བསྟན་འཛིན་འཆི་མེད། འཛིན་གྲྭ་དགུ་པ། སློབ་གྲྭ་སེ་ལ་ཀུ།
༄༅། །ཕྱི་ལོ་༡༩༤༩ ལོ་ནས་རྒྱ་མིས་བོད་ནང་བཙན་འཛུལ་བྱས་ཟིན་པ་དང་བོད་མི་ཚོར་བཙན་དབང་ཡང་གང་འཚམས་བྱས་ཡོད། དེ་ནས་༡༩༥༩ ལོར་བོད་ནང་ངོ་རྒོལ་ཤུགས་ཆེ་བྱུང་བའི་ནང་བོད་མི་མང་པོས་དེའི་ནང་འཛུལ་ཞུགས་བྱས་ཡོད། དེ་སྐབས་རྒྱ་མིའི་དམག་མི་ཚོས་སེམས་ནང་སྙིང་རྗེ་ཟེར་བ་སྤུ་ཙམ་ཡང་མེད་པར་མེ་མདའ་དང་མཚོན་བྱ་སྣ་མིན་སྣ་ཚོགས་ཀྱིས་བོད་མི་མང་པོའི་ཚེ་སྲོག་འཕྲོག དེ་སྐབས་གཟི་བརྗིད་ཆེ་བའི་རྩེ་ཕོ་བྲང་པོ་ཏ་ལ་ནི་ཁྲག་གིས་ཁེངས་ཡོད་ལ། ངོ་མ་སེམས་སྐྱོ་བའི་གནས་སྟངས་དང་རྒྱ་དམག་ཚོར་སེམས་གཏིང་ནས་ཁོང་ཁྲོ་ཟ་དགོས་པ་ཞིག་རེད་ལ། དུས་དེ་ནས་བཟུང་ང་ཚོའི་བསིལ་ལྡན་གྱི་ལྗོངས་དེ་རང་དབང་མེད་པར་དམར་པོའི་ལག་ཏུ་ཤོར་བས་བོད་ནང་སྨྲ་བརྗོད་ཀྱི་རང་དབང་དང་། ཆོས་དད་རང་དབང་སོགས་མེད་པར་བོད་མི་མང་པོ་འ་ཆད་འུ་ཐུག་བཟོས་ཡོད། བོད་ནང་གི་བོད་ཕྲུག་རྣམས་སློབ་གྲྭར་རང་གི་ཕ་སྐད་ཤོད་པའི་རང་དབང་མེད་པར། རྒྱ་སྐད་ལས་བརྒྱབ་མི་ཆོག་པ་དང་ཐོན་མིས་སྐུ་ལས་ཁྲི་ཕྲག་བསྐྱོན་ནས་ཐོབ་པའི་བོད་ཀྱི་ཡི་གེ་དེ་ཡང་ཁོ་ཚོར་སྦྱང་བའི་རང་དབང་མེད། རྒྱ་མིས་བོད་མི་ན་གཞོན་ཚོའི་ཀླད་པའི་ནང་དང་པོ་ནས་རྒྱ་གུང་ཁྲན་ཏང་གི་སྲིད་བྱུས་ལ་རྒྱབ་སྐྱོར་དགོས་པ་དང་རྒྱ་མིས་གང་བྱས་པ་རྣམས་བོད་མིའི་ཁེ་ཕན་ཡིན་པ་སོགས་བླུགས་ཡོད་ལ། ༸གོང་ས་མཆོག་ལ་མཚན་སྨད་བྱས་པ་དང་༸གོང་ས་མཆོག་གི་སྐུ་པར་ལ་རྡོག་བརྫིས་བཏང་པ་སོགས་ཁྲལ་མེད་དང་ངོ་ཚ་མེད་པའི་བྱ་སྤྱོད་སྤེལ་ཡོད།
བོད་ནང་ཡིན་ན་མི་རབས་རྒན་པའི་བོད་མི་ཚོས་མི་རབས་གཞོན་པར་རྒྱ་མིས་སྲིད་བྱུས་ངན་པ་གཏིང་གི་ཡོད་པ་དང་། ༡༩༥༠ ལོའི་བར་ལ་བོད་ནང་བྱུང་བའི་གནས་ཚུལ་ངོ་མ་རྣམས་བཤད་ཕོད་ཀྱི་མེད། གང་ཡིན་ཟེར་ན། གལ་ཏེ་མི་རབས་གཞོན་པས་ཤེས་ཏེ་བོད་ཀྱི་རང་དབང་སོགས་ཀྱི་སྐོར་ངོ་རྒོལ་སོགས་བྱུང་ན་དེའི་ནང་མི་རྣམས་སྡུག་པོ་མྱོང་རྒྱུ་ཉག་ཅིག་ཡིན་པས་རེད། ད་ལྟ་རྒྱ་མིས་ཕྱིའི་རྒྱལ་ཁབ་ཏུ་སྟོན་རྒྱུའི་ཆེད་བོད་ནང་ཕྱིའི་རྣམ་པའི་ཐོག་ནས་ཡར་རྒྱས་གནམ་ས་མགོ་གཏིང་སློག་པ་ལྟར་ཆགས་ཡོད་ཀྱང་། ཞིབ་ཕྲ་བལྟས་ན་བོད་ནང་ག་པར་བལྟས་ཀྱང་སྦས་ལམ་བརྙན་འཕྲིན་དང་རྒྱ་མིའི་དམག་མིས་ཁེངས་ཡོད་པས། ག་ནས་བལྟས་ཀྱང་དེ་ནི་བཙོན་ཁང་ཞིག་དང་མཚུངས་ལ། རྒྱ་གར་ནས་བོད་ནང་ཁ་པར་བཏང་ཚེ་ཁ་པར་བཏང་ས་དེའི་ནང་ལ་ཕྱིན་ནས་དྲི་བ་འདྲ་མིན་བསྐུལ་ཏེ་ངོ་མ་ཁག་པོ་བཟོ་ཡི་ཡོད། བྱས་ཙང་བོད་ནང་གི་མི་ཚོར་མཐོང་རྒྱུ་མེད་པའི་དམར་པོའི་ལྕགས་སྐུད་ཀྱིས་བཅིངས་པས་ཁོང་ཚོས་བཟོད་བསྲན་མ་ཐུབ་པར་བོད་མི་གཞན་ཚོའི་ཆེད་དུ་ལངས་ཏེ་རང་ལུས་མེར་སྲེག་གཏོང་གི་ཡོད། གལ་སྲིད་བོད་ནང་གི་བོད་མི་ཚོས་༸གོང་ས་མཆོག་གི་སྐུ་པར་ཉར་ཚེ་བཙོན་ཁང་ནང་འགྲོ་རྒྱུ་ཉག་ཅིག་ཡིན་ལ། མཐའ་ན་རང་ཉིད་ཀྱི་སྲོག་ཀྱང་ཤོར་རྒྱུའི་ཉེན་ཁ་ཡོད། བོད་ནང་རྒྱ་མིས་རང་དབང་སྤྲོད་ཀྱི་ཡོད་པ་སོགས་ཕྱིའི་མིར་རྣམ་པ་གང་ཡག་ཡག་སྟོན་ཐབས་བྱེད་ཀྱི་ཡོད་ཀྱང་དོན་དམ་པར་རང་དབང་མེད་པ་ཞིག་ཕྱི་གསལ་ནང་གསལ་རེད།
ཡིན་ནའང་སྡོམ་བརྩོན་མིའི་རྣམ་པར་རོལ་པ་འཛམ་གླིང་ཞི་བདེ་འདྲེན་མཁན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་ལམ་དང་རྒྱ་དམག་གི་འཇིགས་པ་སོགས་ལ་མི་འཛེམ་པར་བོད་ནས་རྒྱ་གར་དུ་བྲོས་བྱོལ་གནང་། ཁོང་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་ནེ་རུ་མཆོག་དང་ལྷན་མཇལ་ཕྲད་གནང་ནས་བོད་མི་ཚོར་ཚུར་སྐྱབས་བཅོལ་ལ་ཡོང་རྒྱུའི་གོ་སྐབས་གནང་རྒྱུར་ཐུགས་རེ་གནང་བ་བཞིན་ནེ་རུ་ཆོག་ནས་མོས་མཐུན་གནང་བས། ད་ལྟ་ང་ཚོ་བོད་མི་ཚོར་སྐྱིད་པོོ་བྱས་ནས་རྒྱ་གར་ནང་སོ་སོའི་ལུང་པ་ལྟར་དཀའ་རྙོག་གང་ཡང་མེད་པར་སྡོད་རྒྱུ་རག་པ་དེ་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བས། ཁོང་གི་བཀའ་དྲིན་དེ་ང་ཚོས་སེམས་ནང་རྟག་དུ་དྲན་དགོས་པ་དེ་གལ་ཆེན་ནང་གི་གལ་ཆེན་ཞིག་ཆགས་ཡོད། ༸གོང་ས་མཆོག་གིས་ང་ཚོ་བཙན་བྱོལ་ནང་གི་བོད་ཕྲུག་ཚོར་བོད་ཡིག་སྦྱོང་རྒྱུའི་གོ་སྐབས་དེ་རག་པའི་ཆེད་རྒྱ་གར་སྲིད་བློན་ཟུར་པ་དང་ལྷན་གོ་བསྡུར་གནང་སྟེ་བོད་པའི་སློབ་གྲྭ་འཛུགས་རྒྱུའི་ཐོབ་ཐང་བྱུང་ལ་རིམ་བཞིན་རྒྱ་གར་ནང་གི་བོད་པའི་གཞིས་ཆགས་མང་ཆེ་བའི་ནང་བོད་པའི་སློབ་གྲྭ་འཛུགས་ཐུབ་ཡོད། བྱས་ཙང་སློབ་གྲྭའི་ནང་བོད་སྐད་རྒྱག་རྒྱུའི་གོ་སྐབས་ཡོད་ལ་བོད་ཡིག་སྦྱོང་རྒྱུའི་ཐོབ་ཐང་ཡང་ཡོད་པ་མ་ཟད། སློབ་གྲྭའི་ནང་ཟློས་གར་སོགས་པའི་བོད་ཀྱི་རིག་གཞུང་སོགས་ལ་ཡང་སྦྱང་རྒྱུའི་གོ་སྐབས་བཟང་པོ་ཞིག་བསྐྲུན་ཡོད།
འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་ལག་ལེན་ཇི་ལྟར་བསྟར་གྱི་ཡོད་དམ་ཞེ་ན། ཞོགས་པ་ཞིག་སྒེའུ་ཁུང་གི་གསེབ་ནས་རླུང་བསིལ་ཞིག་ལྡང་བས་ང་དྲོ་སྐྱིད་ལྡན་པའི་གཉིད་ལས་སད། དེ་ནས་ཞོགས་པའི་རྒྱུན་ལྡན་གྱི་བྱེད་སྒོ་རྣམས་བྱས་ཟིན་པ་དང་ཞོགས་པའི་ལུས་རྩལ་དུ་ཕྱིན། ‘ཏིང་ཏིང་། ’ ཞོགས་པའི་ལུས་རྩལ་གྲོལ་སོང་། དེ་ནས་ཉལ་ཁང་གི་ཕྱོགས་སུ་བསྐྱོད་སྐབས་བུ་མོ་ཁ་ཤས་ཀྱིས། “ངའི་ (chappal) ག་པར་འདུག’’ ལབ་པ་དང་། ཁ་ཤས་ཀྱིས། “ངའི་ (mug) ནང་ཇ་བླུག་རོགས་བྱོས་དང་། ’’ ཞེས་པ་སོགས་ར་མ་ལུག་གི་སྐད་སྒྲས་ཁེངས། དེ་ནས་ཞོགས་ཇ་གྲུབ་པ་དང་ལས་འགན་བྱས་རྗེས་སོ་སོའི་ཤག་ལ་ཕྱིན་ནས་འཛིན་གྲྭར་འགྲོ་རྒྱུར་བྲེལ། འཛིན་གྲྭར་སླེབས་རྗེས་ལ་ལས། (maths) ནང་ལས་ཚར་སོང་ངམ། ’’ ལ་ལས། “Scienceནང་ལས་ཚར་སོང་ངམ། ’’ སོགས་ཀུ་ཅོས་ཁེངས། སློབ་གྲྭའི་དུས་ཚོད་རྫོགས་རྗེས་ཡང་ཁ་ཤས་ཀྱིས། ‘’basket རྩེ་གར་འགྲོ་མཁན་ཡིན་ནམ། ’’ ཡང་སྐབས་རེ། “དེ་རིང་ basket match ཡོད་རེད་དམ། ’’ ཟེར་བར། ངའི་རྣ་བར་ཉིན་ཧྲིལ་པོ་བོད་སྐད་གཙང་མ་ཞིག་ད་བར་གོ་མྱོང་མེད། སྐབས་རེ་སྐད་བསྲེད་ལྷད་གོ་དུས་ངོ་མ་ཁོ་ཚོས་ཤེས་བཞིན་དུ་བརྒྱབ་པ་ཡིན་ནམ། ཡང་ན་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་བོད་སྐད་བསྲེད་ལྷད་བརྒྱབ་ཡོད་དམ་སྙམ།
ང་ཚོ་བཙན་བྱོལ་ནང་གི་བོད་པ་ཚོ་རང་དབང་ལུང་པའི་ནང་ཡོད་ལ་བོད་སྐད་རྒྱག་རྒྱུ་དང་བོད་ཡིག་སྦྱོང་རྒྱུའི་གོ་སྐབས་བཟང་པོ་དང་རང་དབང་ཡོད་ཀྱང་བོད་པ་ཚོས་ག་རེ་བྱས་ནས་གོ་སྐབས་དེ་དམ་འཛིན་བྱེད་ཀྱི་མེད་དམ། ང་ཚོས་༸གོང་ས་མཆོག་བཀའ་དྲིན་ཆེན་པོ་རེེད་ལབ་པ་དང་ཁོང་གི་གསུང་ཆོས་སྐབས་ང་ཚོ་བོད་པ་ཚོ་འཚང་ག་ཤིག་ཤིག་འགྲོ་བ་རེད། ཡིན་ནའང་༸གོང་ས་མཆོག་གིས་དུས་རྟག་ཏུ་ང་ཚོ་བོད་པ་ཚོས་བོད་སྐད་ཤོད་དགོས་དང་བོད་ཡིག་སྦྱོང་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་གི་མི་འདུག་གམ། དེ་ང་ཚོས་ག་རེ་བྱེད་ནས་ལག་ལེན་བསྟར་གྱི་མེད་དམ། ཁོང་གིས་གསུངས་པ་ཞིག་བྱེད་འདོད་ན་ང་ཚོས་ཁོང་གིས་གསུངས་པ་རེད་ལབ་པ་ཡིན་ནའང་ཁོང་གིས་རིག་གཞུང་ཐོག་ལ་གསུངས་པ་ང་ཚོས་གོ་མ་བྱུང་དང་། ཐོས་མ་བྱུང་། ཚོར་མ་བྱུང་མདོག་མདོག་བྱས་ན་ངོ་མ་དེ་གནང་སྟངས་ཡག་པོ་ཞིག་ཁྱོན་ནས་མ་རེད། གལ་ཏེ་༸གོང་ས་མཆོག་མེད་པ་ཡིན་ན་ང་ཚོ་ད་ལྟ་ནང་བཞིན་བཟའ་ཆོག་ཆོག་དང་བཏུང་ཆོག་ཆོག རང་དབང་ལྡན་པ། རྒྱ་གར་མི་སེར་ལས་ང་ཚོ་སྐྱིད་པ་སྡོད་རྒྱུ་ཡོད་པ་སོགས་ག་ནས་བྱུང་ཐུབ། གལ་སྲིད་ཁོང་མེད་པ་ཡིན་ན་ཕལ་ཆེར་ད་ལྟ་ང་ཚོ་འགྲོ་སར་སླེབས་ཐུབ་མེད་ལ། ད་ལྟ་ཚོང་རྟགས་ཡོད་པའི་གོས་ཀྱང་གྱོན་རྒྱུ་མེད་སྲིད་པ་མ་ཟད། ང་ཚོ་ཚང་མ་རྒྱ་མིའི་གཉའ་གནོན་འོག་ལྷག་ཡོད་སྲིད། བྱས་ཙང་ཁོང་མེད་ན་མེད་ཐབས་ཡིན་པ་དེ་དྲན་ནས་ཁོང་གིས་གསུངས་པའི་རེ་བ་ཆུང་ཆུང་དེའང་སྒྲུབ་མི་ཐུབ་བམ།
ང་ནི་བཀྲུས་ནས་མ་དག་པའི་ཕ་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་གཉིས་ལས་བྱུང་བའི་གདོང་དམར་བོད་མི་ཞིག་ཡིན་ལ། ༸གོང་ས་མཆོག་ལ་དད་གུས་བྱེད་མཁན་དང་ཡིད་ཆེས་བྱེད་མཁན་གྱི་བོད་པའི་བུ་མོ་ཞིག་ཡིན་པས་ཁོང་གིས་རྟག་ཏུ་གལ་ཆེན་རྩིས་ནས་གསུངས་པའི་བཀའ་སློབ་གནང་བ་ལྟར་ན་བོད་ཡིག་སྦྱོང་དགོས་པ་དང་བོད་སྐད་བཤད་དགོས་པ། ཚད་མ་རིག་པའི་གནས་ལ་སྦྱང་དགོས་པ་སོགས་གསུངས་པ་ལྟར་ངས་ངོས་ནས་གང་ཐུབ་ཐུབ་སྒྲུབ་ཐབས་བྱེད་ཀྱི་ཡོད་ལ། བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། མི་ལུས་རིན་པོ་ཆེ་དེ་བོད་མི་རིགས་ཀྱི་དོན་དུ་བློས་གཏོང་གནང་མཁན་གྱི་བོད་ཀྱི་དཔའ་བོ་དཔའ་མོ་རྣམ་པ། དེ་དེ་བཞིན་གྱི་ང་ཚོའི་མེས་པོ་དང་ཐོན་མི་ལྟ་བུའི་སྔ་མོའི་བོད་ཀྱི་རླབས་ཆེན་གྱི་མི་སྣ་ཚོའི་བཀའ་དྲིན་རྣམས་ཡིད་ལ་དམ་པོར་འཆང་བཞིན་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུའི་ཚུལ་དུ་ང་གཞོན་སྐྱེས་ཤིག་དང་མ་འོངས་པའི་སོན་རྩ་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་དང་སྐད་དང་རིག་གཞུང་གི་ཆེད་ངས་རང་ནུས་ཅི་ལྕོགས་ཀྱིས་སྲུང་སྐྱོབསད་བྱེད་ཀྱི་ཡིན། དེ་ནི་ངའི་ལས་འགན་ཞིག་རེད་ལ་འོས་འགན་ཞིག་ཀྱང་རེད།
ད་བར་དཔྱད་མཆན་མེད།