བསོད་ནམས་སྒྲོལ་མ། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་དྲུག་པ།

བོད་རྒྱལ་གདུང་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བློན་པོ་ཐོན་མི་སམ་བྷོ་ཊས་རྒྱལ་པོའི་བཀའ་བཞིན་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་སྒྲ་རིག་པ་དང་རྒྱ་གར་གྱི་ལེགས་སྦྱར་སྐད་ལ་སློབ་སྦྱོང་གནང། བོད་དུ་ཕྱིར་ལོག་ཕེབས་རྗེས་ལེགས་སྦྱར་ཡི་གེ་དང་བོད་ཀྱི་སྐད་དང་སྒྲ་གདངས་ལ་ཞིབ་འཇུག་གནང་སྟེ་བོད་ཡིག་གསར་གཏོད་དང་བརྡ་སྤྲོད་ཀྱི་གཞུང་བརྩམས་གནང་བ་རེད། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་སྦྱར་ཐོག་གསུངས་པའི་ནང་ཆོས་རྣམས་བོད་ཡིག་ཏུ་བསྒྱུར། བཀའ་ཡིག་ཆེན་མོ་རྣམ་དྲུག་མཛད་པ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས། དེ་ནས་རིམ་པས་བོད་རྒྱལ་གདུང་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་བྷོ་དྷི་ས་ཏྭ་དང་སློབ་དཔོན་པད་མ་འབྱུང་གནས་གཉིས་བོད་དུ་སྤྱན་དྲངས་པ་མ་ཟད། རྒྱ་བལ་ཡུལ་གྲུ་ཁག་ནས་ཀྱང་པཎྚི་ཏ་མང་པོ་སྤྱན་དྲངས་པ་དང། སྒྲ་སྒྱུར་གྱི་ལོ་ཙཱ་བ་མང་པོ་གསོ་སྐྱོང་མཛད། བཀའ་མདོ་རྒྱུད་མང་པོ་བོད་སྐད་དུ་བསྒྱུར། བོད་ཀྱི་རྒྱལ་པོ་གདུང་རབས་ཞེ་གཅིག་པ་ཁྲི་རལ་པ་ཅན་གྱིས་རྒྱ་བལ་གྱི་པཎྚི་ཏ་མང་པོ་དང་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་གདན་འཛོམས་པར་གྲོས་བྱས་ཏེ། སྔར་བསྒྱུར་ཟིན་པའི་མདོ་རྒྱུད་བསྟན་བཅོས་ཀྱི་རིགས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་སོགས་བསྟན་པ་དང་འགྲོ་བའི་དོན་སྒྲུབ་ཕྱིར་དཀའ་སྡུག་ཆེན་པོ་དང་དུ་བཞེས་ནས་མཛད་པ་འཕྲིན་ལས་བསྐྱངས་པ་རྣམས་གཅེས་སྲུང་གིས་ཉར་ཚགས་བྱས་ཏེ་མི་ཉམས་རྒྱུན་འཛིན་བྱ་རྒྱུ་བོད་རིགས་ཚང་མའི་གཞོལ་དུ་མེད་པའི་འགན་འཁྲི་ཆེན་པོ་ཞིག་ཡིན། དེ་འདྲ་བའི་རླབས་ཆེན་ལས་འགན་སྒྲུབ་ཆེད་ང་ཚོ་བོད་ཕྲུག་མི་རབས་གསར་པ་ཚོས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་དང་བོད་ཡིག་ཤེས་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་བོད་ཕྲུག་རྣམས་ནི་མ་འོངས་བོད་ཀྱི་སོན་རྩ་ཡིན་པའི་ཆ་ནས་བོད་ཡིག་སྦྱངས་ཏེ་བོད་ཀྱི་སྐད་ཡིག་དང་ཆོས་རིག་གཞུང་ཁོར་ཡུག་བཅས་གཅེས་སྤྲས་སྲུང་སྐྱོབ་བྱེད་དགོས་པ་མ་ཟད་འབྱུར་འགྱུར་ཤུལ་འཛིན་བྱེད་མཁན་བོད་ཀྱི་མི་རབས་གསར་པ་ཚོ་ལའང་བོད་ཡིག་བཅོས་ལྷད་མེད་པ་སྤུས་དག་ཅིག་རྩིས་སྤྲོད་ཐུབ་པ་ཞིག་དགོས། དེས་མ་ཟད། ང་ཚོ་ཆོས་ལུགས་ནང་པ་ཡིན་པའི་ཆ་ནས་དེ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་དགོས་ན་བོད་ཡིག་ངེས་པར་དུ་སྦྱོང་དགོས། བོད་ཀྱི་སྐད་ཡིག་དེ་ཤེས་ན་ང་ཚོའི་སྔོན་གྱི་རྒྱལ་རབས་འབྱུང་ཚུལ་དང་ཕ་མེས་རྣམས་ཀྱི་ལོ་རྒྱུས་དེ་ཇི་ལྟར་ཡིན་མིན། བོད་འདི་སྐབས་ཤིག་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་སོགས་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ། སྐད་ཡིག་མེད་ན་མི་རིགས་ཤིག་གི་ངོ་བོ་གལ་ཆེ་ཤོས་དེ་ཚང་མེད་པ་རེད། སྤྱིར་རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་སོ་སོའི་སྐད་དང་ཡི་གེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ལྷག་པར་དུ་ཉག་ཕྲ་བའི་བོད་མི་རིགས་ཀྱི་ད་ལྟའི་གནས་སྟངས་སྐབས་ང་ཚོའི་སྐད་ཡིག་དང་རིག་གཞུང་ནི་ང་ཚོའི་ཚེ་སྲོག་ལྟ་བུ་ཡིན་པས་བོད་ཡིག་དང་བོད་ཀྱི་རིག་གཞུང་ཤེས་པ་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། རིན་ཐང་བྲལ་བའི་བོད་པའི་ཆོས་དང་རིག་གཞུང་ནི་ང་ཚོ་བོད་པར་ཡི་གེ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་གནས་ཐུབ་པ་དང་དར་ཁྱབ་འགྲོ་བཞིན་ཡོད། སྐབས་འགར་ང་ཚོས་ཁ་ནས་བཤད་པའི་སྐད་ཆ་གོ་བ་མཐིལ་ཕྱིན་པ་ཞིག་ལེན་མ་ཐུབ་པའི་ཁར་གོ་ནོར་ཐེབས་ཏེ་ནོར་འཁྲུལ་མི་རབས་ནས་མི་རབས་བརྒྱུད་དེ་ཁྱབ་སྤེལ་འགྲོ་བའི་ཉེན་ཁ་ཡོད། གལ་ཏེ་ང་ཚོ་བོད་པ་དང་དམིགས་བསལ་བོད་ཕྲུག་ཚོས་བོད་ཡིག་ལ་སློབ་སྦྱོང་དང་བོད་སྐད་དྭངས་མ་རྒྱུན་འཛིན་བྱས་ན་འདི་འདྲ་བའི་དཀའ་ངལ་འཕྲད་ཀྱི་མ་རེད། བཤད་སྲོལ་ཞིག་ལ། ཁྱིམ་ནི་སློབ་གྲྭ་དང་པོ་དང་། ཕ་མ་ནི་ཕྲུ་གུའི་དགེ་རྒན་ཐོག་མ་དེ་ཡིན་ཟེར་གྱི་ཡོད། ཁྱིམ་དུ་ཕ་མ་ཚོས་ཕྲུ་གུའི་མདུན་དུ་བོད་ཀྱི་སྐད་དང་ཡི་གེ་ཆད་ལུས་དང་བསྲེས་ལྷད་མེད་པར་གཙང་མ་ཞིག་བེད་སྤྱོད་བྱེད་ཐུབ་ན། རང་གི་ཕྲུ་གུ་རྣམས་ལ་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་པ་དང་ཕྲུ་གུ་རྣམས་ལ་ཡང་རང་བཞིན་གྱིས་བོད་ཀྱི་སྐད་ཡིག་རྒྱུན་གཏན་འཚོ་བའི་ནང་བེད་སྤྱོད་བྱེད་རྒྱུའི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་ཀྱི་རེད། བོད་ཕྲུག་ཅིག་ཀྱང་མ་ལུས་པ་ཚང་མས་བོད་ཡིག་འབྲི་ཀློག་ཡག་པོ་ཞིག་ཤེས་ཐུབ་པ་བྱ་རྒྱུ་དེ་ང་ཚོ་རྒན་གཞོན་དར་གསུམ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་འབད་བརྩོན་ཧུར་ཐག་བྱ་དགོས་སོ། །