བསྟན་འཛིན་བརྩོན་འགྲུས།
རྣམ་གྲྭ་སློབ་གཉེར་ཁང། འཛིན་གྲྭ་བཅུ་གཅིག
ད་རིང་བུ་ཆུང་ངའི་བརྗོད་གཞི་གཏིང་ཟབ་དེ་ཡི་སྐོར་ལ་བསམ་ཚུལ་རོབ་ཙམ་ཞིག་གོ་སླ་བའི་ལམ་ནས་ཁྱེད་རྣམས་ཀྱི་དཀར་ཆུང་མིག་གི་སྣང་བའི་ཡུལ་དུ་འབུལ་བར་བརྩོན། དེ་ཡང་སྤྱིར་བོད་དེ་ཁོར་ཡུག་གི་གནས་སྟངས་ཆ་ནས་བཤད་ན་འཛམ་གླིང་ས་ཡི་གོ་ལའི་ཡང་རྩེར་སོན་པའི་རྒྱལ་ཁབ་ཅིག་ཡིན་ལ་ཨེ་ཤི་ཡའི་དལ་འགྲོ་གཙང་ཆུའི་འབྱུང་ཁུངས་གཙོ་བོ་དེ་ཡང་ཡིན། དེ་མ་ཟད་ཕྱོགས་མཐའ་ཀུན་ཏུ་ལང་ལོང་གི་སྤྲིན་དཀར་ས་ལ་མཁྲིགས་པ་འདྲ་བའི་དཀར་མཛེས་གངས་རིས་སྐོར་ནས་ཡོད། དེ་བཞིན་འཇིག་རྟེན་གྱི་ལོ་རྒྱུས་ཆ་ནས་བཤད་ན་མཐོ་སྒང་ནི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་གདོང་དམར་བོད་མི་ཚོའི་དགའ་སྐྱིད་ཀྱི་འཚོ་བར་རོལ་ས་ཡིན་ལ། འཛམ་གླིང་གི་ལོ་རྒྱུས་ནང་སྙན་གྲགས་ཆེ་བའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ལྟེ་ཁྲག་འཕོ་ས་དང་། ད་དུང་མཛད་འཕྲིན་བསྐྱངས་ས་ཡང་ཡིན། ལྷག་དོན་དུ། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བོད་གངས་ཅན་པ་རྣམས་འདུལ་བར་ཞལ་གྱི་བཞེས་པའི་འདུལ་ཞིང་ཡིན་པ་མ་ཟད། མཉམ་མེད་ཤཱཀྱའི་རྒྱལ་པོའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དེ་ཉིད་དར་ཞིང་ཁྱབ་པའི་ཞིང་ས་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་བུ་ང་ཕ་ཡུལ་བོད་ལ་ལོག་ན་འདོད། འོན་ཀྱང་ང་ཚོ་བོད་མི་མང་པོ་ཞིག་མི་ཡུལ་དུ་བཙན་བྱོལ་ལ་བསྡད་དགོས་དོན་དང་ ༡༩༥༩ ཡི་རྗེས་སུ་བོད་ནང་གི་གནས་སྟངས། བོད་ལ་ལོག་པའི་ཆེད་དུ་གང་ཞིག་བྱ་དགོས་མིན་སོགས་ཀྱི་གནས་སྟངས་ཞིབ་ཅིང་ཕྲ་བ་རྣམས་ང་ཚོ་ཚང་མས་ཤེས་དགོས་པའི་གནད་འགག་ཆེན་པོ་མཐོང་གི་འདུག དེ་དོན་བོད་མི་མང་ཆེ་བས་མཁྱེན་གྱི་ཡོད་ཀྱང་བུ་ངས་བསམ་ཚུལ་གང་ཡོད་པ་རྣམས་ཡི་གེའི་ལམ་ནས་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་འབུལ་བར་ཞུ།
དེ་ཡང་དང་པོ། ད་ལྟ་ང་ཚོ་མི་ཡུལ་དུ་བཙན་བྱོལ་ལ་བསྡད་དགོས་དོན་ནི་ ༡༩༥༡ ཙམ་ལ་རྒྱ་དམར་གི་དྲག་པོའི་བསླུ་བྲིད་ཀྱི་སྒོ་ནས་བོད་ཀྱི་ཤར་ལྷོའི་ས་ཁུལ་མང་ཆེ་བ་བཙན་བཟུང་བྱས་ཡོད། ཕྱི་ལོ་ ༡༩༥༡།༥ པའི་ལོར་རྒྱ་དམར་གྱིས་ལྷ་སར་མེ་སྒྱོགས་རྒྱག་རྒྱུའི་འཇིགས་སྐུལ་བྱས་ནས་བཙན་དབང་གི་སྒོ་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་ས་ཡིག་རྒྱབ་དུ་བཅུག་ཡོད། དོན་ཚན་དེ་དག་གི་ནང་རྒྱ་མིས་བོད་དེ་ཡར་རྒྱས་གཏང་རྒྱུ་དང་ཕྱི་རྒྱལ་གི་བཙན་དབང་ལས་སྲུང་སྐྱོབ་བྱ་རྒྱུ། བོད་མི་རིགས་ལ་ས་གནས་རང་སྐྱོང་བྱེད་རྒྱུའི་རང་དབང་ཡོད་པ་སོགས་ལ་ཁ་གཡར་ཏེ་རྒྱ་དམག་ཁྲི་ཚོ་མང་པོ་ཞིག་ལྷ་སའི་ནང་བཙན་འཛུལ་བྱས། དེ་ལ་བརྟེན་ནས་ལྷ་སའི་ནང་ཟས་གོས་ཀྱི་རིན་གོང་རྡབ་ཀྱི་འཕར་ནས་མི་མང་ལ་འཚོ་བའི་དཀའ་ངལ་ཤུགས་ཆེན་པོ་འཕྲད། དེ་ཙམ་མ་ཟད་རྒྱ་དཔོན་ཚོས་རྒྱ་དམག་གི་བཟའ་ཆས་རྣམས་བོད་གཞུང་ནས་གྲ་སྒྲིག་བྱེད་དགོས་པའི་བཙན་བཀའ་བཏང་བ་དང་བོད་མི་མང་པོ་ཞིག་ལ་གླ་ཕོག་མ་སྤྲད་པར་བཙན་དབང་གི་མོ་ཊའི་ལམ་ཁ་བཟོས་སུ་བཅུག་པ། མཚོན་ཆ་མང་པོ་དབོར་འདྲེན་བྱས་ནས་དམག་རྒྱབ་རྒྱུའི་གྲ་སྒྲིག་བྱེད་པ་སོགས་ཁོང་རང་ཚོས་ས་ཡིག་རྒྱབ་ཏུ་བཅུག་པའི་དོན་ཚན་དེ་དག་ལས་རྒྱབ་བརྒལ་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་བོད་མི་མང་གི་རྒྱ་ནག་གི་བྱེད་སྟངས་ལ་མ་དགའ་བ་ཆེ་རུ་ཕྱིན་པ་རེད། འོན་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐབས་ཤེས་ཡོད་དགུ་རྩལ་དྲུག་གི་སྒོ་ནས་རྒྱ་བོད་ཀྱི་དཀའ་ངལ་རྣམས་ཞི་མོལ་གྱི་ལམ་ནས་སེལ་ཐབས་བྱས་ཡོད་ཀྱང་རྒྱ་དམག་ནས་དེ་ལ་ཁ་ཡ་རྩ་བ་ནས་བྱས་མེད། ཁོ་ཚོས་དེ་ལས་ལྡོག་ཏེ་ཕྱི་ལོ་༡༩༥༩ ཟླ་ ༣ ཚེས་ ༧ ཙམ་ལ་༧གོང་ས་མཆོག་འཛིན་བཟུང་བྱས་བའི་ངན་འཇུས་བཤམས། སྟབས་ལེགས་པ་ཞིག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་མང་པོ་ཞིག་རྒྱ་གར་དུ་བྲོས་འབྱོལ་ལ་ཕེབས་ཐུབ་ཡོད། གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ང་ཚོ་མི་ཡུལ་རང་དབང་ལུང་པར་ལྷོད་ལྷོད་བྱས་ནས་བསྡད་རྒྱུ་རག་གི་ཡོད།
གཉིས་པ་ཕྱི་ལོ་ ༡༩༥༩ ཡི་རྗེས་ལ་བོད་ནང་གི་གནས་སྟངས་ལ་གཞིགས་ན། ༧གོང་ས་མཆོག་གསང་ཕེབས་གནང་ནས་ཉིན་གཉིས་ཙམ་གྱི་རྗེས་སུ་རྒྱ་དམག་གིས་ནོར་བུ་གླིང་ཁ་གཙོས་པའི་ལྷ་ས་ལ་དྲག་པོའི་དམག་རྒྱབ་ཡོད། བོད་དམག་ནས་ཀྱང་ཕར་རྒོལ་བྱེད་ཐབས་བྱས་ཀྱང་དམག་མི་ཉུང་དྲག་པ་དང་མགོ་ལག་ཞན་དྲག་པ་སོགས་ཀྱི་འོག་ནས་རྒྱལ་ཁ་ཕམ་པ་ལྟ་བུར་འགྱུར། དེ་ནས་རྒྱ་དམར་གུང་ཁྲན་གྱིས་བོད་གཞུང་གི་ལས་བྱེད་དང་ཁོང་ཚོར་འཕར་རྒོལ་བ། ཡུལ་ལུང་སོ་སོའི་དཔོན་པོ་སོགས་མང་པོ་ཞིག་འཛིན་བཟུང་བྱས་ནས་བཙན་དབང་གིས་ཤུགས་ལས་ཚད་ལས་བརྒལ་བ་བྱེད་དུ་བཅུག་པ་མ་ཟད། ཁ་ལ་ཟ་བའི་ཟ་མ་དེ་ཡང་ཉུང་ཉུང་ལས་མ་སྤྲད་པར་བརྟེན་རྒྱལ་གཅེས་བཙོན་པ་ཁྲི་ཚོ་མང་པོ་ཞིག་ལྟོགས་ཤི་ཐེབས་ནས་ཤི་ཡོད། དེ་ནས་རྒྱ་དམར་གྱི་རིག་གནས་གསར་བརྗེ་ལ་སོགས་པའི་ལས་འགུལ་འདྲ་མིན་སྤེལ་ཏེ་བོད་མི་རྣམས་ལ་བཙན་དབང་དང་འཇིགས་སྐུལ་བྱས་ནས་སོ་སོའི་ས་གནས་ཀྱི་དགོན་པ་དང་སྐུ་འདྲ་རྩ་ཆེན་རྣམས་གཏོར་བཤིག་བཏང་དུ་བཅུག་པ་དང་དཔེ་ཆ་རྣམས་མེར་བསྲེགས་བཏང་དུ་བཅུག་ཡོད། ལས་ཀ་དེ་དག་བྱས་འདོད་མེད་མཁན་ཚོར་ཉེས་བརྡུང་བཏང་བ་སོགས་བྱས་ཡོད། ལྷག་པར་དུ་བོད་གཞུང་གི་ལས་བྱེད་དང་ཆབ་སྲིད་བཙོན་པ་ཚོའི་སྤུན་མཆེད་དང་ཉེ་འབྲེལ་བོད་མི་ཕྱུག་བདག་སོགས་ལ་སྡང་པོ་བྱས་ནས་མི་མང་གི་དཀྱིལ་དུ་ཧུར་བརྩོན་པ་ཚོར་ཉེས་བརྡུང་བཏང་བ་དང་དམའ་འབེབས་བྱེད་དུ་བཅུག་གི་ཡོད། ཁོང་ཅག་མང་པོ་ཞིག་ནི་ཉེས་རྡུང་ཚབས་ཆེན་ཕོག་ནས་འདས་གྲོངས་སུ་ཕྱིན་ཡོད། དེ་བཞིན་ཁོང་ཚོའི་རྒྱུ་ནོར་རྣམས་གཞུང་བཞེས་བཏང་བ་དང་ཁ་ལག་ཡང་འཚམས་རེ་ལས་མ་སྤྲད་པར་བརྟེན་སློང་མོ་རྒྱབ་དགོས་བྱུང་ཡོད་པ་མ་ཟད། ཁང་ཁྱིམ་ཡང་འཕྲོག་ནས་སེམས་ཅན་ཉལ་སའི་ཚང་ནང་ཉལ་དུ་བཅུག་པའི་ལོ་རྒྱུས་འདུག བཙོན་ཁང་ནང་དུ་ཡང་བཙོན་པ་རྣམས་ལ་བཙན་དབང་གི་༧གོང་ས་མཆོག་ལ་མཚན་སྨད་ཞུ་རུ་བཅུག་པ་དང་མ་བྱེད་མཁན་ཚོར་ཉེས་བརྡུང་ཚད་མེད་བཏང་ནས་ཉིན་མ་ཁ་ཤས་གོམས་པ་ཡག་པོ་རྒྱབ་མི་ཐུབ་པ་བཟོས་ཡོད་འདུག དེ་མ་ཟད་རྒྱ་དམར་གྱི་བཙོན་པ་ནང་ཕན་ཚུན་ནོར་འཁྲུལ་བཏོན་རེས་བྱེད་དུ་བཅུག་ཏེ་རྒྱལ་གཅེས་བཙོན་པ་རྣམས་ག་དུས་ཡིན་ཡང་ཉེས་རྡུང་མང་པོ་རག་གི་ཡོད་པ་རེད། ལྷག་པར་དུ་ལྷག་བསམ་ཧ་ཅང་བརྟན་པོའི་བཙོན་པ་མང་ཆེ་རྣམས་སྲོག་ཐོག་བཏང་ཡོད། མདོར་ན་རྒྱ་མིའི་དེ་ལ་སོགས་པའི་མི་སྤྱོད་ལས་འདས་པའི་བྱ་ངན་འདྲ་མིན་བྱས་ཏེ་ཕྱི་ལོ་ ༡༩༨༠ ཙམ་བར་བོད་མི་འབུམ་བཅུ་གཉིས་ཙམ་བསད་པ་དང་བོད་ཀྱི་ཆོས་དང་རིག་གཞུང་རྣམས་ཧ་ཅང་ཉམས་ཆག་བཏང་ཡོད། མི་ལོ་དེ་ཙམ་ནས་རྒྱ་ནག་གུང་ཁྲན་ཏང་ཡར་རྒྱས་ཕྱིན་ཏེ་ལོ་ཁ་ཤས་ཀྱི་རིང་ལ་བོད་མི་རྣམས་ལ་གུ་ཡང་ཕྲན་བུ་བྱུང་ཡོད། ཕྱི་ལོ་ ༡༩༨༩ ལོའི་ནང་རྒྱ་དམག་གི་གོང་ས་མཆོག་ལ་མཚན་སྨད་ཧ་ཅང་མང་པོ་བྱས་པ་ལ་རྟེན་ནས་ས་གཞི་ཞི་རྒོལ་ཆེན་མོ་བྱུང་ཡོད། དེ་ཡི་སྐབས་རྒྱ་དམག་གིས་མེ་མདའ་གང་བྱུང་རྒྱབ་ནས་བོད་མི་ཧ་ཅང་མང་པོ་ཞིག་དུས་མིན་རྐྱེན་འདས་སུ་བཏང་། མང་པོ་ཞིག་ནི་བཙོན་དུ་བཅུག་ནས་སྔར་ལྟར་སྡུག་བསྔལ་ཚད་མེད་མྱང་དུ་བཅུག་ཡོད། དེ་སྐབས་བོད་མི་རྣམས་ལ་ཆོས་དད་རང་མོས་དང་སྨྲ་བརྗོད་ཀྱི་རང་དབང་དང་འགྲོ་བ་མི་ཡི་ཐོབ་ཐང་སོགས་མེད་པར་བཟོས། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད། དེང་སང་ཡང་བཙན་དབང་གི་འོག་ནས་བོད་ཕྲུག་ཁྲི་ཚོ་མང་པོ་ཞིག་རྒྱ་མིའི་སློབ་གྲྭར་བཏང་བ་དང་བོད་ཡིག་སློབ་སྦྱོང་ཐོག་ནས་མདུན་ལམ་མེད་པ་བཟོས་ཏེ་བོད་ཀྱི་སྐད་ཡིག་དང་བོད་མི་རིགས་རྩ་མེད་བཟོས་ཐབས་བྱེད་བཞིན་ཡོད།
གསུམ་པ། ང་ཚོས་བོད་ལ་ལོག་པའི་ཆེད་དུ་གང་ཞིག་བྱ་དགོས་མིན་དེ་ཡི་སྐོར་ལ་བོད་མི་མང་ཆེ་བའི་མཁྱེན་རྒྱའི་ཚུལ་རེ་ཡོད་དུས། བུ་ངའི་བསམ་ཚུལ་རོབ་ཙམ་ཞུས་ན། བོད་ཀྱི་བསྟན་པའི་དོན་དག་དང་མི་མང་གི་ཐོབ་ཐང་སོགས་རྩོད་རྒྱུ་ནི་ང་ཚོའི་འཐབ་རྩོད་ཡིན་ལ་དེ་རྩོད་པའི་ཐབས་ལམ་ནི་ཚད་མེད་ཞི་བའི་ལམ་ཡིན། དེ་ནི་༧གོང་ས་མཆོག་གིས་དགོངས་པ་ཡང་ཡིན། ལྷག་པར་དུ་མགོན་པོ་གང་ཉིད་ནས་ང་ཚོའི་བོད་མི་རྣམས་ཚད་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་བྱས་ཀྱི་ཡོད་སྟབས་ཚང་མའི་འཆམ་མཐུན་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་ཡང་ནས་ཡང་དུ་གསུངས་ཡོད། འོན་ཀྱང་ད་ལྟ་བོད་མི་ཁ་བདེ་པོ་མང་པོ་ཞིག་ནི་ནང་ཁུལ་རྒྱག་རེས་དང་དམའ་འབེབས་བྱས་རེས་བརྩེས་པ་དང་སྤྱི་ཚོགས་དཀྲུག་ཤིང་རྒྱབ་པ་དང་བོད་དོན་འཐབ་རྩོད་པ་ལ་མཚན་སྨད་ཞུ་བ་སོགས་མདོར་ན་བོད་མི་རྣམས་རྡོག་རྩ་ཆིག་བསྒྲིལ་དེ་ཙམ་མེད་པ་འདྲ་པོ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ཉེ་ལམ་༸རྒྱལ་བ་ཀརྨ་པ་མཆོག་ནས་བོད་མི་རྣམས་མཐུན་སྒྲིལ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་ཡོད། བྱེད་སྟངས་དེ་ནི་རྒྱལ་བ་རིན་པོ་ཆེ་ཡི་དགོངས་པ་དང་མཐུན་གྱི་མེད་སྟབས་ངོ་ཚ་མེད་པའི་མིའི་བྱེད་སྟངས་ཤིག་རེད། ༧གོང་ས་མཆོག་གི་བཀའ་ལ་དད་པ་ཡོད་ན་ཁོང་གི་བཀའ་བཞིན་སྒྲུབ་རྒྱུ་དེ་ཁོང་ལ་བརྟན་བཞུགས་ཡག་ཤོས་དང་ཐུགས་དགྱེས་པའི་མཆོད་འཕྲིན་ཡག་ཤོས་དེ་ཡིན་པ་མགོན་པོ་གང་ཉིད་ནས་ཀྱང་གསུངས་ཡོད། ཡང་དག་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོ་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་བྱས་ནས་མ་འོངས་པར་༧གོང་ས་མཆོག་ཞལ་མ་བཞུགས་པའི་སྐབས་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་རྣམས་རྩ་བརླག་ཏུ་མ་འགྲོ་བར་ཡར་རྒྱས་ཡོང་ཆེད་དང་། མི་རིགས་ཀྱི་འཐབ་རྩོད་དེ་མུ་མཐུད་རྒྱུན་འཁྱོངས་ཡོང་ཆེད་གང་ཞིག་བྱེད་དགོས་མིན་སྐོར་ལ་བརྟག་དཔྱད་བྱས་ཏེ་ད་ལྟ་ནས་བསམ་བློ་གཏང་དགོས། མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་དུ་གནས་པ་དང་མགོན་པོ་གང་ཉིད་ཀྱི་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱི་གྲུབ་པའི་མི་རིགས་ཀྱི་བདེན་མཐའ་མྱུར་ནས་མྱུར་དུ་སེལ་བའི་རེ་བ་དང་སྨོན་ལམ་ཞུ།།
ད་བར་དཔྱད་མཆན་མེད།