བསྟན་འཛིན་འོད་ཟེར།
སྦེལ་ཀོབ་སཾ་བྷོ་ཊ། འཛིན་གྲྭ་བཅུ་གཉིས།

ཤེས་གསལ་ལྟར་ཤེས་ཡོན་སློབ་སྦྱོང་ཟེར་བ་གལ་ཆེན་པོ་རེད། ཡིན་ནའང་ང་དང་ང་འདྲ་བའི་སློབ་མ་རྣམས་ཀྱིས་ཤེས་བྱ་ཡོན་ཏན་ཏེ། རྒྱུ་མཚན་གང་ལ་བརྟེན་ནས་སྦྱོང་དགོས་པ་དེ་ཤེས་ན། རང་རེ་ཚོས་སློབ་སྦྱོང་ལ་དོ་སྣང་མང་བ་བྱེད་ཐུབ་ཀྱི་རེད་སྙམ་གྱི་འདུག སློབ་ཕྲུག་ཞིག་ཡིན་ན་སློབ་སྦྱོང་དེ་ཐོག་མར་སོ་སོ་རང་ཉིད་ཀྱི་དོན་དུ་སྦྱོང་དགོས། གང་ཡིན་ཟེར་ན་ང་ཚོས་མི་ཚེ་གང་ཚང་སོ་སོའི་ཕ་མ་ལ་བརྟེན་མི་ཐུབ་པས་རང་སོ་སོའི་རྐང་པའི་སྒང་ལ་ལངས་ནས་མི་བཟང་པོ་ཞིག་ཆགས་ཐུབ་པ་བྱེད་དགོས། གཉིས་པ་རང་གི་བརྩེ་བའི་ཕ་མ་གཉིས་ཀྱི་ཆེད་དུ་སྦྱོང་དགོས། ཁོང་ཚོས་ང་ཚོ་སློབ་གྲྭ་རུ་ཤེས་ཡོན་སྦྱོང་ཆེད་བཏང་བ་རེད། དེར་བརྟེན་ཤེས་ཡོན་ལ་ཧུར་ཐག་བྱེད་རྒྱུ་དེ་ལས་འགན་དང་ཁོང་ཚོའི་བཀའ་དྲིན་འཇལ་བའི་ཐབས་ལམ་ཞིག་ཀྱང་ཡིན། ༧སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་ལྟར་ཤེས་ཡོན་ཡག་པོ་སྦྱངས་ནས་སོ་སོའི་སྤྱི་ཚོགས་ལ་ཞབས་སྤྱི་ཞུ་ཐུབ་པ་བྱེད་དགོས།
བརྩོན་འགྲུས་གཅིག་པོས་སློབ་སྦྱོང་བྱས་ན་གང་ཤེས་པ་དེ་བློ་ཡུལ་དུ་རྒྱུན་རིང་པོ་མི་གནས་པ་དང། ད་དུང་དེས་དུས་ཚོད་མང་པོ་ཞིག་ཆུས་ཟོས་སུ་འགྲོ་བ། མ་ཟད་ལ་ལས་མཚན་མོར་གཉིད་མ་ཉལ་བ་དང། ཡི་གེ་སྦྱོང་དུས་བར་སེང་མ་ལེན་པ་སོགས་བྱས་ནས་ལུས་སེམས་གཉིས་ཀར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། དེར་བརྟེན་སློབ་སྦྱོང་ངམ་ཡི་གེ་གྲུང་པོ་བྱས་ནས་སྦྱོང་རྒྱུ་དེ་གལ་ཆེན་པོ་ཡིན། དུས་ཚོད་མང་ཉུང་གི་གྲངས་འབོར་ལས་ག་ཚོད་ཤེས་ཡོད་མེད་ཀྱི་སྤུས་ཀ་དེ་གལ་ཆེ་བ་རེད། གྲུང་པོའི་ཐོག་ནས་སྦྱངས་ན་དུས་ཚོད་ཐུང་ཐུང་ཞིག་ལ་མང་པོ་ཤེས་ཐུབ་ལ། གོ་དོན་རྣམས་ཐབས་ལམ་འདྲ་མིན་ཁག་བེད་སྤྱོད་བཏང་ནས་སྦྱངས་ན་རང་གིས་དོན་ཡག་པོ་ཤེས་པ་མ་ཟད། ཡུན་རིང་བློ་རུ་ངེས་པའི་ཕན་ཡོན་ཡང་ཡོད།
སློབ་སྦྱོང་གྲུང་པོའི་ཐོག་སྦྱང་གནང་རྒྱུའི་ཐབས་ལམ་ནི་ཐོག་མ་དེ་འཛིན་གྲྭའི་ནང་མདུན་དུ་བསྡད་ན་ལེགས་པ་ཡོད། མདུན་ལ་བསྡད་མ་ཐུབ་ཚེ་འཛིན་གྲྭའི་ནང་དགེན་ལགས་ཀྱིས་སློབ་ཚན་ཁྲིད་པའི་སྐབས་སུ་ཡག་པོ་བྱས་ནས་ཉན་པ་དང། དོ་སྣང་ཡག་པོ་གནང་ནས་ནང་དུ་དགེན་ལགས་ཀྱིས་སློབ་ཁྲིད་གནང་བ་རྣམས་བསྐྱར་སྦྱོང་བྱེད་ཐུབ་ན་རང་གི་སློབ་སྦྱོང་གོང་འཕེལ་དུ་ཕྱིན་པ་ཙམ་དུ་མ་ཟད། ཡིག་རྒྱུགས་སྐབས་སུའང་ཁེ་ཕན་ཆེན་པོ་ཡོད་རེད། ཡང་གལ་ཆེའི་དོན་གནད་རྣམས་ཤོག་བུ་ཆུང་ཆུང་སྟེང་བྲིས་ན་དྲན་པར་སླེབས་མྱུར་བ་དང། རང་གིས་སྦྱངས་ཟིན་པའི་སློབ་ཚན་གྱི་ནང་དོན་རྣམས་བང་རིམ་བསྒྲིགས་ནས་ས་ཁྲ་འདྲ་བ་ཞིག་བྲིས་ཚེ། གང་སྦྱངས་ཟིན་མིན་གསལ་པོར་ཤེས་པ་དང་སྦྲགས་བསྐྱར་སྦྱོང་བྱེད་སླ་བ་ཡང་ཡོད།
དེ་བཞིན་གང་སྦྱོང་རྒྱུ་ལྷག་པ་རྣམས་དང་སློབ་སྦྱོང་གི་འཆར་གཞི་རྣམས་དེབ་ཆུང་ནང་དུ་བཀོད་ཚེ་ནང་ལས་ཡིན་ནའང་དུས་ཐོག་ཏུ་བྱེད་ཐུབ་པ་དང། སློབ་ཚན་ཆད་རྣམས་ཆད་ལྷག་མེད་པར་དུས་ཐོག་ཏུ་སྦྱོང་ཐུབ་པའི་ཁྱད་ཆོས་ཡོད། མ་ཟད་དགེན་ལགས་ཀྱིས་དྲི་བ་ཁག་གི་ལན་གང་བྲིས་གནང་བ་དེ་རང་གིས་མགོ་མ་ཚོད་པ་དང་། རིང་དྲགས་པ་སོགས་ཡོད་ན། རང་གི་ཚིག་ཐོག་ཏུ་བསྡོམས་བརྒྱབ་ནས་ལན་ཐུང་ངུ་ཞིག་སྦྱོང་སླ་བའི་ཆེད་དགེན་ལགས་ལ་བཀའ་འདྲི་ཞུས་ནས་བྲིས་ན་ཕན་རླབས་ཧ་ཅང་ཆེན་པོ་ཡོད།
ལྷག་པར་དུ་རང་གི་འཛིན་གྲོགས་དང་མཉམ་དུ་སློབ་ཚན་དང་འབྲེལ་བའི་གྲོས་བསྡུར་བྱས་ན་ཕན་ཐོགས་ཆེ། རང་གིས་གང་ཤེས་པ་དེ་རོགས་པ་གཞན་ལ་བསླབས་པ་ཡིན་ན། ཁོ་རང་ཚོར་ཕན་ཐོགས་པ་ཙམ་མ་ཟད། རང་ལ་ཡང་བསྐྱར་སྦྱོང་ཡོང་གི་རེད། སློབ་སྦྱོང་བྱེད་སྐབས་བར་སེང་ལེན་རྒྱུ་གནད་འགག་ཅིག་རེད། གལ་སྲིད་ཆུ་ཚོད་གཅིག་རིང་སྦྱངས་ན་སྐར་མ་བཅུ་རིང་བར་སེང་ལེན་པ་སོགས་བྱེད་དགོས། ད་དུང་རང་གིས་སྦྱངས་ཟིན་པ་རྣམས་རང་སོ་སོས་སོ་སོར་ཡིག་རྒྱུགས་གཏོང་བ་དང། བོད་ཡིག་འདྲ་ཡིན་ཚེ་དེབ་ཐོག་ཏུ་ཕབས་ནས་སྦྱངས་ན་རྗེས་སུ་ཡིག་རྒྱུགས་སྐབས་དག་ཆར་ནོར་འཁྲུལ་ཉུང་བ་སོགས་ཀྱི་ཕན་ཐོགས་ཡོད།
སློབ་སྦྱོང་ལས་ལྷག་པ་འཕྲོད་བསྟེན་ཡིན་སྟབས་ཞལ་ལག་དང་ཆབ་སོགས་དུས་ཐོག་ཏུ་མཆོད་དགོས། ཡང་ལུས་རྩལ་རྩེད་ན་སློབ་སྦྱོང་ནུས་པ་ཆེ་བ་བྱེད་ཐུབ་པ་ཡང་ཡོད། འཕྲོད་བསྟེན་ཡག་པོ་ཡོད་ན་རང་བཞིན་གྱིས་སློབ་སྦྱོང་བྱེད་པར་དོ་སྣང་དང་ནུས་པ་ཆེ་བ་ཐོན་གྱི་རེད། ནང་ལས་བྱེད་སྐབས་མང་ཉུང་ལ་མ་བལྟོས་པར་དོ་སྣང་སྤྲད་ནས་བྱས་ན་ནང་ལས་མགྱོགས་པ་ཚར་བ་དང། ནང་ལས་དུས་ཐོག་ཏུ་ཚར་ན་བསྐྱར་སྦྱོང་དང་དཔེ་དེབ་གཞན་བཀླག་རྒྱུའི་དུས་ཚོད་མང་པོ་འཐོབ་པ་ནི་ཆོས་ཉིད་རེད།
དེང་སང་སློབ་ཕྲུག་ཚོར་ལག་ཐོགས་ཁ་པར་མེད་པ་ཕལ་ཆེར་མེད་པས་ཁ་པར་བལྟས་ནས་དུས་ཚོད་སྐྱེལ་དྲགས་ན། མིག་དང་འཕྲོད་བསྟེན་གཉིས་ཀར་གནོད་སྐྱོན་ཤུགས་ཆེན་པོ་བཟོ་ཡི་ཡོད་པ་དང། དམིགས་བསལ་གྱིས་སློབ་སྦྱོང་བྱེད་པར་ཁ་པར་གྱིས་བར་ཆད་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་རང་སྦྱོང་བྱེད་སྐབས་ཁ་པར་རྒྱང་ཐག་རིང་ཙམ་བཞག་པ་དང་། ཡང་ན་མཁའ་འགྲུལ་རྣམ་པ་(Airplane Mode)ལ་བཞག་གནང་དགོས། ཡིག་རྒྱུགས་དུས་སྐབས་སུ་ཁ་པར་ལ་ལག་པ་མ་འཆང་ན་ལེགས། ཡང་ཁ་པར་གྱིས་སློབ་སྦྱོང་བྱེད་པར་བར་ཆད་ལས་མཐུན་རྐྱེན་མི་བྱེད་པ་མིན་ཏེ། བཀོལ་སྤྱོད་གསོག་མཛོད་(Appstore/Playstore)ནས་ཤེས་ཡོན་དང་འབྲེལ་བའི་བཀོལ་སྤྱོད་མཉེན་ཆས་(Apps)ཕབ་ལེན་བྱེད་པ་དང། ཡང་སློབ་ཚན་གྱི་དྲི་བ་གལ་ཆེ་ཁག་གི་ལན་དྲ་རྒྱ་བརྒྱུད་ནས་སྦྱངས་ན་གནས་ཚུལ་གོ་རྟོགས་མང་བ་དང་། ཐབས་ལམ་མང་བ་ཤེས་པའི་ཁེ་ཕན་ཡང་ཡོད་པས། རྟག་ཏུ་ཁ་པར་དེ་བེད་སྤྱོད་བཟང་ཕྱོགས་སུ་གཏོང་བར་འབད་དགོས།
གོང་གི་གནད་དོན་རྣམས་གུས་མོས་སྣང་བ་གང་དྲན་གྱིས་བཀོད་པ་ཞིག་མིན་པར། ལོ་མང་རིང་དངོས་སུ་ལག་ལེན་བསྟར་ནས་རང་གི་མྱོང་བས་ཤེས་ཀྱི་ཡོད་པར་བརྟེན། རང་གི་ཉམས་མྱོང་གཞན་དང་བརྗེ་ལེན་མ་བྱས་ཚེ་བོད་ཀྱི་གཏམ་དཔེར།
བློ་གྲོས་ཁོག་པའི་ནང་དུ་རྒས། །
ཤིང་བཟང་པགས་པའི་འོག་ཏུ་རུལ། །
ཞེས་པ་ལྟར་མ་ཆགས་པ་མི་སྲིད་པས། དམིགས་བསལ་གྱིས་བོད་ཕྲུག་རྣམས་ལ་ཕན་ཐོགས་ཞིག་བྱུང་ན་སྙམ་ནས་བྲིས་པ་ལགས། མཐར་རང་རེ་བོད་ཀྱི་གཞོན་སྐྱེས་ཚོས་ཤེས་བྱ་ཡོན་ཏན་ལ་སྦྱང་བརྩོན་དང་། དོ་དབྱིངས་ཆེ་ཙམ་གནང་ནས་མཉམ་རུབ་དང་ནུས་པ་མཉམ་སྤུངས་ཀྱིས་བོད་རང་དབང་རང་བཙན་ལེན་ཐུབ་པའི་རེ་བ་དང་སྨོན་འདུན་ཡོད། །