མཐོང་ཆུང་བྱེད་པ། དཔེ་ཁུག་འཁུར་བ། རྗེས་སུ་ལུས་པ། སེམས་འཚབ་པ། ཁོང་ཁྲོ་ལང་བ། སྤྲིན་ནག་འཁྲིགས་པ། ཆར་ཞོད་ཆེ། ཞབས་ཕྱི་ཞུ་བ། ཨུ་ཚུགས་བྱེད་པ། མཆི་མ་བཞུར་བ། བློས་གཏོང་བྱེད་པ། དམ་བཅའ་བྱེད་པ།
ཉིན་ཞིག་གཅེན་པོས་ང་སྔར་རྒྱུན་ལྟར་སློབ་གྲྭར་བསུ་བར་འོང། ལམ་བར་དུ་གཅེན་པོས་”ཁྱོད་ཀྱི་འགྲོ་སྟངས་ལ་བལྟས་ན་ལོ་གསུམ་ལ་སོང་ཡང་ནང་དུ་སླེབས་མི་ཐུབ”ཅེས་ཟེར། ཁོང་གིས་ང་ལ་མཐོང་ཆུང་བྱས་པས། ངས་ཁོང་ཁྲོའི་ངང་ནས་མི་ལ་མཐོང་ཆུང་མ་བྱེད། ལམ་འདི་བར་ལ་མ་མཐའ་ཡང་ལེ་དབར་གཉིས་ཙམ་སྐྱོད་པ་ཡིན། ལྟོས་དང། ངའི་ཕྲག་པར་ད་དུང་དཔེ་ཁུག་འཁུར་ཡོད་པ་མི་མཐོང་ངམ་ཞེས་སྨྲས། ངས་གོམ་པ་ཇེ་མགྱོགས་སུ་བཏང་སྟེ་ཁོང་གི་རྗེས་སུ་འབྲངས་མོད། འོན་ཀྱང་སླར་ཡང་རྗེས་སུ་ལུས། ཁོང་གིས་སེམས་འཚབ་པའི་ངང་ནས་གནམ་ལ་བལྟས་ཤིང་བལྟས་པ་དང། ཡང་ང་ལ་བལྟས་ཤིང་བལྟས་ཏེ་”ཤོག” ངས་ཁྱེད་འཁུར་ནས་འགྲོ་ཟེར། ངས་གཏན་ནས་འཁུར་དུ་མ་བཅུག་པས་ཁོང་རང་ཉིད་ཁོང་ཁྲོ་ལང་སྟེ་ཁྱེད་ཆར་གྱིས་བརླན་ན་མི་འགྲིག་ཟེར་བཞིན་ང་ཁུར་ནས་མདུན་དུ་སྐྱོད། ནམ་མཁར་སྤྲིན་ནག་འཁྲིགས་ཤིང་ཆར་ཞོད་ཆེ་བས། ངས་ཡང་དང་ཡང་དུ་ཁོང་ལ་ང་སར་འབབ་ཏུ་འཇུག་དགོས་ཚུལ་བཤད་ཀྱང། ཁོང་གིས་སྔར་བཞིན་ཨུ་ཚུགས་ཀྱིས་ང་རྒྱབ་ཏུ་འཁུར་ནས་འདམ་རྫབ་ཏུ་འདྲེད་བཞིན་སྔོན་དུ་སྐྱོད། གློ་བུར་དུ་ཁོང་གི་ལུས་པོ་མར་བྱིང་ཞིང་བྲེལ་འཚུབ་ངང་”ཁྱོད་མྱུར་དུ་ཕར་སོང། ང་ས་དོང་དུ་ལྷུང་སོང་ཞེས་ཟེར། ང་རང་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐབས་དེར། ཁོང་གིས་ཤེད་ཤུགས་ཡོད་ཚད་ཀྱིས་ང་ཡར་བཀྱགས་ཏེ་གཞོགས་སུ་འཕངས་པ་དང། སྐད་ཆེན་པོས་” མྱུར་དུ་ཕར་སོང་། ངེད་གཉིས་ཀ་འཆི་མི་རུང། ཁྱོད་ཀྱིས་ཕ་མར་ཞབས་ཕྱི་ལེགས་པར་ཞུ་དགོས་ཞེས་ཟེར། ངས་ལག་པ་བརྐྱངས་ཏེ་ཁོང་ཡར་འཐེན་རྩིས་བྱས་ཀྱང་ཅི་ཡང་མ་ཟིན། ཁོང་དོང་དུ་བྱིང་ནས་ནུབ་པར་གྱུར། ངའི་སེམས་སྡུག་བསྔལ་གྱིས་ཁེངས་པ་དང་མཆི་མ་དབང་མེད་དུ་བཞུར། ཅི་འདྲའི་བརྩེ་དུང་ཆེ་བའི་གཅེན་པོ་ཞིག་རེད་ཨང་། ང་ལྟ་བུ་གཅུང་པོའི་དོན་དུ་ཁོང་གི་ཚེ་སྲོག་དེ་ཕངས་མེད་དུ་བློས་བཏང་བ་རེད། ངས་ཁོང་གཤེགས་ཁར་བཤད་པའི་སྐད་ཆ་དེ་ཡིད་ལ་བཟུང་སྟེ་དམ་བཅའ་བྱས།
 
བྱ་ཚིག།
བསུ། བལྟས། སོང་། སླེབས། སྐྱོད། ལྟོས། འཁུར། སྨྲས། འབྲངས། ལུས། བརླན། འཁྲིགས། བབས། འདྲེད། བྱིང་། ལྷུང་། གྱུར། བཀྱགས། འཕངས། འཆི། བརྐྱངས། འཐེན། ཟིན། ནུབ། ཁེངས། བཞུར། འཛིན།