བསྟན་འཛིན་ལྷ་རྒྱལ། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་བདུན་པ།

ཕྱི་དྲོ་སློབ་ཕྲུག་རྣམས་ཁྱིམ་ཚང་དུ་ལོག་རྩིས་བྱེད་སྐབས་ངས་ཀྱང་དཔེ་ཁུག་ཁྱེར་ཏེ་འགྲོ་རྩིས་བྱས་པ་ན། ང་ཚོའི་བོད་ཡིག་རྒན་ལགས་ཀྱིས་བོད་པས་བོད་ཡིག་སྦྱོང་དགོས་པའི་བརྗོད་གཞིའི་ཐོག་ལ་རྩོམ་ཡིག་ཅིག་ཉིན་ཤས་ནང་བྲིས་ཚར་བ་དགོས་ཞེས་གསུངས་སོང། ངས་ལམ་སེང་དཔེ་ཁུག་ནས་འབྲི་དེབ་དང་སྨྱུ་གུ་བཏོན་ཏེ་འཛིན་གྲྭར་བསྡད་ནས་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱ་དགོས་པ་ནི་ང་ཚོའི་འོས་འགན་ཡིན། ང་ཚོ་བོད་ཆོལ་ཁ་གསུམ་གྱི་རྒྱལ་ཁབ་དེ་རྒྱ་དམར་གྱིས་བཙན་བཟུང་བྱས་པའི་རྐྱེན་གྱིས་བོད་ཀྱི་རིག་གནས་སྤྱི་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད། དེ་ཡང་རྒྱ་དམར་གཞུང་གི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་ཉམས་ཉེས་རྩ་མེད་གཏོང་རྒྱུ་དེ་ཡིན། དེ་ནས་བཟུང་ང་ཚོ་བོད་ཀྱི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་པ་དང་རང་མི་རིགས་ཀྱི་ཕ་སྐད་དང་མི་རིགས་ཀྱི་རིག་གཞུང་ཡང་རིམ་གྱིས་ཉམས་པ་མ་ཟད་རྩ་བརླག་ཏུ་འགྲོ་བའི་ཉེན་ཁར་གྱར་ཡོད། སྐད་ཡིག་ནི་མི་རིགས་སུ་ཡིན་ཡང་དེའི་བླ་སྲོག་ལྟ་བུ་ཡིན་པ་དང་སྐད་ཡིག་དེ་མེད་པར་འགྱུར་ན་མི་རིགས་དེ་ཡང་མིང་ཙམ་ཏུ་འགྱུར་རྒྱུ་གཏན་འཁེལ་རེད།
ང་ཚོའི་མེས་པ་རྣམས་སོ་སོའི་ལུང་པ་ལ་མུ་གེ་བྱུང་བ་དང། ཡང་ན་ཁྲིམས་འགལ་ལས་བྱས་ཏེ་གཞན་ཡུལ་དུ་བྲོས་བྱོལ་དུ་ཡོང་བ་ཞིག་མ་རེད། རྒྱ་དམར་གྱི་བཙན་འོག་ནས་ང་ཚོ་བོད་མི་རིགས་ཀྱི་ཐོབ་ཐང་དང་མི་རིགས་ཀྱི་ཆོས་དང་རིག་གཞུང་བཅས་ལ་སྲུང་སྐྱོབ་བྱེད་རྒྱུའི་དོན་དུ་ཁོང་རྣམས་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད། དེར་བརྟེན་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་རིགས་གཞོན་སྐྱེས་ཕོ་མོ་རྣམས་ནས་སོ་སོའི་འཕྲལ་སེལ་ལྟ་གོས་གཏམ་གསུམ་གཅིག་པོའི་ཆེད་དུ་མ་ཡིན་པར་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་དགོས་པ་དེ་ང་ཚོའི་འོས་འགན་གཙོ་བོ་ཞིག་ཡིན་པ་སེམས་ནང་དྲན་ཞིང་ལག་བསྟར་གནང་དགོས། དེ་ཙམ་མ་ཟད། དེང་སང་འཛམ་གླིང་མི་རིགས་ཚང་མས་ནང་པའི་རིག་གཞུང་དེ་གལ་ཆེན་པོ་ཡིན་པར་ཚོར་ནས། རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་ནའང་ནང་པའི་བསྟན་པ་སྤྱི་དང་ལྷག་པར་དུ་ཐེག་པ་ཆེན་པོའི་ཆོས་དང། ཡང་སྒོས་སྔགས་ཀྱི་སྐོར་ལ་དོ་སྣང་ཆེན་པོ་གནང་གི་ཡོད་པ་རེད། དེས་ན། དེ་འདྲའི་དོ་སྣང་དང་སློབ་སྦྱོང་བྱེད་པའི་རིག་གཞུང་དེ་འཇིག་རྟེན་ནང་གནས་དགོས་པ་ཞིག་དང། འགྲོ་བ་མིའི་སྤྱི་ཚོགས་ལ་དགོས་མཁོ་ཆེན་པོ་ཡོད་པ་ན། ངེས་པར་དུ་བོད་པའི་སྐད་ཡིག་དང་རིག་གཞུང་དེ་ཉར་ཚགས་བྱེད་དགོས་པའི་གནས་སྟངས་ཤིག་ཡིན། ད་ལྟའི་གནས་སྐབས་འདི་ལ་ཐེག་པ་ཆེན་པོའི་ཆོས་དང་བཀའ་སྡེ་སྣོད་ཡོངས་སུ་རྫོགས་པ་སྐད་ཡིག་གང་འདྲ་ཞིག་ལ་བརྟེན་དགོས་ཞེ་ན། བོད་པའི་སྐད་ཡིག་ལ་བརྟེན་པ་ལས་ཐབས་ལམ་གཞན་ཞིག་ཡོད་མ་རེད། འདི་ལ་རྒྱུ་མཚན་གཉིས་ཡོད། དང་པོ་དེ་ལ། བོད་ཀྱི་སྐད་ཡིག་གིས་ནང་པའི་ཆོས་ཀྱི་གོ་དོན་མཐིལ་ཕྱིན་པ་ཞིག་སྟོན་ཐུབ། དེ་སྐད་ཡིག་གཞན་ཞིག་གིས་སྟོན་ཐུབ་ཀྱི་མ་རེད། གཉིས་པ་དེ་ལ། ལེགས་སྦྱར་སྐད་ཀྱི་ཐོག་ཏུ་ཡོད་པའི་ནང་པའི་གཞུང་ཆ་ཚང་སྐད་ཡིག་གཞན་གྱི་ནང་ཆ་ཚང་བ་ཞིག་བསྒྱུར་ཐུབ་ཀྱི་མེད། གལ་སྲིད་བསྒྱུར་པའི་དབང་དུ་བཏང་ནའང་ལོ་བརྒྱ་ཕྲག་མང་པོ་འགོར་གྱི་རེད། དེར་བརྟེན་ང་ཚོས་བོད་པའི་སྐད་ཡིག་དང་རིག་གཞུང་ལ་དགའ་ཞེན་དང་བདག་པོ་རྒྱག་དགོས། ང་ཚོས་ངེས་པར་དུ་རྒྱུན་འཛིན་མ་བྱས་ན་ང་ཚོའི་མི་རབས་འདིས་གང་ཡང་མ་འཇོན་པ་དང་གཅིག་མཚུངས་རེད། མ་ཟད་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་མཁན་ཡང་མང་པོ་ཡོད་པ་དང། འཛམ་གླིང་སྤྱིའི་ཁེ་ཕན་ལའང་ལྟོས་ཏེ་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། འདི་དག་ནི་ང་རང་ན་ཆུང་བོད་ཕྲུག་ཅིག་གི་བསམ་ཚུལ་ཙམ་ཡིན། དེར་བརྟེན་ང་ཚོས་རང་མི་རིགས་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་རང་ཉིད་ཀྱི་སྲོག་ལས་ཀྱང་གལ་ཆེ་བར་བརྩིས་ཏེ་བོད་མི་ཚང་མས་ལས་འགན་འདི་ངེས་པར་དུ་སྒྲུབ་ཐུབ་པ་གནང་དགོས། །