བློ་བཟང་ལྷུན་གྲུབ། འཛིན་རིམ་བཅུ་པ། རྫོང་ཆོས་སློབ་གྲྭ།

ང་བོད་པ་ཞིག་ཡིན་པའི་ངོས་ནས་གངས་ལྗོངས་ཀྱི་སྐད་ཡིག་སྦྱོང་རྒྱུ་བདག་གི་འོས་འགན་གཙོ་བོ་ཡིན་པ། ངས་དུས་རྟག་ཏུ་ཡིད་ལ་ལྷང་ལྷང་དྲན་བཞིན་ཡོད། དེ་ཉིན་ལྟར་སེམས་ནང་བསམ་དགོས་དོན་གང་ལགས་ཤེ་ན། སྤྱིར་གཞན་ལའང་བསམ་ཚུལ་ལམ་རྒྱུ་མཚན་ཇི་སྙེད་ཅིག་མཆིས་པ་ཐེ་ཚོམ་ཡེ་ནས་མེད།
ཡིན་ཡང་གུས་པར་རྒྱུ་མཚན་རེ་འགའ་ཡོད་པར་རྣམས་ནི། དང་པོ། བོད་པའི་སྐད་ཡིག་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད་ཚུལ། གཉིས་པ། སྐད་ཡིག་དེ་འཛམ་གླིང་འདིའི་ནང་དགོས་མཁོ་ཆེ་བའི་སྨན་ལྟ་བུ་ཆགས་ཚུལ། གསུམ་པ། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་དང་རྒྱལ་ཁབ་རྒྱུན་གནས་ཆེད་རྟེན་གཞི་གཙོ་བོ་ཡིན་ཚུལ་བཅས་ཡིན།
དང་པོ། གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་དང་ལྡན་ཚུལ་ནི། རང་ཅག་གི་བོད་པའི་སྐད་ཡིག་ནི། ལོ་རྒྱུས་ཐོག་ནས་བཤད་ན་གངས་ཅན་པའི་སྐད་ཡིག་དེ་ལོ་ངོ་ཆིག་སྟོང་ལྷག་བརྒལ་བའི་ལོ་རྒྱུས་མངའ་བ་དང་། དེ་འདྲ་སོང་བའི་སྐད་ཡིག་ནི་འཇིག་རྟེན་འདིའི་ནང་ན་ཧ་ཅང་ཉུང་ཞིང་། འཛམ་གླིང་འདིའི་སྒང་ལ་སྐད་རིགས་མི་འདྲ་བ་བདུན་སྟོང་ཙམ་ཡོད། དེ་ཡི་ནང་ནས་སྐད་དང་ཡི་གེ་གཉིས་ཀ་ཡོད་པ་ལྔ་བཅུ་ཙམ་ལས་མེད། བོད་པའི་སྐད་ཡིག་འདི་དེའི་ཁུངས་གཏོགས་སུ་ཡོད།
སྐད་ཡིག་འདི་ལ་ཡིག་གཟུགས་ཀྱི་ཁྱད་ཆོས་ཀྱང་བཅས་ཏེ། བོད་གངས་ཅན་ལྗོངས་ཀྱི་ཡིག་གཟུགས་དེ་ལ་མེས་བོ་རྒན་པ་རྣམས་ཀྱིས་སྐུ་ངལ་ཚད་མེད་གནང་བར་བརྟེན། ད་ལམ་གྱི་མི་རབས་ང་ཚོའི་ལག་ཏུ་སྒྱུ་རྩལ་གྱི་རང་བཞིན་དང་ལྡན་པའི་ཡིག་གཟུགས་སྣ་ཚོགས་པ་བརྒྱ་ལྷག་ཙམ་ཞིག་ཡོད་དེ། སྦལ་ནག་བགྲད་འདྲའི་ཡིག་གཟུགས་དང་། བྱ་ཕོ་གཤིབ་འདྲའི་ཡིག་གཟུགས། ཉ་མོ་ཆུ་ནང་ནས་ཕྱུང་འདྲའི་ཡིག་གཟུགས། སེང་གེ་གནམ་ལ་འཕྱོངས་འདྲའི་ཡིག་གཟུགས། དབུ་ཅན་གྱི་ཡིག་གཟུགས། དཔེ་ཚུགས་ཀྱི་ཡིག་གཟུགས། འབྲུ་ཚའི་ཡིག་གཟུགས་སོགས་ཡོད།
ཡིན་ཡང་བཙན་བྱོལ་ནང་དུ་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་བྱེད་པ་ལ་སོགས། ཡིག་གཟུགས་ལ་དོ་སྣང་གནང་མཁན་ཧ་ཅང་ཉུང་ན་ཡང་རང་དབང་མེད་པའི་བོད་ནང་དུ་ཡིག་གཟུགས་དུས་ཆེན་སྲུང་རྩི་ཞུ་མཁན་དང་། འབྲི་མཁན། དགའ་མོས་གནང་མཁན་སོགས་ཤིན་ཏུ་ནས་མང་།
གཞན་ཡང་ཡུལ་ལུང་སུ་ལའང་མེད་པར་ང་ཚོ་བོད་པའི་སྐད་ཡིག་ལ་ཡོད་པ་ནི་མིང་གི་ཚོགས་དེ་ཡིན། ཡིན་པའི་རྒྱུ་མཚན་ཡང་དག་ཡོད་དེ། དཔེར་མཚོན་ཙམ་ཉི་མ་དང་ཟླ་བ་ལ་སྦྱར་ནས་ཞུས་པ་ཡིན་ན། དང་པོ་ཉི་མ་ལྟ་བུ་ལ་མཚོན་ན་དབྱིན་སྐད་ལ་(sun) ཟེར། བོད་སྐད་ལ་རྟ་ལྗང་ཅན་དང་། རྟ་བདུན་དབང་པོ། ཚར་ཟེར་ཅན། སྣང་བྱེད་བདག་པོ། ཉིན་མོའི་མགོན་སོགས་མིང་གི་རྣམ་གྲང་བཅུ་ལྷག་ཡོད།
གཉིས་པ་ཟླ་བར་དབྱིན་སྐད་ལ་(moon) ཟེར། བོད་སྐད་ནང་ལ་འོད་དཀར་ཅན་དང། བསིལ་བསིལ་ཅན། རི་བོང་ཅན། ཀུནྡའི་གཉེན། མཚན་མོའི་མགོན་ལ་སོགས་པ་མིང་ཚིག་བཅུ་ལྷག་ཡོད། དབྱིན་ཇིའི་སྐད་ཡིག་དང་རྒྱའི་སྐད་ཡིག་སོགས་ལ་མིང་ཚིག་དེ་འདྲ་ཕྱུག་པོ་མེད་པ་དེང་དུས་ཀྱི་མཁས་དབང་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་རྫོང་ཆོས་གྲྭ་ཚང་དུ་ཕྱི་ལོ་༢༠༡༣ ཕྱི་ཟླ་༧ ཚེས་༡༧ ཉིན་བཀའ་སློབ་བསྩལ་པ་མ་ཟད། ཕྱིའི་མཁས་པ་བོད་པའི་སྐད་ཡིག་ཐོག་ལ་ལོ་བཞི་བཅུ་ཞེ་གསུམ་ལྷག་ཉམས་ཞིབ་གནང་མཁན་གྱི་སྐད་བརྡ་རིག་པའི་མཁས་དབང་(Nicolas Tournadre) མཆོག་དང་མཁས་པ་དུ་མས་བོད་པའི་སྐད་ཡིག་ལ་ལོ་རྒྱུས་རྒྱུན་རིང་དང་ལྡན་པ། ཡིག་གཟུགས་དག་སྒྱུ་རྩལ་རང་བཞིན་གྱི་ཁྱད་ཆོས་ཡོད་པ། ཚོགས་གསུམ་གྱི་རྣམ་བཞག་རྣམས་རྒྱལ་ཁབ་གཞན་གྱི་སྐད་ཡིག་ལས་ཧ་ཅང་ཕྱུག་པ་ཡོད་པ་དེ་ལྟར་གསུང་གིན་འདུག བོད་པའི་སྐད་ཡིག་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད་པར་སྣང་།
གཉིས་པ། དེང་གི་དུས་འདིར་ང་ཚོའི་བོད་པའི་སྐད་དེ་འཛམ་གླིང་འདིའི་ནང་དགོས་མཁོ་ཆེ་བའི་སྨན་ལྟ་བུར་མཐོང། གང་ལགས་ཤེ་ན། ད་ལམ་སའི་གོ་ལ་འདི་ཡི་སྟེང་གི་སྐྱེས་བུ་ཕལ་ཆེ་བར་ཆོག་ཤེས་མེད་པ། ཁོར་ཡུག་ལ་དོ་སྣང་མེད་པ། རང་རྒྱལ་གཞན་ཕམ་གྱི་བསམ་བློ་དེ་ཇེ་མང་ནས་ཇེ་མང་འཕེལ་བཞིན་ཡོད། དེ་ལྟར་ཡོང་བ་དེ་གང་གིས་འདང་གི་མེད་དམ་ཞེས་པའི་དྲི་བ་དེ་སེམས་ལ་ངེས་པར་དུ་སླེབས་དགོས། ངས་བལྟས་ན་གཙང་ཆུ་རྣམས་འབྱུང་ས་གཙོ་བོ་ནི་གངས་རི་ཡིན་པ་བཞིན། གོང་གི་དེ་དག་ཡོངས་དོན་གཙོ་བོ་ནི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་གནད་དོན་མ་ཤེས་པའི་དབང་གིས་བྱུང་བ་སོམ་ཉི་མེད་པ་ལྟ་བུ་རེད།
དེ་གཉིས་ཀྱི་གནད་དོན་མ་རྟོགས་པས་འདོད་གླིང་དེར་གནོད་སེམས་དང་འདོད་བློ་མི་ཁེངས་པའི་བསམ་པ་སོགས་ཉིན་རེ་ནས་ཉིན་རེར་གོང་འཕེལ་ཕྱིན་ནས་རྒྱལ་ཁབ་ཕན་ཚུན་དབར་དམག་རྒྱག་པ་དང་། རང་ཉིད་གནས་སའི་སྣོད་བཅུད་སོགས་འབག་བཙོག་བཟོས་ནས་ཉམ་ཆུང་བའི་སེམས་ཅན་མང་དག་ལ་གདུང་བས་མནར་གྱིན་ཡོད་པ་ཀུན་གྱིས་མངོན།
ཅི་སྟེ་དེ་གཉིས་ཀྱི་དོན་མ་མཁྱེན་ན་རི་བོའི་ཆུ་རྣམས་རྒྱུན་དུ་རྒྱ་མཚོར་ཡོང་བ་ལྟར་བཀྲ་མི་ཤིས་པའི་བྱ་བ་ཡང་རྒྱུན་བསྲིངས་ནས་ཡོང་རྒྱུ་ལས་ཇེ་ཡག་ཏུ་འགྲོ་རྒྱུ་མེད་པ་གཏན་ཁེལ་ཡིན་གཤིས། ཀུན་གྱིས་དེའི་གནས་ལུགས་རྟོགས་ཆེད་འབད་པ་བྱ་དགོས། གལ་ཏེ་དེ་གཉིས་ཀྱི་གོ་དོན་ཤེས་དགོས་ན། ད་ལམ་གྱི་དུས་འདིར་ཁ་བ་ཅན་གྱི་སྐད་ཡིག་ལས་གཞན་པའི་སྐད་ཡིག་ལ་དེ་གཉིས་ཀྱི་གནས་ལུགས་ཟབ་མོ་དེ་རྟོགས་པའི་ཐབས་ཤིན་ཏུ་ནས་མཐོང་དཀའ། དགོས་པ་དེ་ཕྱིར་ང་ཚོའི་སྐད་ཡིག་འདི་འཛམ་གླིང་འདིའི་ཐོག་དགོས་མཁོ་ཆེ་བའི་སྨན་ལྟ་བུ་ཆགས་འདུག་ཅེས་ཞུ་འདོད་སྐྱེས།
གསུམ་པ། གལ་སྲིད་བོད་མི་རིགས་ཀྱི་སྐད་ཡིག་ཉམས་གུད་ཕྱིན་ན་བོད་རྒྱལ་ཁབ་དང་། དེའི་རིག་གཞུང་། མི་རིགས་ཀྱི་ངོ་བོ་སོགས་རང་བཞིན་གྱིས་རྒུད་པར་ངེས། ཅིའི་ཕྱིར་ཟེར་ན་སྐད་ཡིག་ནི་གྲུ་གཟིངས་ལྟ་བུ་དང་རིག་གཞུང་དང་མི་རིགས་རྣམས་ནི་དེའི་སྟེང་དུ་གནས་པའི་འགྲུལ་མི་དང་ཡོ་བྱད་ལྟ་བུར་ཡིན་ཏེ། གལ་ཏེ་གྲུ་གཟིངས་དེ་མཚོའི་ནང་དུ་འབྱིང་ན་དེའི་ནང་དུ་མངའ་བའི་ཀ་ཅ་དག་འབྱིང་རྒྱུ་ཡིན་པ་ཐེ་ཚོམ་ག་ལ་སྲིད། དེ་ཕྱིར་བོད་རྒྱལ་ཁབ་དང་མི་རིགས་ཡོད་མེད་དེ་སྐད་ཡིག་ལ་ཐུག་ཡོད་པ་མིན་ནམ། མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན་དེའི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་རྩ་མེད་དུ་གཏོང་དགོས་ན། སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པ་ཆགས་ཀྱི་རེད་ཅེས་སི་ཏཱ་ལིན་གྱིས་གསུངས། དེ་ངོ་མ་བདེན་པ་རེད། གང་ཡིན་ཟེར་ན། ད་ལྟ་དེའི་སྲིད་བྱུས་དེ་རྒྱ་མིས་བོད་ནང་འཁྱེར་ནས་སྐད་ཡིག་གཅིག་བསྒྱུར་དང་སྲིད་བྱུས་གཅིག་ཏུ་ཡོང་ཐབས་ལག་བསྟར་བྱ་དང་བྱེད་མུས་རེད།
དམར་པོའི་གཞུང་གིས་ཐབས་ཤས་ཡོད་རྒུ་རྩལ་སྤྲུགས་བྱས་ཏེ་ང་ཚོའི་སྐད་ཡིག་སྣུབ་ཐབས་བྱེད་ཀྱིན་ཡོད་ཀྱང་། ཞུམ་པ་མེད་པའི་བོད་ནང་གི་བོད་མི་རྣམས་ཀྱིས། མཁས་པའི་དབང་པོ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་གྱིས་གསུངས་པའི། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན། གལ་ཏེ་སྐད་ཡིག་དེ་དོར་སོང་ན། མི་རིགས་འདི་ཡལ་འགྲོ་བས། ང་ཚོས་ངེས་པར་དུ་རང་གི་སྐད་ཡིག་འདི་རྐང་རྩ་བྱས་ནས། རིག་གནས་ཡོད་ཚད་སྦྱོང་བར་བྱས་ན། མི་རིགས་འདིའི་སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་འགྲོ་ཐུབ་པ་ཞིག་རེད་ཅེས་པའི་གསུང་གི་བདུད་རྩི་དེ་ཡིད་ལ་དྲན་ནས། དམར་གཞུང་ལ་གང་ཐུབ་ཅི་ཐུབ་ཀྱིས་གདོང་ལེན་གནང་གིན་ཡོད་པ་སྨོས་ཅི་དགོས། དེ་བཞིན་་དུ་བོད་ནང་རང་དབང་གཏན་ནས་མེད་ནའང་དེ་ལྟར་གནང་བཞིན་ཡོད་ན།
ང་ཚོ་བཙན་བྱོལ་བ་རྣམས་ཉིན་རེའི་འཚོ་བའི་ཆེད་དུ་གཞན་སྐད་རྐྱང་རྐྱང་བེད་སྤྱོད་མ་བྱས་ནས། དུས་གསུམ་མཁྱེན་པའི་བདག་ཉིད་༸པཎ་ཆེན་རིན་པོ་ཆེས་གསུངས་པའི། རང་སྐད་ནི་སྲོག་ཡིན། གཞན་སྐད་ནི་རྒྱན་ཡིན་ཞེས་པའི་གདམས་ངག་དེ་ཉིན་རེའི་འཚོ་བའི་ཁྲོད་དྲན་པའི་ཐོག་ནས་སོ་སོའི་སྐད་ཡིག་དེ་མི་རིགས་ཀྱི་ངོ་བོ་དང་རྒྱལ་ཁབ་སོགས་ཀྱི་རྟེན་གཞི་གཙོ་བོ་ཡིན་པ་ངོས་འཛིན་པའི་ངང་ནས། དེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཁྱབ་སྤེལ་བྱ་དགོས་པ། རང་དབང་ལུང་པར་ཡོད་པའི་རྒན་གཞོན་བར་གསུམ་གྱི་བོད་མི་ང་ཚོའི་འོས་འགན་ཡིན་པ་རྨི་ལམ་དཀྱིལ་ལའང་དྲན་དགོས་སོ། དེ་ལྟར་བྱ་མ་ཐུབ་ན་རང་དབང་ལུང་པར་གནས་པའི་དགོས་པ་བདག་གིས་ནི་མ་མཐོང་ངོ་།
མདོར་ན་ཚོང་པ་རྣམས་ཀྱིས་ཁྱད་ཆོས་སམ་ཁེ་སྤོགས་མཐོང་ནས་ཚོང་ལ་འཇུག་པ་ལྟར། ང་ཚོ་ཁ་བ་གངས་ཅན་པ་རྣགས་ཀྱིས་ཀྱང་འུ་ཅག་གི་སྐད་ཡིག་གི་ཁྱད་ཆོས་སམ་དགེ་མཚན་མཐོང་བའི་ངང་ནས་སོ་སོའི་སྐད་ཡིག་དེ་ད་ཆའི་སྐབས་འདིར་རང་ཉིད་ཀྱིས་སྦྱོང་དགོས་པའི་འགན་འཁྲི་དམིགས་བཀར་བ་ཞིག་ཡོད་པ་མཁྱེན་དགོས་པ་ནི་ཤིན་དུ་ནས་གལ་འགངས་ཆེའོ།
གུས་པས་གོང་དུ་བྲིས་པ་རྣམས་ཕན་པ་ཏོག་ཙམ་འདུག་དགོངས་ན་རྒན་པ་རྣམས་ཀྱིས་མ་འོངས་སོན་རྩ་དག་ལ་གསུང་པར་གྱིས། ཕན་ཐོགས་མི་འདུག་སྙམ་ན་གླེན་པས་བྲིས་འདུག་དགོངས་པར་གྱིས།
མཐར་འཇིག་རྟེན་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་མི་ཡི་རྣམ་པར་རོལ་པ་༧ཕྱག་ན་པད་མོ་༧བསྟན་འཛིན་རྒྱ་མཚོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་འཆི་གསོན་གྱི་མཚམས་ལ་སླེབས་པའི་ཁ་བ་གངས་ཅན་པ་འུ་ཅག་གི་སྐད་ཡིག་དེ་འཛམ་གླིང་གི་མི་མང་ཡོད་དོ་ཅོག་གིས་བཀོལ་སྤྱོད་བྱེད་པའི་དུས་ཤིག་མྱུར་མགྱོགས་ཤར་བའི་རེ་བ་དང་སྨོན་འདུན་གྲངས་མེད་ཡོད། ། ། །