གཞི་རིམ་བར་མའི་བོད་དགེ་ངག་དབང་ཆོས་འཕེལ། གོ་པལ་པུར་བོད་ཁྱིམ།

ཐོས་པའི་རྩལ་གྱི་ཤེས་རབ་མ་ཟིན་ན། །
བཤེས་ཀྱི་མན་ངག་རྒྱུད་ལ་མི་འཁོར་པས། །
དེ་ཕྱིར་འཇམ་དཔལ་དབྱངས་ཀྱི་ཤེས་རབ་ཀྱིས། །
ཉལ་རྩལ་རིག་པའི་སྒོ་གླེགས་རྡུངས་ཤིག་ཀྱེ། །

སྤྱིར་བཤད།

དེང་སང་སྐད་ཡིག་ལེགས་པོ་ཞིག་དང་ཡང་དག་ཅིག་ཤེས་དགོས་ཚེ་ངེས་པར་དུ་རྩལ་བཞི་ཚང་དགོས་པ་ཡིན་ཞེས་ཉན་རྩལ་དང་། ཀློག་རྩལ། འབྲི་རྩལ། བཤད་རྩལ་བཅས་ལ་གལ་གནད་ཆེན་པོ་བརྩིས་ཏེ། དེ་དག་གི་ཐོག་ལ་གོ་རྟོགས་དང་དར་སྤེལ་གཏོང་ཅི་ཐུབ་བྱེད་ཀྱང་། རང་ཅག་ཁ་བ་གངས་ཅན་གྱི་ཡུལ་དུ་དེ་ནི་ཐབས་ལམ་གསར་པ་ཞིག་དང་རིག་པ་གསར་པ་ཞིག་མིན་སྟེ། རིག་གནས་དར་བ་ནས་བཟུང་ནས་རྩལ་དེ་དག་གནད་དུ་བརྩིས་ནས། སློབ་མ་གསོ་སྐྱོང་དང་ཤེས་རིག་གོང་མཐོར་གཏོང་ཆེད་ཀྱི་ཐབས་ལམ་འདི་ནི་མི་ལོ་སྟོང་ཕྲག་གོང་ནས་བེད་སྤྱོད་བྱས་དང་བྱེད་བཞིན་པ་ཞིག་ཡིན། དེ་ཡང་ཐོས་བསམ་སྒོམ་གསུམ་དང་ཡ་མ་བྲལ་བ་ཞིག་དང་། འཆད་རྩོད་རྩོམ་གསུམ་མཁས་པའི་རྟགས་ཞེས་ཡོངས་སུ་གྲགས་པས་སོ། །
གང་འདྲ་ཞིག་ལ་ཉན་རྩལ་ཟེར།
དེ་ཡང་སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། ། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག། ། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། ། ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག། ། ཞེས་དང་། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། ། ཐོས་པས་སྡིག་ལས་གྲོལ་བར་འགྱུར། ། ཐོས་པས་དོན་མ་ཡིན་པ་སྤང་། ། ཐོས་པས་མྱ་ངན་འདས་པའང་ཐོབ། ། ཞེས་གསུངས་པ་ལྟར། བསླབ་པའི་སྒོ་དང་པོར་ཞུགས་པའི་སློབ་མ་ཞིག་ཡིན་ཚེ། ཆེས་ཐོག་མར་ཐོས་པའམ་ཉན་རྩལ་ནི་གནད་དམ་པ་ཞིག་དང་ཤེས་བྱ་ཀུན་ཀྱི་མགོ་ཁུངས་ཡིན་པས། དགེ་རྒན་དང་ཕ་མ་སོགས་ཀྱིས་བཤད་པའི་གནས་ཚུལ་རྣམས་རང་ཉིད་ཀྱི་ཡིད་ལ་འཆར་བའམ་ངེས་པ་གཏིང་ཚུགས་པའི་རིག་རྩལ་གྱི་རྩལ་རྫོགས་པའི་རྣམ་དཔྱོད་ཅིག་ངེས་པར་དུ་དགོས་པ་ཡིན། Stephen R.Covey མཆོག་གིས། མི་མང་ཆེ་བས་ཤེས་བྱའི་གནས་ལུགས་མགོ་ཚོས་པ་ཡི་ཆེད་དུ་མི་ཉན་པར། ལན་སློག་རྒྱུའི་ཆེད་དུ་ཉན་པ་ནི་ནོར་འཁྲུལ་ཞིག་ཡིན། ཞེས་གསུངས། དེས་ན་ང་ཚོས་ངེས་པར་དུ་ཤེས་བྱའི་གནས་ལུགས་ཡོངས་སུ་ཁོང་དུ་ཆུད་པ་ཞིག་དགོས་ན། ངེས་པར་དུ་སེམས་གནད་དུ་ཕབ་སྟེ་རི་དྭགས་སྒྲ་ལ་ཆགས་པ་བཞིན་ཤེས་བྱའི་གནས་ལུགས་ལ་ཉན་ཐུབ་པ་ཞིག་དགོས་པ་ལས། གོ་ལོ་ཐོས་ལོ་ཙམ་གྱིས་མི་འགྲིག་པ་ཡིན།

ཉན་རྩལ་གྱི་གལ་གནད།
ཉན་རྩལ་ནི་ཤེས་རབ་གོང་མཐོར་འགྲོ་བྱེད་ཀྱི་རྒྱུ་ཞིག་དང་། གཞན་གྱི་ཡོན་ཏན་རང་ཉིད་ཀྱི་རྒྱུད་ལ་འདྲེན་པ་བྱ་མཁན་གྱི་ཕོ་ཉ་ངོ་མ་ཡིན། Emmaline Soken –Huberty མཆོག་གིས་ཀྱང་། ཉན་དགོས་པའི་གལ་གནད་བཅུ་བཤད་ཡོད། ཡིད་ཆེས་སླེབས་པ། གོ་ནོར་ཉུང་དུ་འགྲོ་བ། རྙོག་གྲ་མེད་པ། བསམ་ཤེས་ཐུབ་པ། མཛའ་འབྲེལ་ཡོང་བ། ཚོོང་འབྲེལ་ལེགས་པ། གྲོགས་པོའི་མཛའ་འབྲེལ་ཡག་ཏུ་འགྲོ་བ། གྲུབ་འབྲས་ལེགས་སོན་ཐུབ་པ། སྐད་ཡིག་གསར་པ་ཤེས་པ། འགོ་ཁྲིད་ཀྱི་ནུས་རྩལ་གོང་མཐོར་འགྲོ་བ། ཞེས་གསུངས་པ་ལྟར། ང་ཚོས་ཐོས་བྱུང་གི་ཤེས་རབ་ཟད་པའི་གང་ཟག་ཅིག་ལ་མཚོན་ན། ཤེས་བྱ་རིག་པར་འཇུག་པའི་སྒོ་ཡི་ལྡེ་མིག་བརླག་པ་དང་གཉིས་སུ་མེད་པས། དང་ཐོག་ཉན་རྩལ་ལམ་ཐོས་པ་ལ་གོམས་འདྲིས་དང་སྤྲོ་སྣང་ཡོད་པའི་མི་ཞིག་དགོས་པ་ནི་གནད་དམ་པ་ཡིན། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་དུ་ཉན་རྩལ་ལ་ནུས་པ་མེད་པ་དང་ཉན་རྩལ་ལ་ཞན་ཆ་ཅན་གྱི་སློབ་མ་ཞིག་ཡིན་ཚེ། སློབ་མ་དེ་ལ་སློབ་སྦྱོང་གི་ཤེས་ཚད་བརྒྱ་ཆ་སུམ་ཅུ་ཙམ་ཞིག་ལས་རྒྱུད་ལ་འཇགས་མི་ཐུབ་པ་དང་། རྨང་གཞི་བརྟན་པོ་མེད་པའི་ཁང་པ་ཞིག་དང་འདྲ་བའི་རང་ཚུགས་མི་ཐུབ། ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོས། དང་པོ་རྒྱ་ཆེ་ཐོས་པ་མང་དུ་བཙལ། ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། ། ཞེས་དང་། བཀའ་གདམས་གོང་མ་ཚོས། ཐོས་པ་མེད་པའི་སྒོམ་པ་དེ། ། ལག་སྡུམ་བྲག་ལ་འཛེགས་པ་འདྲ། ། ཞེས་གསུངས་པ་ལྟར། ཉན་རྩལ་ནི་གཟུགས་པོའི་མ་ལག་གི་སྙིང་གསོན་པོ་དང་མཚུངས་པས་ཉལ་རྩལ་ལ་གཅེས་པར་མི་འཛིན་པ་ནི་བླུན་པོ་ཞིིག་ལས་རྣམ་དཔྱོད་ཅན་ནི་མ་ཡིན་ནོ། །
མི་ལ་ལས་ཉན་རྩལ་ལས་ཀློག་རྩལ་དང་། འབྲི་རྩལ་གལ་གནད་ཆེ་ཚུལ་དང་འབྲི་ཀློག་མ་ཤེས་ཚེ། ཤེས་མེད་བླུན་རྨོངས་བ་གླང་དང་འདྲ་བའི་མི་ཞིག་དང་། བོང་གུ་ཞེས་མིང་ངན་པ་རེ་བཏགས་ཏེ་མི་ཚེའི་ཁ་ཕྱོགས་མེད་པའི་སྤྲང་མྱུལ་བ་དང་གཅིག་མཚུངས་ཀྱིས་འདུ་ཤེས་འཛིན་གྱིས་ཡོད། ཉན་རྩལ་ནི་ཤེས་ཡོན་གྱི་མ་མ་ལྟ་བུ་དང་། འབྲི་ཀློག་གཉིས་ཀྱི་པང་དུ་བགྲོད་སའི་ཟམ་པ་དང་མཚུངས། Thich Nhat Hanh མཆོག་གིས་བྱིས་པའི་དུས་སུ་ངས་གང་བཤད་པ་རྣམས་ངའི་ཨ་མས་གལ་ཆེན་པོ་བརྩིས་ཏེ་ཉན་གྱི་ཡོད། ངའི་མི་ཚེའི་ནང་ཕན་ཐོགས་ཆེན་པོ་བྱུང་། དང་པོ། མི་དང་མི་དབར་ཡིད་ཆེས་སྐྱེ་ཐུབ་པ་དང་། མི་གཞན་ལ་སྐད་ཆ་བཤད་རྒྱུར་གདེངས་སྤོབས་སྐྱེ་བ། གཞན་གྱི་སྐད་ཆར་ཉན་ཐུབ་པའི་རྩལ་དང་སྤྲོ་བ་འཕེལ་ཐུབ་པ་བྱུང་ཞེས་གསུངས། གདམས་ངག་འདི་ནི་གལ་གནད་ཅན་ཞིག་ཡིན་པ་ནི་མི་སུ་ཞིག་གིས་བསྙོན་དུ་མེད་པའི་བདེན་ཚུགས་ཅན་ཞིིག་ཡིན་པ་ནི་རྟོགས་སླ་བའི་གནས་དམ་པ་ཞིག་གོ།
ཉན་རྩལ་ལ་ནུས་པ་མེད་པའམ་སྤྲོ་བ་མེད་པའི་གང་ཟག་ཅིག་ཡིན་ཚེ་ཤེས་བྱའི་མཁར་རྫོང་དུ་འཛུལ་བའི་གོ་སྐབས་མེད་པའི་དུད་འགྲོ་དང་གཉིས་སུ་མེད་པའི་མི་ཞིག་དང་མཚུངས་ཏེ། སྐྱེས་བུ་དམ་པའི་གདམས་ངག་གི་ནང་དུའང་། སྣོད་ཁ་སྦུབ་པ་ལྟ་བུ་དང་། ཞབས་རྡོལ་བ་ལྟ་བུ་དང་། དྲི་མ་ཅན་ཞེས་གདམས་ངག་ཟབ་མོ་སྩལ་བ་བཞིན། རྣ་བའི་ཤེས་པས་དགེ་རྒན་དང་ཕ་མ། མཁས་པ་སོགས་ཀྱི་ལེགས་བཤད་ཀྱི་གསུང་གི་བདུད་རྩི་ལ་ངོམས་མེད་བརྩོད་པར་མ་བྱས་ཚེ་ཤེས་བྱ་རིག་པའི་གནས་ཀུན་ལ་ཁོང་དུ་ཆུད་པ་ཞིག་འོང་དཀའ་བས། ཐོས་པའི་རྩལ་ལ་བྱང་ཆ་དོད་པ་ཞིག་དགོས་པ་ནི་གལ་འགངས་ཆེ་བས། སློབ་ལ་བརྩོན་བཞིན་པའི་གང་ཟག་ཅིག་ཡིན་ཚེ་ངེས་པར་དུ་དོ་སྣང་དང་གནས་ལུགས་ཤེས་པ་བྱ་སྟེ་སློབ་འཁྲིད་ཀྱི་སྐབས། རི་དྭགས་སྒྲ་ཆགས་པ་བཞིན་ཞེས་གསུང་པ་ལྟར། སློབ་མ་རྣམས་ཀྱིས་གང་འཁྲིད་པའི་སློབ་ཚན་ཁག་ལ་ལེགས་པར་ཉན་དགོས་པ་མ་ཟད། ཉན་ཟིན་པའི་སློབ་ཚན་གྱི་གནད་དོན་ཁག་ལ་ཡང་ཡང་བསམ་བློ་གཏོང་རྒྱུ་ནི་ཤེས་བྱ་མ་ལུས་ཕྱོགས་གཅིག་ཏུ་འདྲེན་པ་ལྟ་བུའི་རང་ཉིད་ཀྱི་ཀླད་རྩའི་མ་ལག་ཏུ་ཐིམ་འགྲོ་བ་ཡིན།

ཉན་རྩལ་གྱི་ཐབས་ལམ།
ང་ཚོའི་སློབ་མ་རྣམས་ཉལ་རྩལ་ལམ་ཐོས་པ་ལེགས་པོ་ཞིག་ཡོང་བར་གནད་དོན་ཁ་ཤས་ཤིག་ཡོད་པ་ཡིན། དང་པོ་སློབ་མའི་སེམས་ཁམས་ཀྱི་མོས་པ་དང་བསྟུན་ཏེ་སློབ་འཁྲིད་བྱེད་དགོས་པ་དང་། ལས་བྱ་བཀོད་སྒྲིག་བྱེད་དགོས་པ་ལས། དགེ་རྒན་རང་ཉིད་ཀྱིས་གང་ཤེས་པ་དང་གང་དྲན་པ་རྣམས་སློབ་མའི་མདུན་དུ་སྐྱུགས་པ་ནི་ཕན་ཐོགས་ཅི་ཡང་མེད་པའི་ན་བུན་གྱིས་རི་བོ་བཏུམས་པ་དང་མཚུངས་པས། སློབ་མའི་ཀླད་པ་ཡོངས་སུ་སྨུག་པའི་ནང་དུ་བརྫངས་པ་དང་གཉིས་སུ་མེད་པས། གནས་ལུགས་དེ་དག་ཤེས་དགོས་རྒྱུ་ནི་ཆ་རྐྱེན་དང་པོ་ཡིན། ཚོགས་ཐེངས་གཅིག་གི་རིང་གཡོ་འགུལ་དང་ཕྱག་རྒྱ་ཅི་ཡང་མེད་པར་ནག་པང་གི་མདུན་དུ་བཞེངས་ཏེ་ཁ་ལྦུ་བ་སོབ་སོབ་བྱས་ཏེ་འགྲེལ་བཤད་བརྒྱབ་སྟེ་ཚོགས་ཐུན་རྫོགས་པ་ན་སློབ་མ་རྣམས་སློབ་སྦྱོང་གི་སྤྲོ་སྣང་རྨེག་མེད་དུ་བཅོམ་པ་དང་གཉིས་སུ་མེད་པས། སློབ་འཁྲིད་བྱེད་སྐབས་སློབ་མའི་སེམས་ཁམས་ནི་སོ་སོའི་སློབ་ཚན་ལ་དང་བ་འདྲེན་ཐུབ་པ་ཞིག་དགོས་རྒྱུ་ནི་དགེ་རྒན་གྱི་ཆ་རྐྱེན་ངོ་མ་དེ་ཡིན།
དགེ་རྒན་གྱིས་སློབ་འཁྲིད་བྱེད་སྐབས་སྤང་གཞུང་དུ་ཆུ་བཞུར་བ་ལྟ་བུ་མ་ཡིན་པར། རི་གཟར་ནས་རྦག་ཆུ་འབབ་པ་ལྟར་སྐད་ངག་མཐོ་དམའ་ཅི་རིགས་དང་། ལུས་ཀྱི་ཉམས་འགྱུར་ཕུན་སུམ་ཚོགས་པའི་ངང་ནས་སློབ་མ་རྣམས་ཀྱི་སེམས་པ་ཕྱི་རོལ་ཏུ་ཤོར་མི་འཇུག་པ་ཞིག་དགོས་པ་ཡིན། ཚན་རིག་མཁན་པོས་བཤད་པ་ལྟར་ན། སྤྱིར་སློབ་མའི་ཉན་རྩལ་གྱི་ནུས་པ་ནི་སྐར་མ་གཅིག་ནས་བཅོ་ལྔ་བར་ལས་མེད་ཟེར་ཏེ་གཏན་ལ་ཕབ་མོད། དོན་དངོས་ཐོག་བྱིས་པ་རང་ལོ་དྲུག་ལ་སོན་ཏེ་འཛིན་རིམ་དང་པོ་རུ་འགྲོ་བའི་གནས་སྐབས་སུ་ཕྲུ་གུའི་བློ་དང་མཐུན་པའི་སྒྱུ་རྩལ་གྱི་སྐད་ཆའི་ལམ་ནས་སྒྲུང་དང་མཚར་གཏམ་སོགས་བཤད་པའི་གནས་སྐབས་སུ་སྐར་མ་ཉི་ཤུ་ཙམ་ཉན་ཐུབ་པ་མ་ཟད། ངག་ཐོག་ནས་བཤད་ཐུབ་པའི་ནུས་པ་བླ་ལྷག་ལྡན་པ་ནི་མིག་མཐོང་ལག་ཟིན་གྱི་མཐོང་ཆོས་སུ་གྱུར་པར་བལྟས་ན། ཚན་རིག་མཁན་པོས་བཤད་པར་དཔྱད་གཞི་ཞིག་ལས་མ་འདས། སློབ་མའི་ཉན་རྩལ་ལེགས་པོ་ཡོང་མིན་ནི་དགེ་རྒན་གྱི་གྲ་སྒྲིག་དང་འཆར་འགོད་ལ་རག་ལས་པ་ཞིག་ཡིན།
མདོར་ན། སྐད་ཡིག་ཐོག་མར་སྦྱོང་མཁན་གྱི་ལས་དང་པོ་བ་ཞིག་ཡིན་ཚེ། དང་ཐོག་དགེ་རྒན་གྱི་དྲུང་ནས་ཉན་པ་དང་ཐོས་པའི་བརྒྱུུད་རིམ་ཞིག་གི་ཐོག་ནས་འགྲོ་དགོས་པ་ལས་ཐོག་མ་ཉིད་ནས་འབྲི་ཀློག་གི་རྩལ་རྫོགས་པའི་གོ་སྐབས་གཏན་ནས་མེད་པ་ནི་རི་བོང་གི་རྭ་དང་། མོ་གཤམ་གྱི་བུ། ནམ་མཁའི་མེ་ཏོག་གི་སྤུན་དང་མཚུངས་སོ། །
ཉན་རྩལ་གྱི་ཐབས་ལམ་ལེགས་ཤོས་ནི་གློག་བརྙན་དང་དགོད་བྲོའི་གཏམ་གླེང་། སྙན་གྲགས་ཅན་གྱི་མི་སྣ་ངོ་སྤྲོད་སོགས་ཀྱི་བརྙན་བསྟན་ཏེ་དེའི་ནང་གི་གནས་ཚུལ་དང་སྐད་ཆ་རྣམས་ངག་ཐོག་ནས་བཤད་འཇུག་དགོས་པ་དང་། སྙིང་བསྡུས་རེ་འབྲི་རུ་འཇུག་དགོས་པ་དང་། ལྷག་པར་དུ་ཉིན་ལྟར་ཚོགས་ཐེངས་ཀྱི་སྐར་ཆ་ལྔ་ཙམ་ཞིག་བེད་སྤྱད་ནས་ཉིན་དེའི་སློབ་ཚན་གྱི་སྤྱི་ཁོག་ཅིག་འགྲེལ་བཤད་བརྒྱབ་སྟེ། སློབ་མ་རྣམས་ཀྱིས་གང་ཐོས་པ་རྣམས་ཡིག་ཐོག་ཏུ་ཕབ་འཇུག་རྒྱུ་ནི་ཧ་ཅང་གལ་གནད་ཅིག་དང་། ཉལ་རྩལ་ལ་གོམས་འདྲིས་་ཤུགས་ཆེར་འགྲོ་བའི་ཐབས་ཇུས་རྨད་དུ་བྱུང་བའི་འཆར་གཞི་གོ་རིམ་ལྡན་པ་ཞིག་ཡིན་ཟེར་ཆོག དེ་བས་ཀྱང་གལ་ཆེ་བ་ནི་སློབ་མ་ཕན་ཚུན་བགྲོ་གླེང་ཡང་ཡང་བྱ་རྒྱུའི་གོ་སྐབས་སྤྲོད་དགོས་པ་དང་། གླེང་སློང་གི་གནད་དོན་གཙོ་བོ་རྣམས་སློབ་མ་བྱིངས་ཀྱིས་ཚིག་ཐོའམ་ཟིན་བྲིས་སུ་བཏབ་ཏེ་མཐར་མཇུག་སློབ་མ་རེ་གཉིས་ཤིག་ལ་ཀློག་ཏུ་འཇུག་དགོས།
མདོར་ན་གང་ཤེས་པ་དང་གང་ཐོས་པ་གང་བྱས་པ་ཡོངས་སུ་ཐོས་འབྱུང་རིག་པའི་རྩལ་ལས་བྱུང་བའི་ཡོན་ཏན་ཁོ་ན་ལས་གཞན་མེད་པའི་གནས་ལུགས་ཤེས་པ་བྱ་རྒྱུ་ནི་སློབ་མ་ཞིག་གི་ངོས་ནས་ཤེས་དགོས་པའི་ལས་འགན་ཨང་དང་པོ་དེ་ཡིན།

ཤེས་བྱའི་སྒོ་མོའི་གླུ་དབྱངས་མ་ཐོས་པར། །
ཐབས་ཤེས་ཟུང་གི་རྩལ་རྫོགས་མི་ལྡན་པས། །
རིག་གསར་གཞོན་ནུའི་ཡིད་ཀྱི་མེ་ལོང་གིས། །
ཐོས་འབྱུང་ཤེས་རབ་གྲོགས་ལ་བསྟན་པར་བྱོས། །