྱི་དབང་གིས་རང་ཉིད་དང་འཛམ་གླིང་གི་བར་ཐག་ཇེ་ཉེ་ནས་ཇེ་ཉེར་འགྱུར་བཞིན་ཡོད་པས། ཕྱི་གླིང་གི་ཡིག་རིགས་དང་སྐད་རིགས་སྦྱང་བ་དང་མཉམ་དུ་ཁོ་ཚོའི་སྔོན་ཐོན་གྱི་བྱེད་ཐབས་དང་སྔོན་ཐོན་གྱི་ལྟ་ཚུལ་ལ་སློབ་སྦྱོང་བྱས་ཏེ། འགྲན་རྩོད་ཀྱི་ནུས་པ་དང་རྒྱལ་སྤྱིའི་འཇོན་ཐང་མི་སྣའི་རྨང་གཞིའི་སྤུས་ཚད་མཐོར་འདེགས་ཡོང་བར་གཙིགས་ཆེན་བྱེད་དགོས་པར་མ་ཟད། ད་དུང་རང་གི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱས་ནས་རང་གི་ཤེས་ཡོན་གྱི་གྲུབ་ཆ་གྱ་ནོམ་པ་ཞིག་ཏུ་གཏོང་དགོས་པ་ལས་ཇི་ལྟར་ནུབ་ལུགས་ཅན་ཏུ་བསྒྱུར་ན་དེ་ལྟར་འཛམ་གླིང་དུ་ཁ་ཕྱོགས་པ་ཡིན་པའི་ངེས་པ་ག་ལ་ཡོད་སྙམ།
རིག་གནས་ཀྱིས་མིའི་སྤུས་ཚད་ཀྱི་ཚབ་བྱེད་བཞིན་ཡོད་པས། ཕྱོགས་སོ་སོའི་ཤེས་བྱ་མང་པོ་འཛོམས་དགོས་ལ་རྒྱུན་མི་ཆད་པར་སྡེབ་སྒྲིག་བྱེད་དགོས་མོད། འོན་ཀྱང་ནུབ་ལུགས་ཀྱི་སྔོན་ཐོན་རིག་གནས་ཁྲོད་ནའང་རྗེས་ལུས་ཀྱི་ཆ་མི་ཉུང་བ་ཞིག་ཡོད་ངེས་རེད།
དེ་བས། ཐོག་མར་རང་གི་ཕུན་སུམ་ཚོགས་པའི་རིག་གནས་དང་ལོ་རྒྱུས་ལ་སློབ་སྦྱོང་དཔྱིས་ཕྱིན་པ་ཞིག་བྱས་ཏེ། རྒྱལ་གཅེས་དང་དམངས་གཅེས་ཕ་ཡུལ་ལ་གཅེས་བའི་སྤུས་ཚད་ཀྱི་རྨང་གཞིའི་སྟེང་དུ་འཛམ་གླིང་སྔོན་ཐོན་ཤེས་རིག་གི་སྤུས་ཚད་ཀྱི་རྨང་གཞི་ཆགས་པར་གཙིགས་ཆེན་བྱེད་དགོས་བ་རེད་སྙམ་མོ། །