ཆོས་སྐྱིད། འཛིན་གྲྭ་བཅུ་གཉིས། གོ་པལ་པུར་བོད་ཁྱིམ།

གོ་ལ་ཟླུམ་པོ་འདིར་གནས་ཆགས་པའི་མི་རིགས་གང་འདྲ་ཞིག་ཡིན་རུང་གནའ་སྔ་མོ་ནས་བཟུང་རྒྱུན་འཛིན་དང་དར་སྤེལ་གཏོང་འདོད་ཡོད་པ་ནི་མི་རིགས་རང་གི་སྐད་ཡིག་དང། ཡུལ་སྲོལ་གོམས་གཤིས་སོགས་ཡིན་ཏེ། རྒྱུ་མཚན་ནི་མི་རིགས་ཤིག་ལ་རང་གི་སྐད་དང་ཡི་གེ་སོགས་ནི་ཆེས་རིན་ཐང་བྲལ་བའི་ནོར་བུ་ཞིག་ཡིན། རང་མི་རིགས་ཀྱི་སྐད་ཡིག་མེད་ཚེ་མི་རིགས་གཞན་གྱིས་གཉའ་གནོན་བྱེད་ས་དང་བྲན་དུ་འགྲོ་ངེས། དེ་བཞིན་མི་རིགས་ཀྱི་འཕེལ་རྒྱས་དང་ཉམས་རྒུད་ཀྱི་རྩ་བ་ཡང་མི་རིགས་རང་གི་སྐད་དང་ཡི་གེ་ཡིན་ཏེ། ང་སློབ་འབྲིང་ལ་འགྲོ་བའི་དུས་ཡུན་ནང་དཔེ་དེབ་ལྟ་ཀློག་བྱེད་རྒྱུར་དགའ་མོས་དང་དམིགས་བསལ་བོད་ནང་ནས་དཔེ་བསྐྲུན་གནང་བའི་དེབ་ལ་དེ་བས་ཤེས་རྟོགས་དང་། རྩོམ་པ་པོའི་དགོངས་བཞེས་ལ་རྒྱུས་སོན་བྱེད་རྒྱུར་དགའ་མོས་ཡོད་མཁན་ཞིག་ཡིན། དཔེ་དེབ་གཅིག་གི་ནང་སི་ཏ་ལེན་གྱིས་མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན། སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་དུ་མེད་པར་འགྲོ་སྲིད་ཅེས་བཤད་ཡོད། དེ་བཞིན་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཀྱང། བོད་ཀྱི་སྐད་ཤེས་པ་གཞིར་བཞག་གིས་སྐད་རིགས་གཞན་ཤེས་ན་ཡོན་ཏན་དང། རང་གི་སྐད་རིགས་མི་ཤེས་པར་སྐད་རིགས་གཞན་ཞིག་སྨྲ་ཁུལ་བྱས་ན་ཁྲེལ་དགོད་བྱེད་མཁན་མ་གཏོགས། བསྔགས་བརྗོད་བྱེད་མཁན་འཛམ་གླིང་ཁྱོན་ལ་ཡོད་ཚོད་མི་འདུག་གསུངས། མ་ཟད་དཔེ་དེབ་ཧི་མ་ལ་ཡའི་ཆབ་རྒྱུན་གྱི་ཚན་པ་གཅིག་གི་ནང་མན་ཇུའི་མི་རིགས་ཀྱི་ལོ་རྒྱུས་གླེང་ཡོད། མན་ཇུའི་མི་རིགས་ལྟ་བུ་ལ་ཆ་མཚོན་ན་ཐོག་མར་རྒྱ་ནག་ལ་ལོ་མང་པོ་དབང་བསྒྱུར་བྱས་ཤིང་། རྒྱ་ནག་ལ་དབང་བསྒྱུར་བྱེད་པར་སྟབས་བདེ་བའི་ཆེད་དུ་རང་གི་སྐད་ཡིག་དོར་ཏེ་རྒྱ་ནག་གི་སྐད་ཡིག་བེད་སྤྱོད་བྱས་ཡོད། རྗེས་སུ་རྒྱ་ནག་གིས་ཡར་ལངས་བྱས་ཏེ་སླར་ཁོ་ཚོར་དབང་བསྒྱུར་བྱས་པའི་ལོ་རྒྱུས་མཆིས། དེ་ལས་ཐབས་སྐྱོ་བ་ཞིག་ལ་དེང་སྐབས་མན་ཇུའི་མི་རིགས་ཀྱི་སྐད་ཡིག་ཤེས་མཁན་གཅིག་ཀྱང་མེད་པ་མ་ཟད་ད་ལྟའི་སའི་གོ་ལའི་སྟེང་དུ་མན་ཇུའི་མི་རིགས་ཞེས་པའི་མིང་ཙམ་ལས་ཕལ་ཆེར་མེད་པར་གྱུར་འདུག གོང་གི་རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་ང་སློབ་འབྲིང་ལོ་རིམ་གཉིས་པ་ནས་བཟུང་རང་ཉིད་ཀྱི་ཁྲག་རྩ་ན་རྒྱུགས་བཞིན་པའི་ཁྲག་འདི་ནི་བོད་མི་རིགས་ཀྱི་ཁྲག་རྒྱུན་དང་འདྲེས་ཏེ་ལྡོག་ཐབས་མེད་པའི་ངེས་ཤེས་ཤིག་རྙེད་འགོ་ཚུགས་བྱུང་ལ། མ་ཟད་དུས་རབས་ཉེར་གཅིག་པའི་ནང་བོད་མི་རིགས་འདི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ཏེ་སྔོན་ཐོན་གྱི་གྲལ་དུ་ཚུད་དགོས་ན་ཐོག་མར་རང་གི་སྐད་ཡིག་དང་རིག་གཞུང་གི་སྒྲོམ་གཞི་བརྟན་པོ་འཛུགས་དགོས་པའི་འགན་འཁྲི་དེ་ང་ཚོ་དེང་རབས་ཀྱི་ན་གཞོན་ཚོར་ཡོད་པ་དེ་ཡང་ཤེས་བྱུང། དེ་བཞིན་སྐད་ཡིག་གི་འཇིག་ཉེན་འདི་ཡང་ཤེས་བྱུང། རང་མི་རིགས་ཀྱི་སྐད་ཡིག་འཇིག་ཉེན་གྱི་གོམ་པའམ་ཐེམ་སྐས་དང་པོ་ནི་སློབ་གྲྭ་ཁག་ནང་རྒན་ལགས་ཚོས་སློབ་ཕྲུག་ཚོར་ཚིག་སྦྱོར་དང་ཡིག་ནོར་མང་པོ་ཞིག་ལ་སྣང་མེད་ཀྱིས་སྐར་གྲངས་སྟེར་རྒྱུ་དེ་ནས་འགོ་བཙུགས་ཡོང་བའི་ཚོར་སྣང་འདུག། སློབ་གྲྭ་ནི་ཤེས་རིག་གི་རྨང་གཞི་སྒྲིག་སའི་ཆུ་མགོ་ལྟ་བུ་ཡིན་པས་རང་མི་རིགས་འདི་ཤི་དང་གསོན་གྱི་བར་མཚམས་འབྱེད་ཐུབ་མཁན་ཡང་ད་ལྟ་ཡོད་བཞིན་པའི་སློབ་གྲྭ་ཁོ་ན་རེད། སྤྱིར་བཏང་སློབ་ཕྲུག་ཚོར་སློབ་གྲྭའི་འཚོ་བའི་ནང་ཤེས་ཡོན་གྱི་གསོན་ཤུགས་སྤེལ་ཐབས་ལ་བསྔགས་བརྗོད་ཚུལ་དུ་སྐར་གྲངས་མཐོན་པོ་སྟེར་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་བོད་ཁྱིམ་སློབ་གྲྭ་ཁག་ལ་ཆ་མཚོན་ན་རང་མི་རིགས་འདིའི་ཤི་གསོན་ལ་ཐུག་པའི་སློབ་གྲྭ་ཤ་སྟག་རེད། དེར་བརྟེན་རྒན་ལགས་ཚོས་སེམས་ནུས་ཡོད་ཚད་སྐར་གྲངས་ཐོག་མ་བཞག་པར་འབྲི་ཀློག་གཉིས་ལ་དུས་ཚོད་མང་ཙམ་དང། ཡིག་རྒྱུགས་སྐབས་སུའང་སྐར་གྲངས་དམ་ཙམ་གནང་ཐུབ་ཚེ། སློབ་ཕྲུག་ཚོས་རང་བཞིན་གྱི་འབྲི་ཀློག་ཐོག་དོ་སྣང་གནང་གི་རེད། དེ་མིན་རྒན་ལགས་ཚོས་སློབ་ཕྲུག་ཚོའི་ཡིག་རྒྱུགས་ལ་དམིགས་ནས་ངག་ཐོག་ཁོ་ནའི་ཐོག་སྐར་གྲངས་སྟེར་བ་ཡིན་ན། ལོ་འགའ་ཤས་ལས་མ་འགོར་བར་རང་མི་རིགས་ཀྱི་བླ་སྲོག་ལ་ཐུག་པའི་སྐད་ཡིག་འདི་འབྲི་ཀློག་ཚད་ལྡན་ཤེས་མཁན་ནི་ཉིན་མོའི་སྐར་མ་ལྟར་ཆགས་སྲིད་ལ། དེ་བཞིན་སློབ་ཕྲུག་སོ་སོ་སྤྱི་ཚོགས་ནང་འགྲོ་བའི་སྐབས་རང་མི་རིགས་ཀྱི་སྐད་ཡིག་ཐོག་རང་རྐྱ་འཕེར་བའི་བོད་མི་ཚད་ལྡན་ཞིག་ཆགས་མཁན་ཇི་ཙམ་ཡོད་དམ་ཟེར་ན། དེ་ནི་ང་ཚོར་དྲི་བ་ཆེན་པོ་ཞིག་དང་འཇིག་ལ་ཉེ་བའི་རྒྱལ་ཁབ་ཅིག་ཏུ་གྱུར་མི་སྲིད་པ་མ་རེད། ངས་འདི་ལྟར་གླེང་དགོས་དོན་ནི་རང་ཉིད་སློབ་ཕྲུག་གཅིག་གི་མྱོང་ཚོར་ཐོག་ནས་གླེང་གི་ཡོད། མདོར་ན་ཀློག་པ་པོ་ལགས། སྐད་ཡིག་ཉམས་ན་མི་རིགས་ཀྱང་རྒུད་འགྲོ་ཡི་ཡོད་པའི་བློ་འཚབ་དེ་ཡང་བདག་ལ་མཆིས་པར་བརྟེན། ངས་གོང་གི་ཡིག་ཕྲེང་དུམ་བུ་དེ་དག་ཤོག་བུ་དཀར་པོར་ཡིག་འབྲུ་ནག་པོ་ཙམ་མ་ཡིན་པར་རང་ཉིད་བོད་པ་ཞིག་ཡིན་པའི་འགན་འཁྲི་དང། མ་ཟད་སློབ་ཕྲུག་ཅིག་གི་མྱོང་ཚོར་ཇི་བཞིན་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན། དེར་བརྟེན་ངའི་མ་འོངས་ཕུགས་བསམ་ཁྲོད་ཐོབ་གོ་ས་དང། རྒྱུ་འབྱོར་པ་ཅུང་ཙམ་གྱི་དོན་དུ། རང་མི་རིགས་ཀྱི་སྐད་དང་ཡི་གེ་གཉིས་གད་སྙིགས་ནང་དུ་མ་འཕེན་པར། འདབ་གཤོག་གཉིས་ལྡན་གྱི་གཤོག་རྩལ་རྒྱས་ཏེ་ནམ་མཁའི་དབྱིངས་སུ་འཕུར་བའི་འདུན་པ་དེ་བདག་ལ་མཆིས། །