བསྟན་འཛིན་རང་གྲོལ། གོ་པལ་པུར་བོད་ཁྱིམ། འཛིན་གྲྭ་བརྒྱད་པ།

ངའི་ཕ་ཡུལ་ནི་བོད་གངས་ཅན་ལྗོངས་ཡིན་ཡང་། ང་རྒྱ་གར་འཕགས་པའི་ཡུལ་དུ་སྐྱེས་པའི་བོད་པའི་བུ་ཕྲུག་ཅིག་ཡིན། འོན་ཀྱང། ང་རྒྱ་གར་འཕགས་པའི་ཡུལ་དུ་སྐྱེས་ཀྱང་ངས་སོ་སོའི་ཕ་སྐད་དེ་མ་གཏོགས་རྒྱ་གར་གྱི་སྐད་དང་། ཡུལ་གཞན་གྱི་སྐད་ཡིག་རྒྱག་མི་དགོས་པ་གཙོ་བོར་འཛིན་གྱི་ཡོད། དེ་ནི་ང་བོད་པ་ཞིག་ཡིན་པས་རེད། ད་དུང་ངས་བོད་པ་རང་གི་ཆས་གོས་ཕྱུ་པ་དང་། བོད་བཟོའི་སྟོད་ཐུང་གྱོན་རྒྱུར་དགའ་བ་མ་གཏོགས་མི་གཞན་ལ་རྫིག་ཉམས་སྟོན་ཆེད་གོས་ཁྲ་ཁྲ་ཟིང་ཟིང་དང་། དེང་དུས་དར་སྲོལ་ཅན་གྱི་གོས་(fashion) དེ་འདྲ་རྩ་བ་ནས་གྱོན་མི་དགོས་པའི་ཁས་ལེན་བྱས་ཡོད། དེ་ནི་ང་བོད་པ་ཞིག་ཡིན་པ་དང་། ད་དུང་ངས་བོད་གངས་ཅན་ལྗོངས་ཀྱི་བཅུད་དང་ལྡན་པའི་དཀར་ཟས་རྩམ་པ་དང་། དམར་ཟས་ཏོག་ཙམ་ཏོག་ཙམ་མ་གཏོགས་རྒྱལ་ཁབ་གཞན་གྱི་ཁ་ལག་འབུ་སྲིན་དེ་འདྲ་རྩ་བ་ནས་བཟའ་ཡི་མེད། བྱས་ཙང་། གང་ཅིའི་ཐད་ལ་མིག་དཔེ་འོས་པའི་བོད་ཕྲུག་སེམས་བཟང་ཞིག་བྱ་དགོས་བསམ་པའི་ཁས་ལེན་དང་། དམ་བཅའ་སེམས་ནང་རྟག་ཏུ་འཆང་བཞིན་ཡོད།
འོན་ཀྱང། ངས་བོད་ཡུལ་ཀྱི་གནས་སྟངས་ཇི་མ་ཇི་བཞིན་མ་ཤེས་ཀྱང་དཔེ་དེབ་དང་། བརྙན་འཕྲིན་ནང་གང་གསལ་བ་དང་མཐོང་བ་ནི། ངའི་ཕ་ཡུལ་བོད་ཀྱི་མཐའ་བཞི་ནི་གངས་རི་ཇོ་མོ་གླང་མ་དང་། གངས་ཏེ་སེ། རྨ་ཆེན་སྦོམ་ར། གཉན་ཆེན་ཐང་ལྷ་སོགས་ཀྱིས་གནམ་གྱི་ཀ་བ་ལྟར་བརྗིད་ཉམས་ལྡན་ལ་དུས་བཞིར་འགྱུར་བ་མེད་པའི་གནས་རི་དང་གངས་རིས་བསྐོར་འདུག གཞན་ཡང་གཡུ་མདོག་གི་མཚོ་དང་མཚེའུ་མང་པོ་ཡོད་དེ། མ་ཕམ་གཡུ་མཚོ་དང། ཡར་འབྲོག་གཡུ་མཚོ། མཚོ་སྔོན་པོ་སོགས་ཡོད་པ་མ་ཟད། གཙང་པོ་དང་རྒྱུག་ཆུ་ལྟ་བུ། དཔེར་ན། རྨ་ཆུ་དང། རྫ་ཆུ། འབྲི་ཆུ། ཡར་ཀླུང་གཙང་པོ། རྨ་བྱ་ཁ་བབས། གླང་ཆེན་ཁ་བབས། སེང་གེ་ཁ་བབས་སོགས་དྭངས་ཤིང་གཙང་ལ་བཏུང་ན་བྲོ་བ་དང་ལྡན་པའི་གཙང་པོ་དང་རྒྱུག་ཆུ་མང་པོ་ཡོད།
གཙང་པོ་དང་རྒྱུག་ཆུ་དེ་དག་གི་འགྲམ་ལ་འཚོ་བ་སྐྱེལ་མཁན་བོད་ནང་འབྲོག་པ་དང་། ཞིང་པ་སོགས་ལས་རིགས་མང་པོ་ཡོད་ལ་དེ་དག་ལ་སོ་སོའི་བདག་ཡོད་སེམས་ཅན་དཔེར་ན་གཡག་དང། འབྲི། ར་ལུག། རྟ། བ་ཕྱུགས། བོང་བུ། དྲེལ་སོགས་དང་། བདག་མེད་སེམས་ཅན་དཔེར་ན་སྟག་དང། གངས་སེང། འབྲོང། དོམ། རྐྱང་། ཤྭ་བ་དང་གླ་བ་སོགས་བདག་ཡོད་དང་བདག་མེད་སེམས་ཅན་མང་པོ་ས་བབས་མཐོ་ས་དང་། དམའ་ས་གཉིས་ཀར་ཞི་བདེ་བག་ཕེབས་ངང་གནས་ཡོད།
དེ་འདྲའི་རི་ཆུ་མཚོ་གསུམ་དང་རི་དྭགས་སེམས་ཅན་གྱི་ཁེངས་པའི་མཛེས་སྡུག་ལྡན་པའི་ཕ་ཡུལ་བོད་ལྗོངས་ནི། ངའི་ཕ་ཡུལ་རེད་ལ་རྒྱལ་ཁབ་ཀྱང་རེད། རྒྱལ་ཁབ་དེ་ལ་རྒྱལ་དར་དང་རྒྱལ་གླུ་ཡོད། ལྷག་པར་དུ་རྒྱལ་ཁབ་དེའི་མི་ཚང་མས་བེད་སྤྱོད་བྱེད་པའི་སྐད་ཡིག་བོད་ཡིག་ཡོད། རྒྱལ་ཁབ་དེ་སྲུང་སྐྱོབ་བྱེད་པར་ང་ཚོས་ངེས་པར་དུ་བོད་སྐད་དང་། བོད་ཡིག་ཤེས་པ་བྱ་རྒྱུ་གལ་ཆེན་པོ་རེད། དཔེར་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུངས་འབུམ་ནང་“ཡི་གེ་ཡོད་པའི་མི་རིགས་རྣམས་རང་ཉིད་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་འགྲོ་བའི་མྱུར་ཚད་མགྱོགས་པོ་ཡོད་པ་དང། ཡི་གེ་མེད་པའི་མི་རྣམས་དེ་ལས་ལྡོག་སྟེ་རྗེས་ལུས་ཐེབས་ཀྱི་ཡོད། ” ཅེས་གསུངས་པ་ལྟར་དེ་ནི་དངོས་གནས་བདེན་པ་རེད་འདུག མི་རིགས་ཤིག་དང་རྒྱལ་ཁབ་ཞིག་རྩ་མེད་དུ་བཟོ་དགོས་ན། དང་པོ་རྒྱལ་ཁབ་དེའི་སྐད་ཡིག་མེད་པ་བཟོས་པ་ཙམ་གྱིས་རྒྱལ་ཁབ་དང་མི་རིགས་དེ་ལམ་སེང་བརླག་འགྲོ་ཡི་རེད། གཞན་ཡང་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་གྱིས་“ང་ཚོ་བོད་མིས་ངེས་པར་དུ་བོད་ཀྱི་སྐད་ཡིག་དེ་རྐང་རྩ་བྱས་ནས་རིག་གནས་ཡོད་ཚད་སྦྱོང་བར་བྱས་པ་དང། མི་རིགས་འདིའི་སྲིད་འབྱོར་རིགས་གསུམ་གོང་འཕེལ་དུ་འགྲོ་དགོས་པ་བྱེད་དགོས་” ཞེས་སྤོབས་པ་ཆེ་ལ་ང་རྒྱལ་མེད་པའི་ཐོག་ནས་སོ་སོའི་མི་རིགས་དང་། ཕ་ཡུལ་ཆེད་དུ་དཀའ་ངལ་ལ་མི་འཛེམས་པར་བོད་སྐད་དང་བོད་ཡིག་ཐོག་འབད་བརྩོན་བྱེད་དགོས་པ་གསུངས་ཡོད། ད་དུང་པཎ་ཆེན་རིན་པོ་ཆེ་དང་། ༸གོང་ས་སྐྱབས་མགོན་ཆེན་པོས་གསུངས་པ་བཞིན་“ཁྱོད་ཚོས་ངའི་འདྲ་པར་མཆོད་གཤོམ་དང་། ལྷ་ཁང་ལ་བཤམས་ཏེ་དད་པ་ཡོད་མདོག་གིས་བསང་བཏང་བ་དང་། ཕྱག་འབུལ་བྱེད་པ་སོགས་བྱེད་པ་ལས་ངའི་ཁར་ཉན་ནས་བོད་སྐད་སྦྱོང་དང། བོད་ཡིག་ཤེས་པ་བྱེད་དང། བོད་སྐད་ཡག་པོ་རྒྱག་དང། ཁས་ལེན་ཚིག་རྩི་མེད་པའི་དད་པ་དེ་འདྲ་ང་ལ་མི་དགོས་” ཞེས་གསུངས་ཡོད། བྱས་ཙང་། བོད་སྐད་དང་བོད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ལ་རང་གི་སྲོག་ལ་ཐུག་པའི་བོད་སྐད་ཡིག་དེ་རང་གིས་མ་སྦྱངས་ན་སུས་སྦྱོང་གི་རེད་དམ།
དེང་སང་གི་བོད་ཕྲུག་ཁ་ཤས་མ་ཡིན་ཡིན་མདོག་གིས་༸གོང་ས་མཆོག་གི་མདུན་ན་དད་པ་ཆེན་པོས་མིག་ཆུ་སོགས་བཏང་ཡང་སོ་སོའི་སྐད་ཡིག་ལ་དོ་སྣང་མ་བྱས་ན་བྱབ་ཆུང་དང་༸གོང་ས་མཆོག་ལ་མི་བརྩི་བའི་རྟགས་རེད། བྱས་ཙང་བོད་པ་ཡིན་པའི་ཆ་ནས་ཤ་དང་ཁྲག རུས་པ་སོགས་བོད་མི་ཡིན་པས་བོད་ཡིག་མ་སྦྱངས་ན་ནོར་འཁྲུལ་ཆེན་པོ་རེད། བོད་པ་ཁ་ཤས་རྒྱལ་ཁབ་གཞན་གྱི་སྐད་ཡིག་ཤེས་པ་དེ་ཁོ་རང་ཚོའི་འཇོན་ཐང་རེད། འོན་ཀྱང། རྒྱལ་ཁབ་གཞན་གྱི་སྐད་ཡིག་སྦྱངས་ནས་བོད་སྐད་དང་མཉམ་དུ་ར་མ་ལུག་གི་སྐད་ཆ་བཤད་ན་དངོས་གནས་ཞབས་འདྲེན་རེད། ལུང་པ་གཞན་གྱི་སྐད་ཤེས་པ་བྱ་རྒྱུ་གལ་ཆེ་ནའང་བོད་མི་ནང་ཁུལ་དང། ཕ་མ་སྤུན་མཆེད་མཉམ་དུ་ཐུག་དུས་བོད་སྐད་རྒྱག་དགོས། མི་རྒན་པ་ཚོས་ཀྱང་བོད་ཡིག་དང་བོད་སྐད་སྦྱོང་བདེའི་ཆེད་ཡོ་བྱད་དང་། ཡིག་ཆས་སོགས་ཐབས་ལམ་སྣ་ཚོགས་གསར་བཟོ་བྱ་དགོས་འདུག དཔེར་ན། ང་ཚོ་ཕྲུ་གུ་ཚོ་ནམ་རྒྱུན་དུ་གློག་ཀླད་དང་། ཁ་པར་ནང་རོལ་རྩེད་(game) ལ་དགའ་བོ་ཡོད་པས་དེ་དག་གི་ནང་བོད་སྐད་དང་བོད་ཡིག་སྐོར་ཡོད་ན་བསམ་གྱི་འདུག ད་དུང་བོད་སྐད་ནང་གློག་བརྙན་དེ་འདྲ་མང་ཙམ་བལྟ་རྒྱུ་ཡོད་ན་བསམ་གྱི་འདུག
གང་ལྟར་ང་རང་བོད་པ་ཞིག་ཡིན་པས་བོད་སྐད་ཤེས་དགོས་འདུག་ལ་བོད་ཡིག་དེ་བས་ཀྱང་ཤེས་དགོས་འདུག། ཁྱེད་རང་ཡང་བོད་པ་ཡིན་པས་བོད་ཡིག་སྦྱང་དགོས། གལ་སྲིད་ཁྱེད་རང་ཨ་རིར་སྐྱེས་པའི་བོད་ཕྲུག་ཅིག་དང་། ང་རང་རྒྱ་གར་ནང་སྐྱེས་པའི་བོད་ཕྲུག་ཞིག། ཁོ་བོད་ནང་སྐྱེས་པའི་བོད་ཕྲུག་ཅིག་བཅས་ང་ཚོ་གསུམ་མཉམ་དུ་འཛོམས་ན་བོད་སྐད་དང་བོད་ཡིག་མ་ཤེས་ན་སྐབས་དེ་དུས་གང་འདྲ་བྱ་དགོས་སམ། སུས་ང་ཚོ་གསུམ་ལ་སྐད་སྒྱུར་བྱེད་ཐུབ་བམ། བྱས་ཙང་ང་རང་བོད་པ་ཞིག་རེད། ཁྱེད་རང་ཡང་བོད་པ་ཞིག་རེད། ང་ཚོ་བོད་པ་ཡིན་པ་ཚང་མས་བོད་ཡིག་སྦྱོང་དགོས། བོད་སྐད་ཤེས་དགོས། དེ་ནི་ངའི་ལས་འགན་རེད་ལ་ང་ཚོ་ཚང་མའི་ལས་འགན་རེད། སྐད་ཡིག་མང་པོ་ཤེས་པ་བཟང་མོད་ཀྱང་། རང་གི་སྐད་ཡིག་བརྗེད་ན་ངོ་ཚ་ཡིན།