བསྟན་འཛིན་བཀྲ་ཤིས་ལྡིང་བཟང།
འཛིན་གྲྭ་བཅུ་པ། སེ་ལ་ཀུའི་བོད་ཁྱིམ།

བོད་ཟེར་ན་གང་འདྲ་ཞིག་ཡོད་དམ། མཐའ་སྐོར་ཡོངས་རྫོགས་རི་རྒྱུད་ཀྱིས་བསྐོར་ཡོད་ཅིང་། འཛམ་གླིང་ཡང་རྩེར་ཆགས་པའི་ལྟ་ན་སྡུག་པའི་ཞིང་ཁམས་དེ་ཡིན། དུས་རྟག་ཏུ་རྒྱུན་ཆད་མེད་པར་རྒྱུག་པའི་གཙང་ཆེན་ཁ་འབབ་བཞི་དང་། ཟངས་དང་། ལི། གསེར། དངུལ་སོགས་རིན་ཐང་བྲལ་བའི་གཏེར་རྫས་སྣ་ཚོགས། ས་ཕྱོགས་གང་སར་ཞིང་ལས་དང་འབྲོག་ལས་ཀྱི་འཚོ་བར་རོལ་ཞིང། རྟ་ནོར་ལུག་གསུམ་གར་རྩེད་ལ་རོལ་བའི་ཡུལ་ལྗོངས་ལྟ་བས་ཆོག་མི་ཤེས་པ་དེ་ནི་གངས་ཅན་བོད་ཟེར་བ་དེ་རེད།

སྔར་རླབས་ཆེན་ཆོས་རྒྱལ་དང་དཔའ་ངར་ལྡན་པའི་མེས་པོ་གོང་མ་རྣམས་ཀྱིས་ཕྱག་བཏབ་པའི་མཁར་རྫོང་དང་། དགོན་པ་ལྷ་ཁང་སོགས་བགྲང་ཀྱིས་མི་ལངས་བའི་ཆོས་ལྡན་གྱི་ཞིང་ཁམས། ནང་པ་སངས་རྒྱས་པའི་ཆོས་ཀྱི་བྱིན་རླབས་ས་ཁྱབ་རྡོ་ཁྱབ་ཀྱི་ཞི་བདེའི་ཡུལ་གྲུ། མི་རྣམས་ཕན་ཚུན་རྒན་གཞོན་གོ་རིམ་དང་། བླ་མ་སློབ་མའི་དམ་ཚིག་གཙང་མ། ས་ཁྱོན་ཆེ་ལ་མི་འབོར་ཉུང་ཡང་དཔའ་ངར་ལྡན་ལ་བྱང་སེམས་ལྡན་པའི་ཡུལ་གྲུ་ནི་ང་ཡི་ཕ་ཡུལ་གངས་ཅན་བོད་ཟེར་བ་དེ་ཡིན། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཤར་ཕྱོགས་ཡུལ་ནས་ཡ་ང་དང་སྙིང་རྗེ་མེད་པའི་ཁྱིམ་འཚེས་རྒྱལ་ཁབ་རྒྱ་ནག་གུང་བྲན་གྱི་དབང་འཛིན་པ་ཚོས་མ་རུངས་ཁོག་ཏུ་བཅངས་ནས་ཕྱི་ལོ་༡༩༥༠ ལོར་ང་ཡི་མཛེས་སྡུག་ལྡན་པའི་ཕ་ཡུལ་དུ་བཙན་འཛུལ་བྱས་པ་རེད། བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་བ་དང་། དགོན་པ་དང་ལྷ་ཁང་སྟོང་ཕྲག་མང་པོ་གཏོར་བཅོམ་བཏང་བ། བོད་ཀྱི་ཆོས་དང་རིག་གཞུང་ལ་ཚབས་ཆེའི་གནོད་སྐྱོན་བཏང་བ་སོགས་ཁོ་རང་ཚོས་གང་འདོད་བྱས་པ་རེད། ༧གོང་ས་མཆོག་དགུང་ལོ་ཧ་ཅང་ཆུང་ཆུང་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་དགོས་བྱུང་བ་རེད། མཐར་རྒྱ་ནག་གི་ཧམ་བཤད་དང་མ་རབས་ལ་མ་བཟོད་པར་ཁོང་སྐུ་མཁོར་དང་ལྷན་དུ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་རེད། དུས་དེ་ནས་བཟུང་བོད་ནང་གི་བོད་མི་མང་པོ་གཅིག་གི་རྗེས་ལ་གཅིག་རྒྱ་གར་ལ་བྲོས་ཡོང་བ་རེད།

བཙན་བྱོལ་བོད་མི་རྣམས་རང་ཉིད་ཀྱི་ཕ་ཡུལ་དུ་ལོག་འདོད་ཡོད་ཀྱང་རྒྱ་ནག་གི་དབང་ཤུགས་དང་། ཡིག་ཆའི་གནད་དོན་འདྲ་མིན་གྱིས་བོད་ནང་ལ་ལོག་ཐུབ་ཀྱི་མེད་པ་རེད། དེ་དག་གི་ཁྲོད་དུ་གུས་པ་རང་ཉིད་ཀྱི་པཱ་ལགས་ཀྱང་ཚུད་ཡོད། གུས་པའི་པཱ་ལགས་ལོ་ན་ཆུང་ངུའི་སྐབས་རང་ཉིད་ཀྱི་གྲོགས་པོ་འགའ་ཞིག་དང་མཉམ་དུ་རྒྱ་གར་ལ་བཙན་བྱོལ་དུ་བྲོས་ནས་ཕེབས་པ་རེད་འདུག ལོ་ཤས་སྔོན་ང་རང་ཁྱིམ་དུ་བཅའ་སྡོད་སློབ་ཕྲུག་ཡིན་སྐབས། མཚན་མོའི་དུས་སྐབས་སུ་མཚམས་རེ་པཱ་ལགས་ཀྱིས་བོད་ནས་བྲོས་བྱོལ་དུ་ཡོང་སྟངས་སྐོར་གྱི་སྒྲུང་གཏམ་དང་། ལམ་ལ་དཀའ་ངལ་མང་པོ་འཕྲད་པའི་དངོས་ཡོད་ལོ་རྒྱུས་གསུང་གནང་གི་ཡོད། དཔེར་ན། ཁོང་ཚོ་མཚན་མོར་ནགས་ཚལ་ཁྲོད་དུ་རྩམ་པ་འགམ་ནས་གྲོད་པ་རྒྱགས་ཐབས་བྱས་པ་དང་། གཅན་གཟན་གྱི་སྐད་སྒྲ་སྣ་ཚོགས་ཐོས་པ། གངས་རི་ནས་རྐང་པ་འདྲེད་ནས་མར་དམའ་སར་ཟགས་པ། ས་མཚམས་ཀྱི་བགྲོད་སྐབས་ཉེན་རྟོག་པས་ཤེས་ན་ཉེན་ཁ་ཆེན་པོ་ཡིན་སྟབས་ལག་དངུལ་རྣམས་སྦས་ནས་དབུལ་པོ་ཉམ་ཐག་ལྟ་བུར་ལམ་ལ་འགྲོ་དགོས་བྱུང་བ་སོགས་གསུང་གི་རེད།

རྒྱ་གར་དུ་སླེབས་རྗེས་ཐབས་ལམ་སྣ་ཚོགས་ཀྱི་བོད་ལ་ཡོད་པའི་ནང་མི་རྣམས་ལ་འབྲེལ་བ་བྱེད་ཐབས་དང་དཀའ་ངལ་སྣ་ཚོགས་འཕྲད་པ་སོགས་མང་པོ་གསུང་གི་རེད། སྐད་ཆ་དེ་དག་གསུང་སྐབས་པཱ་ལགས་ཀྱི་མིག་མཐར་མིག་ཆུ་འཁོར་གྱི་ཡོད། འོན་ཀྱང་སོ་སོའི་ཕྲུ་གུའི་མདུན་དུ་ངུ་ཕོད་ཀྱི་མེད་པ་ངས་ཤེས་ཀྱི་ཡོད། རེས་གཟའ་སྤེན་པའི་དགོང་མོ་ཞིག་ལ་པཱ་ལགས་ཆང་རག་གིས་ཏོག་ཙམ་བཟི་ནས། ང་རང་བོད་ལ་འཁྲིད་འགྲོ་རྒྱུའི་སྐོར་རེ་བ་བཏོན་པ་དང་འགྲེལ་བརྗོད་མང་པོ་གནང་བྱུང་། ངས་ཁོང་ལ་སེམས་གཏིང་ནས་དེ་འདྲའི་རེ་བ་ཆེན་པོ་ཞིག་ཡོད་པ་ཤེས་རྟོག་བྱུང་བས། ངས་ཀྱང་རང་ཉིད་ཀྱི་སེམས་ལ་དམ་བཅའ་བརྟན་པོ་ཞིག་བཞག་ནས་པཱ་ལགས་ཀྱི་རེ་བ་ལྟར་འགྲུབ་ཐུབ་པ་བྱེད་དགོས་བསམ་གྱིན་ཡོད། ངའི་པཱ་ལགས་ཀྱིས་གནས་ཚུལ་དེ་དག་གཅིག་བྱས་ནས་དྲན་པ་བརྗེད་ཚར་ཡོད་ཀྱི་རེད། ཡིན་ན་ཡང་ངས་གནས་ཚུལ་དེ་སེམས་ནང་རྡོ་ལ་རི་མོ་བྲིས་པ་ནང་བཞིན་ཉར་ཡོད། དེས་ང་ལ་སེམས་ཤུགས་དང་བློ་སྟོབས་འཕར་མ་ཞིག་སྤྲོད་ཀྱི་འདུག

ད་ལྟའི་ཆ་ལ་བོད་གངས་ཅན་ལྗོངས་སུ་རྒྱ་མི་དམར་པོ་ཚོས་གྲོང་ཁྱེར་དང་བཟོ་གྲྭ་མང་དག་ཅིག་འཛུགས་སྐྲུན་བྱས་ནས། ཡུལ་ལྗོངས་མཛེས་པོ་དེ་དག་འབགས་བཙོག་བཟོ་བཞིན་ཡོད་པ་དང་། གཏེར་ཁ་རྔོག་འདོན་དང་ཤིང་ནགས་གཅོད་བྲེག་ཚད་མེད་བྱས་ནས་ས་བཅུད་ཉམས་རྒུད་དུ་འགྲོ་བ། རེ་སྐྱེས་སྲོག་ཆགས། དོམ་ཁྲ། ཁྲུང་ཁྲུང་སྐྱེ་ནག གངས་གཟིག་སོགས་རྩ་མེད་བརྟན་མེད་དུ་བཏང་ནས། འཛམ་གླིང་ནང་སྟོང་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་ཚུད་ཡོད། བོད་ཀྱི་སྐད་ཡིག་ནི་མི་རིགས་རྒྱུན་དུ་གནས་བྱེད་ཀྱི་ལག་ཆ་ལྟ་བུ་ཡིན་ན་ཡང་། རྒྱ་ནག་གཞུང་གིས་ཐབས་ཤེས་སྣ་ཚོགས་ཀྱིས་རྩ་གཏོར་གཏོང་བར་འབད་ཀྱི་ཡོད། དེ་འདྲ་སོང་ཙང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ༧གོང་ས་མཆོག་གི་ལམ་སྟོན་འོག་ང་ཚོས་གོམ་པ་མདུན་ནས་མདུན་དུ་སྐྱོད་དགོས། བོད་ཀྱི་ཐོན་ཁུངས་རྩ་བརླག་མ་འགྲོ་གོང་ང་ཚོས་ནུས་ཤུགས་འདོན་པའི་དུས་ལ་བབ་ཡོད། ང་ཚོ་གཞོན་སྐྱེས་རྣམས་ཀྱིས་རང་ཉིད་ཀྱི་ལྟོ་དང་གོས་ཙམ་གྱི་ཆེད་དུ་མ་ཡིན་པར་བོད་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སློབ་སྦྱོང་བྱེད་དགོས། ང་ཚོ་ལ་ལྷོད་ལྷོད་སྡོད་པའི་དུས་ཚོད་མེད་པ་རེད། རྒྱལ་ཁབ་གཞན་དང་མི་འདྲ་བར་ང་ཚོ་ལ་རང་ཉིད་ཀྱི་རྒྱལ་ཁབ་འཛུགས་སྐྲུན་གསར་པ་བྱེད་པའི་ལས་འགན་ཆེན་པོ་ཞིག་དཔུང་པའི་སྟེང་དུ་ཡོད་པ་རེད། མིའི་ལུང་པར་མུ་མཐུད་སྡོད་པའི་གོམས་གཤིས་ངན་པར་འགྱུར་བ་གཏོང་དགོས་པ་ཡིན་ནོ།།