དགེ་བཤེས་མ་བསྟན་འཛིན་དཔལ་མོ།
-
༡། དགེ་རྒན་གྱི་ཁྱད་ལས་ངོ་སྤྲོད་མདོར་བསྡུས།
༢། སློབ་ཁྲིད་ཐབས་ལམ།
༣། འཛིན་གྲྭར་ཚོགས་སྐབས་སློབ་མ་སྟངས་འཛིན་བྱེད་སྟངས།
༤། སློབ་ཕྲུག་ལ་རང་སྦྱོང་སྐུལ་སྟངས།
༥། སློབ་ཚན་འཆར་འགོད་གལ་ཆེ་ཚུལ།
༦། སློབ་ཕྲུག་གི་ཤེས་ཚད་འཇལ་ཚུལ།
༧། དགེ་རྒན་ཁྱད་ལས་ཡར་རྒྱས་གཏོང་བའི་དགོས་པ།
༨། དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་ཇི་ལྟར་གཏང་བ།
༩། ཁྲིད་ཆས་བེད་སྤྱོད་གཏོང་རྒྱུ་གལ་ཆེ་ཚུལ།
༡༠། སློབ་མ་ལ་རྩོམ་ཡིག་ཁྲིད་སྟོན་བྱེད་སྟངས།
དགེ་རྒན་གྱི་ཁྱད་ལས་དང་འབྲེལ་བ།
༡། དགེ་རྒན་གྱི་ཁྱད་ལས་ངོ་སྤྲོད།
-
དགེ་རྒན་གྱི་ཁྱད་ལས་དང་འབྲེལ་བ་ཞེས་པ་ནི། དགེ་རྒན་རང་རང་གི་བསླབ་བྱར་གྱུར་པའི་སློབ་ཚན་གཅིག་པོ་ལ་མི་གོ་བར། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གཙང་སྦྲ་འཕྲོད་བསྟེན་སོགས་ལ་ཡང་དགེ་རྒན་མི་རེ་ངོ་རེ་ནས་དོ་སྣང་བྱེད་རྒྱུ་དེ། སློབ་མ་རྣམས་ལ་ཆུང་དུས་ནས་གཙང་སྦྲ་སོགས་ཀྱི་གོམས་གཤིས་བཟང་པོ་སྐྲུན་ཐུབ་པ་བྱ་རྒྱུ་ནི་དགེ་རྒན་སུ་འདྲ་ཞིག་ཡིན་རུང་། རང་ཉིད་ཀྱི་དོ་སྣང་བྱས་ཏེ་སློབ་མ་ལ་སློབ་རྒྱུ་གལ་ཆེ། མདོར་ན། དགེ་རྒན་གྱི་ཁྱད་ལས་དང་འབྲེལ་བ་ཞེས་པ་ནི། འཇིག་རྟེན་གྱི་བྱ་གཞག་མང་ཆེ་བ་ཚུད་ཀྱི་ཡོད་སྙམ། དཔེར་ན། སྐད་ཡིག་དགེ་རྒན་ཞིག་ཡིན་ན། རང་གི་སློབ་དེབ་གཅིག་པུ་ལ་མ་བལྟས་པར་དེ་དང་འབྲེལ་བ་ཡོད་པའི་ལོ་རྒྱུས། རྩོམ་རིག སྐྱེས་བུ་དམ་པའི་རྣམ་ཐར་སོགས་ལ་རྒྱུས་མངའ་ཡང་དག་ཡོད་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ།
དགེ་རྒན་སུ་འདྲ་ཞིག་ཡིན་རུང་རང་ཉིད་སློབ་ཚན་དེའི་ཡོན་ཏན་དང་། ཁྱད་ཆོས། བྱེད་ནུས། དགོས་པ་དང་རྒྱུ་མཚན་སོགས་རང་ཉིད་ཐོགས་པ་མེད་པར་བྱ་རྒྱུ་ནི་ཧ་ཅང་གལ་ཆེར་མཐོང་།
གང་ཟག་སུ་འདྲ་ཞིག་ཡིན་ན་ཡང་རང་གིས་བསླབ་བྱར་གྱུར་པའི་སློབ་ཚན་དེ་སློབ་མའི་མ་འོངས་པའི་མདུན་ལམ་དང་། སྤྱི་ཚོགས་ལ་ཕན་པ་བྱེད་ནུས་པའི་འགྲེལ་བརྗོད་ཡང་དག་ཅིག་ཏུ་མཐོང་འཇུག་དགོས། གང་ལ་ཞེ་ན། སློབ་ཚན་དེ་དང་རང་ཉིད་ལ་ཕུགས་རྒྱང་རིང་པོར་དགོས་མཁོ་ཆེན་པོ་ཡིན་པ་ཤེས་ན་སློབ་མ་ཚོས་དེ་ལ་དོ་སྣང་སླེབས་རྒྱུ་ལ་དཀའ་ངལ་ཆུང་དུ་འགྲོ་ཡི་འདུག
༢། སློབ་ཁྲིད་ཐབས་ལམ།
སློབ་ཁྲིད་ཐབས་ལམ་ནི་སྣ་ཚོགས་ཤིག་ཡོད། གལ་གནད་ཆེ་ཤེས་ཤིག་ནི་དགེ་རྒན་སུ་འདྲ་ཞིག་ཡིན་རུང་ཞབས་བཀྱག་སྟེང་བཞུགས་ཏེ། སློབ་ཚན་ཁྲིད་སྐབས་གསུང་བཤད་ལྟ་བུ་མང་པོ་ཞིག་གསུངས་ནས་སློབ་ཚན་གསུངས་འགོ་བཙུགས་པ་དང་སློབ་མ་ཉོབ་འགོ་ཚུགས་པ་དུས་མཉམ་པ་ང་རང་གི་ཉམས་མྱོང་སྟེང་ནས་མཐོང་། དགེ་རྒན་རང་ཉིད་ཡར་བཞེངས་ཏེ། གར་སྟེགས་སྟེང་དུ་བྲོ་འཁྲབ་པ་ལྟ་བུའི་རྣམ་འགྱུར་སྣ་ཚོགས་ཤིག་གི་ཐོག་ནས་སློབ་ཁྲིད་གནང་བ་དང་། གཙོ་བོ་སློབ་མ་རྣམས་ཀྱི་ཁམས་དང་མོས་པ་དང་མཐུན་མིན་ལ་བརྟག་རྒྱུ་ཤིན་ཏུ་གལ་ཆེ་སྙམ།
སློབ་ཕྲུག་རྣམས་ཉོབ་པ་མཐོང་དུས་ཕྱིའི་ཁོར་ཡུག་བསྟན་ནས་འཆད་འཁྲིད་བྱེད་པ་དང་། ལུས་རྩལ་རྩེ་རུ་འཇུག་པ། ཡང་སློབ་ཚན་དེ་རྩེད་མོའི་ཐོག་ནས་འཁྲིད་ཐབས་དང་དེ་བཞིན་མི་ཚེ་དང་འབྲེལ་བ་ཡོད་པའི་སྒྲུང་སྙན་མོ་བཤད་པ་སོགས་ནི་སློབ་ཁྲིད་ཀྱི་ཐབས་ལམ་ཡག་ཤོས་ཡིན་པ་དང་། སློབ་ཚན་དེ་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་ཐུང་ངུ་རེ་འཁྲབ་བཅུག་ན་ཡག་པོ་མཐོང་། སློབ་ཕྲུག་ཆུང་བ་ཚོར་ཆ་གཞག་ན་གཏམ་བརྗོད་འཁྲབ་རྒྱུ་དང་སྒྲུང་སྙན་མོ་ནི་དགའ་ཤོས་བྱེད་ས་ཤིག་ཡིན།
ཡང་མཚམས་རེར་སློབ་མ་ཚོ་ཉོབ་པ་ན། སློབ་མ་ཆོབ་ཚ་བོ་དེ་འདྲ་ལ་ཆོབ་སློང་གི་བཅུག་ཚེ་སློབ་མ་ཚོས་ཉོབ་སྣང་སངས་ནུས་པ་ཡིན། མཚམས་རེར་སློབ་མ་ཕན་ཚུན་སློབ་ཚན་སློབ་རེ་བྱེད་དུ་བཅུག་ན་དེ་ཡང་ཕན་ཐོགས་ཧ་ཅང་ཆེན་པོར་མཐོང་། རྒྱུ་མཚན་ནི་སློབ་མ་ཕན་ཚུན་སེམས་ནང་ག་དུས་ཡིན་ན་ཡང་མཉམ་པའི་ཚོར་བ་ཤུགས་ཆེ་ཡོད་པས་ཡིན་སྙམ། སློབ་ཚན་ཁྲིད་ཐབས་གཞན་ཞིག་སྔར་སྲོལ་ལྟར་མ་ཡིན་པར་དེང་དུས་ཀྱི་སློབ་མའི་སྤྱོད་ལམ་ལ་བལྟས་ནས་སློབ་ཁྲིད་བྱ་ཐབས་ནི་ཤིན་ཏུ་གལ་ཆེར་མཐོང་།
༣། འཛིན་གྲྭ་ཚོགས་སྐབས་སློབ་མ་སྟངས་འཛིན་བྱེད་སྟངས།
སློབ་ཁྲིད་སྐབས་སློབ་མ་སྟངས་འཛིན་བྱེད་སྟངས་གང་ཟག་སོ་སོས་རྣམ་དཔྱོད་ལྡན་མིན་ལ་བལྟས་ཏེ་ཐབས་བྱུས་སྣ་ཚོགས་བཏོན་པ་ཞིག་མཐོང་།
དང་པོ་དགེ་རྒན་སུ་འདྲ་ཞིག་ཡིན་རུང་སློབ་མ་དེ་དང་དེའི་སྤྱོད་པ་དང་། རིག་པ། གོམས་གཤིས་སོགས་ངོ་ཤེས་པ་བྱེད་རྒྱུ་དང་། དེ་བཞིན་སློབ་མ་རེ་རེ་ལ་གཤིས་ཀ་རེ་རེ་ཡོད་སྟབས། དང་པོ་སློབ་མ་རྣམས་དགེ་རྒན་རང་ཉིད་ཀྱི་འདུལ་ཐབས་བྱེད་རྒྱུ་གལ་ཆེར་མཐོང་། འགའ་ཤོས་ཞི་བས་འདུལ་ཐུབ་པ་དང་འགའ་ཤས་དྲག་པོས་འདུལ་ཐུབ། ཡང་འགའ་ཤས་བསྟོད་ར་བཏང་སྟེ་འདུལ་ཐུབ་པ། འགའ་ཤས་བསླབ་བྱ་བཟང་པོ་བརྒྱབ་ནས་འདུལ་ཐུབ་པ་བཅས་སློབ་མ་འདུལ་ཐབས་སྣ་ཚོགས་ཤིག་ཡོད། དགེ་རྒན་སོ་སོས་སློབ་མ་འདུལ་ཐུབ་ན་དགེ་རྒན་དེའི་འཛིན་གྲྭ་ཚོགས་སྐབས་སློབ་མ་རྣམས་ཀྱང་སྟངས་འཛིན་བྱ་མ་ཐུབ་པའི་དཀའ་ངལ་གང་ཡང་མེད།
འཛིན་གྲྭ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་སློབ་ཕྲུག་སྤྱོད་པ་ཡག་སྡུག་ཅི་རིགས་ཤིག་ཡོད་པ་ཆོས་ཉིད་ཡིན་པས། སློབ་མ་སྤྱོད་པ་མི་ལེགས་པ་སྟངས་འཛིན་བྱེད་སྐབས་མང་ཆེ་བར་བསྟོད་པ་བྱས་ནས་སྟངས་འཛིན་བྱེད་དགོས། རྒྱུ་མཚན་ནི་མང་ཆེ་བ་བསྟོད་པ་དགའ་བས་བསྟོད་པ་དེའི་ནུས་པས་སློབ་མ་ཚུལ་ལྡན་ཞིག་ཏུ་བསྒྱུར་པ་མང་པོ་བྱུང་། འཛིན་གྲྭ་ཚོགས་སྐབས་སློབ་ཕྲུག་སྟངས་འཛིན་བྱེད་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། གང་ལ་ཞེ་ན། འཛིན་གྲྭའི་ནང་སློབ་མ་འགའ་ཡིས་སུན་པོ་བཟོས་ཏེ། སློབ་ཕྲུག་བྱིངས་ལ་གནོད་ནས་སློབ་ཚན་ཡང་ཁྲིད་ཧ་ཅང་ཁག་པོ་རེད། མདོར་ན། སློབ་མ་སྟངས་འཛིན་མ་བྱས་པར་དགེ་རྒན་རང་ཉིད་ཀྱིས་གང་འདོད་པ་དེ་བཤད། མིག་གིས་སློབ་མ་ལ་ལྟ་ཙམ་ཡང་མ་བྱས་ན། སློབ་ཁྲིད་བྱས་མིན་ལ་ཁྱད་པར་གང་ཡང་མ་མཐོང་།
༤། སློབ་ཕྲུག་ལ་རང་སྦྱོང་སྐུལ་སྟངས།
སློབ་མ་དེ་ཚོ་ལ་རང་སྦྱོང་སྐུལ་སྐབས་གལ་ཆེ་ཤོས་ནི་མང་ཉུང་རན་པ་སྐུལ་རྒྱུ་གལ་ཆེ་ཤོས་ཤིག་ཏུ་མཐོང་། དཔེར་ན། ང་ཚོས་ཁ་ལག་མང་ཉུང་རན་པ་བཟས་ན་ལུས་ཁམས་བདེ་ཐང་ལ་ཕན་པ་བཞིན། སློབ་མ་ལ་ཡང་རང་སྦྱོང་མང་ཉུང་རན་པའམ་འཚམས་པ་ཞིག་བསྐུལ་ན། སློབ་མའི་སེམས་ཁམས་ལ་མི་གནོད་པའི་དགོས་པ་གལ་ཆེན་པོར་མཐོང་།
ཉིན་ལྟར་དགེ་རྒན་ཞིག་གིས་རང་སྦྱོང་མང་དག་ཅིག་བསྐུལ་ན། སློབ་མའི་གཉིད་མ་འདང་བར་ལུས་ཁམས་ལ་གནོད་པ་དང་། སློབ་གྲྭར་འགྲོ་སྐབས་ཉོབ་པ་སོགས་ཀྱི་སྐྱོན་མང་དུ་མཐོང་། སློབ་མ་མང་ཆེ་བ་ལ་སློབ་ཚན་བཞི་ལྔ་དྲུག་ཡོད་མཁན་ཤ་སྟག་ཡིན། དགེ་རྒན་རེ་རེ་ནས་ནང་ལས་མང་དག་ཅིག་བསྐུལ་ཚེ། ཕྱག་ཚོད་༤ ཡི་ཐོག་གཞི་ནས་སློབ་གྲྭ་གྲོལ་བ་དང་། ནང་ལ་སླེབས་ནས་གཟུགས་པོ་བཀྲུས་ནས་ཕྱག་ཚོད་ཕྱེད་ཀ་ཙམ་ལ་ངལ་གསོ་བརྒྱབ་སྟེ་རང་སྦྱོང་བྱ་འགོ་འཛུགས་ཀྱི་ཡོད། ཕྱག་ཚོད་དྲུག་པ་བར་རང་སྦྱོང་འབྲི། དེ་རྗེས་ཁ་ལག་བཟས་རྗེས་སླར་ཡང་རང་སྦྱོང་འབྲི་འགོ་བརྩམས་ཏེ་ཕྱག་ཚོད་ཚུད་༡༡ བར་རང་སྦྱོང་བྲིས་ནས་ལུས་པ་ཡང་མང་པོ་མཐོང་། དེར་བརྟེན། རང་སྦྱོང་མང་ན་སློབ་མའི་ལུས་སེམས་གཉིས་ཀ་ལ་དཀའ་ངལ་རེད།
འོན་ཀྱང་རང་སྦྱོང་རྩ་བ་ནས་མ་བསྐུལ་ན། སློབ་མ་རྣམས་ཀྱི་དུས་ཚོད་འཕྲོ་བརླག་འགྲོ་བ་དང་། སློབ་ཕྲུག་རང་ངོས་ནས་གང་ཡང་མི་བྱེད་མཁན་ཞིག་ཆགས་རྒྱུ་ཡི་ཉེན་ཁ་ཏན་ཏན་འདུག དཔེར་ན། དགེ་རྒན་ཞིག་གིས་དྲི་བ་དྲིས་ལན་ཆ་ཚང་ནག་པང་ལ་བྲིས་ཏེ། སློབ་མ་ལ་བསམ་བློ་གཏོང་རྒྱུའི་གོ་སྐབས་རྩ་བ་ནས་མ་སྤྲད་ན། དེའི་རྗེས་འབྲས་སློབ་མ་དེ་གཞན་གྱིས་ཅི་ཟེར་གྱི་རྗེས་སུ་འབྲང་མཁན་གྱི་མི་ཞིག་མི་ཆགས་པའི་ངེས་པ་མེད།
༥། སློབ་ཚན་འཆར་འགོད་གལ་ཆེ་ཚུལ།
སྤྱིར་འཇིག་རྟེན་གྱི་མི་སུ་འདྲ་ཞིག་ཡིན་རུང་བྱ་བ་ཞིག་བྱེད་པ་ལ་དེ་ལ་འཆར་འགོད་ཅིག་དགོས་རྒྱུ་ནི་མིག་ལྟ་བུར་གྱུར་པར་མཐོང་། འཆར་གཞི་ཞིག་མེད་ན་འཛིན་གྲྭར་སོང་ཡང་བྱེད་ལུགས་བྱེད་སྟངས་མ་ཤེས་པར་ལྷག་རྒྱུའི་ཉེན་ཁ་ཡང་ཡོད། འཆར་འགོད་མེད་པའི་ལས་ཀ་ག་འདྲ་ཞིག་ཡིན་ཡང་ཚགས་ཚུད་མེད་པ་དང་། ཕུགས་རྒྱང་རིང་པོ་ལ་ཡག་པོ་མི་འོང་བ་གཏན་འཁེལ་རེད། དེར་བརྟེན། སློབ་ཚན་འཆར་འགོད་ནི་དགོས་ངེས་ཅན་རེད།
༦། སློབ་ཕྲུག་གི་ཤེས་ཚད་བརྟག་པ།
སློབ་ཕྲུག་གི་ཤེས་ཚད་ལ་བརྟག་དཔྱད་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཡིན་ཡང་། དེ་ཙམ་གྱི་དཀའ་ངལ་མ་མཐོང་། སློབ་མའི་ཤེས་ཚད་འཇལ་སྐབས་ཐབས་བྱུས་སྣ་ཚོགས་ཤིག་ཏུ་མཐོང་། སློབ་མ་ལ་ཀློག་དེབ་བཀླགས་ནས་འགྲེལ་བརྗོད་བྱེད་དུ་འཇུག་པ་དང་། དྲི་བ་ཁ་ནས་དྲིས་ཏེ་ལན་རྒྱག་ཏུ་འཇུག་པ། ཡང་དྲི་བ་མང་པོ་ནག་པང་སོགས་ལ་བྲིས་ཏེ་ལན་རྒྱག་ཏུ་འཇུག་པ། ཡང་སློབ་མ་ཕན་ཚུན་ཚིགས་བཅད་སོགས་ཀྱི་ནང་དོན་འགྲེལ་བརྗོད་བྱེད་དུ་འཇུག་པ། གལ་ཆེ་ཤོས་ཤིག་ནི་སློབ་མ་དེ་དང་དེ་ལ་འབྲི་རྩོམ་དང་གཏོང་ཡིག་འབྲི་རུ་འཇུག་པ། སློབ་མ་ཆུང་བ་ཡིན་ན་ཡི་གེ་ཀློག་སྐབས་གཅོད་མཚམས་ཤེས་མིན། དེ་བཞིན་འབྲི་སྐབས་བར་མཚམས་འཇོག་ཤེས་མིན་བྱེད་འཇུག་པ་སོགས་སློབ་མའི་ཤེས་ཚད་ག་ཚོད་ཡོད་མེད་བརྟག་ནས། སློབ་མ་ཆེ་བ་ཡིན་ན་དཔེ་དེབ་དཀའ་ལས་ཁག་པ་རིགས་ཀློག་བཅུག་ནས་འགྲེལ་བརྗོད་བྱེད་འཇུག་པ་དང་། ཡང་དེའི་ནང་དོན་བསྡུས་བསྡུས་ཤིག་འབྲི་རུ་འཇུག་པ་སོགས་ནི་ཤིན་ཏུ་ནས་གལ་ཆེར་མཐོང་།
ཡང་དགེ་རྒན་རང་ཉིད་ཀྱིས་ཁ་ནས་ལོ་རྒྱུས་དང་། སྒྲུང་། རྣམ་ཐར་སོགས་བཤད་ནས་སློབ་མ་རྣམས་ལ་ཡིག་ཐོག་ཏུ་ཕབ་བཅུག་ན། སློབ་མ་དེའི་ཤེས་ཚད་འཇལ་ཐུབ་པ་མ་ཟད། ལོ་རྒྱུས་སོགས་དང་། དག་ཆ། ཡིག་གཟུགས་སོགས་ཡར་རྒྱས་འགྲོ་བ་ལ་ཡང་ཕན་ཐོགས་ཆེན་པོ་མཐོང་ངོ།།
༧། དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏང་དགོས་པའི་རྒྱུ་མཚན།
དགེ་རྒན་ཟེར་བ་དེ་སློབ་ཕྲུག་རྣམས་ཀྱི་མི་ཚེའི་ནང་མདུན་ལམ་ཡང་དག་པ་སྟོན་མཁན་ཟེར་ནའང་འདྲ། ཁྲིད་མཁན་ནམ་དེད་དཔོན་ལྟ་བུ་དེ་ཆགས་ཡོད། དེར་བརྟེན། དགེ་རྒན་རང་ཉིད་ཀྱི་ཤེས་ཡོན་ཕྱུག་ཚད་སོགས་ཚང་མ་ཤེས་ཀྱི་ཡོད་པས། དགེ་རྒན་སུ་འདྲ་ཞིག་ཡིན་རུང་རང་གི་བསླབ་བྱར་གྱུར་པའི་སློབ་ཚན་སྐད་ཡིག་དང་། ལོ་རྒྱུས་སོགས་གང་ཡིན་ཡང་དེ་ལ་ཐོགས་པ་མེད་པ་དགོས་རྒྱུ་ནི་མིག་ལྟ་བུར་གྱུར། དགེ་རྒན་སོ་སོའི་ཁྱད་ལས་ཐོགས་པ་མེད་མཁན་ཞིག་ཡིན་ན། མ་མཐའ་ལ་སློབ་ཕྲུག་ལ་གོ་བ་རགས་ཙམ་ཞིག་སྟེར་རྒྱུ་རེད་སྙམ། དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་བཏང་ན་སློབ་མ་རྣམས་ཀྱི་འདོད་པ་གང་ཡོད་སྐོང་ཐུབ་ཀྱི་རེད།
མདོར་ན། དུས་རབས་གསར་པར་ཁ་ཕྱོགས་ཏེ་སྔར་སྲོལ་མང་པོ་ཞིག་བཅོས་སྒྱུར་དང་། གསར་གཏོད་ཀྱི་ཆ་མི་དམན་པ་ལྡན་པའི་སློབ་ཁྲིད་ཀྱི་ཐབས་བྱུས་སྣ་ཚོགས་བེད་སྤྱོད་ཀྱིས་སློབ་ཕྲུག་ཚོའི་སྐོམ་པ་ཆུ་འདོད་ཀྱི་འདོད་པ་སྐོང་བ་དང་། སྤྲོ་སྣང་ལྡན་པའི་ཐོག་སློབ་གཉེར་བྱེད་པར་དབྱིངས་ཕུན་སུམ་ཚོགས་པར་ཡོང་ཐབས་བཟོ་དགོས་པ་ནི། དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་བཏང་བའི་དགོས་དམིགས་གཙོ་བོ་ཞིག་ཡིན་སྙམ།
༨། དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་ཇི་ལྟར་གཏང་དགོས་སམ།
དང་པོ་དགེ་རྒན་སོ་སོའི་སློབ་ཚན་དང་འབྲེལ་བ་ཡོད་པའི་དཔེ་དེབ་སྣ་ཚོགས་མཁོ་སྒྲུབ་བྱས་ཏེ། སྦྱང་བ་ཆུ་བོའི་རྒྱུན་བཞིན་འབད་པ་བྱ་རྒྱུ་ནི་གལ་ཆེ་ཤོས་སུ་མཐོང་།
གཉིས་པ་སློབ་གྲྭ་ཁག་གི་དགེ་རྒན་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱེད་རྒྱུ་དང་། ཡང་སློབ་གྲྭའི་ནང་གི་དགེ་རྒན་ཕན་ཚུན་དབར་བསམ་བློ་བརྗེ་རེས་བྱེད་རྒྱུ། དེ་བཞིན་དྲ་ཐོག་ནས་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ཚོགས་པ་བཟོས་ཏེ་བསམ་ཚུལ་བརྗེ་ལེན་བྱེད་རྒྱུ་ཡང་ཕན་ཐོགས་ཆེན་པོར་མཐོང་། དཔེར་ན། སྐད་ཡིག་དགེ་རྒན་ཚོགས་པ་ལྟ་བུ་བཟོས་ཏེ་ཕན་ཚུན་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་བྱེད་དགོས་སྙམ། ཡང་སྐབས་རེར་དགེ་རྒན་ཁྱད་ལས་ཡར་རྒྱས་ཀྱི་ཟབ་སྦྱོང་ཚོགས་ནས་དེའི་གྲུབ་འབྲས་ཁ་ཞེ་གཉིས་མེད་ཀྱི་ལག་ལེན་བསྟར་བ་སོགས་བྱས་ན་ཕན་ཐོགས་ཆེན་པོ་འདུག་སྙམ།
༩། ཁྲིད་ཆས་བེད་སྤྱོད་གཏོང་རྒྱུ་གལ་ཆེ་ཚུལ།
འཛིན་གྲྭ་ཆེ་ཆུང་ཚང་མ་ལ་འཁྲིད་ཆས་སྣ་འཛོམས་ཡོད་ན་ཡག་པོ་ཞེ་དྲག་མཐོང་། དམིགས་བསལ་གྱིས་གཞི་རིམ་འོག་མའི་སློབ་མ་རྣམས་ལ་ནི། ཁྲིད་ཆས་འདྲ་མིན་སྟོན་པ་ལ་བརྟེན་ནས་སློབ་མ་ཚོར་གོ་བརྡ་ལམ་སང་སྤྲོད་ཐུབ་པ་ཡིན། དེ་བཞིན་ཚན་རིག་དང་ཨང་རྩིས་ལྟ་བུར་མཚོན་ན་ཁྲིད་ཆས་དབྱིབས་རིགས་སྣ་ཚོགས་དང་ཚན་རིག་གི་ཅ་དངོས་རིགས། དཔེར་ན། མིའི་གཟུགས་བརྙན། སེམས་ཅན་སྣ་ཚོགས་ཀྱི་འདྲ་གཟུགས་སོགས་ཁྲིད་ཆས་བེད་སྤྱོད་བཏང་ན་སློབ་མས་སློབ་ཚན་མ་གོ་བའི་དཀའ་ངལ་སེལ་བའི་ཐབས་ཤེས་ཤིག་ཏུ་མཐོང་། འཇིག་རྟེན་ཁ་དཔེར། དཔེ་ཞིག་བཞག་ན་དོན་གྱིས་གོ་ཞེས་པ་ལྟར་རོ།།
༡༠། སློབ་ཕྲུག་ལ་རྩོམ་ཡིག་ཁྲིད་སྟོན་བྱེད་སྟངས།
རྩོམ་ཡིག་ནི་སྐད་ཡིག་ཡར་རྒྱས་འགྲོ་རྒྱུ་དང་སློབ་ཚན་ཡོངས་རྫོགས་ལ་ཕན་པའི་སྲོག་ལྟ་བུར་གྱུར་ཡོད་སྙམ། བོད་ཡིག་གི་རྩོམ་ལུས་ལ་བཅད་ལྷུག་སྤེལ་མར་ཡོད་ཅིང་། ཚིགས་བཅད་འབྲི་སྟངས་སློབ་སྐབས་དང་པོ་སྡེབ་ཚོགས་འབར་གསུམ་ནས་འགོ་འཇུག་བྱས་ཏེ་བསླབ་ན་ཡག་པོ་ཡོད། དཔེར་ན། ཚིགས་བཅད་འདི་ལྟ་བུ།
-
༡། སློབ་ཕྲུག་དེ།། རིག་པ་བཟང་།། བརྩོམ་འགྲུས་ཆེ།། སློབ་སྦྱོང་ཡག།
༢། སློབ་གྲྭ་ཡི།།ཁ་ལག་ཞིམ། །མ་བྱན་ཡང་།།ཡག་པོ་ཡོད།།
༣། སློབ་མ་ཡི།། སྤྱོད་པ་བཟང་།། སློབ་སྦྱོང་ལ།།འབད་བརྩོན་ཆེ།།
༤། སློབ་གྲྭ་ཡི།། ཁོར་ཡུག་འདི།།མེ་ཏོག་མང་།།མཛེས་སྡུག་ལྡན།།
ཞེས་པ་ལྟ་བུའི་རྩོམ་ཐུང་མང་པོ་འབྲི་རུ་བཅུག་ན་རྩོམ་འབྲི་སྟངས་ཀྱི་རྨང་གཞི་སྐྲུན་ཐུབ་པ་དང་། ཚིག་ལྷུག་འབྲི་སྐབས་དང་པོ་སློབ་མ་ཚོར་མིང་ཚིག་ཕྱུག་པོ་བཟོ་དགོས། མིང་ཚིག་ཕྱུག་པོ་མེད་ན་རྩོམ་འབྲི་ཐབས་བྲལ་ཞིང་། རང་ཉིད་ཀྱི་སེམས་ནང་གང་དྲན་པ་རྣམས་ཡིག་ཐོག་ཏུ་ཕབ་རྒྱུ་དཀའ་ལས་ཁག་པོ་རེད། མིང་ཚིག་ཕྱུག་པོ་བཟོ་སྟངས་ནི། དཔེར་ན། མིང་གཅིག་ལ་ཚིག་གྲོགས་དུ་མ་སྦྱོར་བ་དང་། ཡང་ཚིག་གཅིག་ལ་མིང་དུ་མ་སྦྱོར་བ་དང་བཅས་སོ། །
མིང་གཅིག་གི་རྗེས་སུ་ཚིག་གྲོགས་སྦྱར་བ། ཚན་ — ཚན་རིག ཚན་དགེ། ཡང་། མིང་སྔོན་ལ་ཚིག་གྲོགས་སྦྱོར་སྟངས། ཚན་– སྡེ་ཚན། སློབ་ཚན། སོགས་ཅི་རིགས་ཀྱི་སྒོ་ནས་མིང་ཚིག་ཕྱུག་པོ་བཟོ་རྒྱུ་ཡོད། མིང་ཚིག་ཕྱུག་པོ་ཆགས་སྟངས་དང་སྡེབ་སྦྱོར་འབྲི་སྟངས་ཡག་པོ་བསླབ་ན་དཀའ་ངལ་མེད་པའི་ཐོག་རྩོམ་ཡིག་འབྲི་ནུས་སྙམ།
ཁོ་མོས་གང་བྲིས་པ་དེ་དག་ཐམས་ཅད་ལོ་བཅུ་ཕྲག་གཅིག་ལྷག་གི་རིང་རང་གི་ཉམས་མྱོང་ཙམ་ཕབ་པ་ལས། གང་ཟག་གཞན་ལ་ཟུར་ཟ་དང་འཕྱ་དམོད། དེ་བཞིན་སྐྱོན་བརྗོད་དང་ཚིག་རྩུབ་སོགས་སྨྲས་པ་གང་ཡང་མིན་ནོ། །