(སློབ་ཁྲིད་ཐབས་ལམ།)
ནམ་མཁའ་བསྟན་འཛིན།
སྔར་ནས་ཤེས་རིག་ཤིན་ཏུ་ཕྱུག་པའི་ཁ་བ་ཅན་གྱི་བོད་འབངས་རྣམས། །
ཧ་ཅང་རིན་བྲལ་བོད་ཀྱི་སྐད་ཡིག་རིན་ཆེན་ནོར་བུའི་བང་མཛོད་འདི། །
ཚར་ས་མེད་པར་མ་བརླག་རྒྱུན་འཛིན་གཉེར་སྐྱོང་བྱ་དགོས་༸རྒྱལ་བའི་བཀའ། །
ཁ་བའི་ལྗོངས་ཀྱི་དགེ་རྒན་རྣམས་ལ་འོས་འགན་ཡོད་པ་བརྗོད་མི་དགོས། །
སྐྱིད་སྡུག་འདྲེས་མའི་ངེས་གཏན་མེད་པའི་འཇིག་རྟེན་མི་ཡུལ་མུན་ནག་སྟེང་། །
ཐ་ཤལ་འགའ་ལ་ཉི་འོད་བཞིན་དུ་ཡང་དག་ལམ་ལ་འཁྲིད་མཁན་དང་། །
རྨོངས་པས་བཟི་བའི་ལོང་བ་དག་གི་གཉིད་ལས་སེལ་བའི་ལྡེ་མིག་འདི། །
ཕ་མ་དབྱེར་མེད་སློབ་གསོ་གནང་མཁན་དགེ་རྒན་ཡིན་པ་བརྗོད་མི་དགོས། །
ཅེས་ཚིགས་བཅད་འདིས་སྔོན་བསུས་ཏེ། རང་གཞུང་ཤེས་རིག་ལས་ཁུངས་ནས་དགེ་རྒན་གྱི་ཤེས་ཡོན་ཡར་རྒྱས་དང་། ཉམས་མྱོང་བརྗེ་རེའི་སླད་བརྗོད་གཞི་དུ་མ་ལྡན་པའི་ཆེད་བརྗོད་རྩོམ་ཡིག་འབྲི་བའི་ལས་འགུལ་ཞིག་སྤེལ་སོང་བས། ད་ལམ་ང་ཡིས་བརྗོད་གཞི་གཉིས་པའི་ནང་གསེས་སློབ་ཁྲིད་ཐབས་ལམ་སྐོར་རང་གི་མཐོང་ཐོས་མྱོང་གསུམ་བྲིས་ཡོད།
སྤྱིར་བོད་ཀྱི་སྐད་ཡིག་འདི་བཞིན་སྣུམ་ཟད་མར་མེ་བཞིན་རྩ་བརླག་ཏུ་འགྲོ་ཉེན་ཆེ་བའི་དུས་འདིར་བོད་ཀྱི་ཆོས་དང་རིག་གཞུང་ལ་དུང་ཞེན་ཡོད་མཁན་ཙམ་གྱིས་སྲུང་སྐྱོབ་གནང་རྒྱུ་མིན་པར། གངས་ཅན་པ་བོད་མི་རྩམ་གཟན་ཡོད་དོ་ཅོག་གིས་འགན་ཁུར་ལེན་དགོས་སྙམ་པའི་སེམས་ཚོར་རྦ་རླབས་ལྟར་འཕྱུར་པའི་ཁོ་བོ་ནི་སྒང་ཏོག་བུད་མེད་སློབ་གྲྭའི་ནང་ལོ་གཉིས་རིང་བོད་ཡིག་དགེ་རྒན་གྱི་ལས་གནས་འཁུར་ཡིན། སློབ་གྲྭ་དེའི་ནང་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཕལ་མོ་ཆེ་ནི་ཨིན་སྐད་གཙང་ཆུ་རྒྱུག་པ་བཞིན་རྒྱག་མཁན་ཤ་སྟག་ཡིན་ཞིང་། གཞན་གྱིས་ཀྱང་གདེང་འཇོག་ཧ་ཅང་ཆེ། ཡིན་ནའང་ཁོང་ཚོའི་བོད་ཡིག་གི་གནས་ཚད་ནི་ཧ་ཅང་ཞན་ལ་བོད་སྐད་ཀྱང་གཙང་མ་བརྗོད་མི་ནུས། གནས་སྟངས་དེ་འདྲའི་ནང་ངའི་སེམས་ནང་རང་རང་སོ་སོར་འདྲི་རྩད་ལན་མང་བྱས་འབྲས་སུ་ངས་འཛིན་གྲྭ་དགུ་པ་ནས་བཅུ་གཉིས་སློབ་ཕྲུག་རྣམས་ལ་བོད་ཡིག་འཁྲིད་རྒྱུ་ཐག་བཅད།
སྤྱིར་སྐད་ཡིག་སློབ་གསོའི་རྩ་བའི་རྨང་གཞི་ནི་འབྲི་ཀློག་ཉན་བཤད་གྱི་རྩལ་བཞིཔོ་འདི་ཡིན། བོད་ཀྱི་སྐད་ཡིག་ལའང་དེ་བཞི་ཉེ་བར་མཁོ་བ་ཡིན། ཅི་སྟེ་བོད་ཡིག་གི་རྨང་གཞི་ལེགས་པོ་ཞིག་བཏིང་མ་ཐུབ་ཚེ་མ་འོངས་ཕུགས་འདུན་ལ་དོ་ཕོག་ཆེན་པོ་ཞིག་ཡོང་ངེས་པས་རང་གིས་གང་ལྕོགས་ཀྱིས་བསམ་བློ་ཞིབ་མོ་བཏང་རྗེས་འཆར་གཞི་འདི་ལྟར་བསྒྲིགས་ཡིན།
-
༡) སློབ་མའི་བོད་སྐད་བཤད་རྩལ་ཡར་རྒྱས་གཏོང་ཆེད་བདུན་ཕྲག་རེ་རེར་སློབ་མ་རེ་རེ་ལ་སློབ་ཁྲིད་དུས་ཡུན་ཆ་བགོས་བྱས་ཏེ། སྐར་མ་༧ ཙམ་རིང་རང་ངོས་ནས་དུས་རྒྱུན་ནས་གང་ལ་དགའ་མོས་ཡོད་པའི་བརྗོད་གཞི་གང་རུང་བདམས་ཏེ་གང་ཐུབ་ཀྱིས་བོད་སྐད་གཙང་མ་ངང་གཏམ་བཤད་བྱ་དགོས།
༢) འབྲི་རྩལ་ཡར་རྒྱས་གཏོང་ཆེད་ཉིན་ལྟར་བོད་ཡིག་ཐོག་ཉིན་ཐོ་འབྲི་རུ་འཇུག་དགོས།
༣) ཀློག་རྩལ་ཡར་རྒྱས་གཏོང་ཆེད་ཟླ་གཅིག་གི་ནང་བོད་ཡིག་དཔེ་དེབ་གཅིག་ངོ་སྤྲོད་བྱ་དགོས།
༤) ཉན་རྩལ་ཡར་རྒྱས་གཏོང་ཆེད་ཟླ་ངོ་གཅིག་གི་ནང་བོད་ཀྱི་གླུ་དབྱངས་ཐེངས་གཉིས་གློག་ཀླད་བརྒྱུད་ཉན་དུ་འཇུག་དགོས། ཡང་མཚམས་རེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྙིང་བསྡུས་རྣམས་ཀྱང་ཉན་དུ་འཇུག་དགོས།
འཆར་གཞི་འདི་དག་ལག་བསྟར་བྱ་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོང་བ་ནི། དཔེར་ན། ངས་སློབ་ཁྲིད་བྱེད་སའི་སློབ་གྲྭ་དེའི་ནང་། ཐོག་མར་ལས་རིམ་འདི་དག་འགོ་འཛུགས་དུས་སློབ་མ་ལ་ལར་ཚིག་མ་འདང་བར་བོད་སྐད་བརྗོད་རྒྱུར་དཀའ་ངལ་བྱུང་སོང་ལ། སློབ་མ་ཁ་ཅིག་ནི་སློབ་ཕྲུག་གི་མདུན་དུ་ལང་རྒྱུའི་སྤོབས་པ་རྩ་ནས་མི་འདུག ཡང་ཁ་ཤས་འཇིགས་སྣང་གིས་མིག་ནས་མཆི་མ་ལྷུང་བ་སོགས་ཀྱི་གནས་ཚུལ་ཡང་མི་ཉུང་བ་ཞིག་བྱུང་། ཁོང་ཚོ་དེ་སྔ་ཉིན་ཐོ་བྲིས་མ་མྱོང་བའི་རྐྱེན་གྱིས་ཉིན་ཐོ་འབྲི་པའི་སྐབས་བལ་པོའི་ཡི་གེ་བསྲེས་ནས་བྲིས་འདུག་ཅིང་། ཚིག་དག་ཕྲད་གསུམ་ནོར་འདུག་པ་མ་ཟད། སྐབས་འགར་ཉིན་ཐོ་ཀློག་པའི་སྐབས་བརྗོད་སྙིང་མ་གོ་བའི་དཀའ་ངལ་འཕྲད། འོན་ཀྱང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པར་བྱ་གསུངས་པ་བཞིན་ཁོང་ཚོས་བརྩོན་འགྲུས་བསྐྱེད་ཏེ། ཉིན་དང་། ཞག ཟླ་བ་ཕྱིན་རྗེས། མཐར་ལོ་མཇུག་གི་མཚམས་དེར་ཁོང་ཚོའི་བོད་ཡིག་གི་གནས་ཚད་དེ་ཡར་ངོའི་ཟླ་བཞིན་འཕེལ་ནས་དེ་སྔ་བོད་ཡིག་ཐོག་ཉིན་ཐོ་རྩ་བ་ནས་འབྲི་མི་ཤེས་མཁན་རྣམས་ཀྱང་འབྲི་ཐུབ་མཁན་དུ་གྱུར་སོང་ལ། དེ་སྔ་འཛིན་གྲྭོགས་ཀྱི་མདུན་དུ་ལངས་ནས་གཏམ་བཤད་བྱ་དཀའ་བའི་སློབ་མ་རྣམས་ད་ཆ་ཟོན་མེད་ངང་བཤད་ཐུབ། དེ་སྔ་ཨིན་ཇི་གཞས་ཁོ་ན་གཏོང་རྒྱུར་དོ་དབྱིངས་ཡོད་མཁན་སློབ་མ་རྣམས་ད་ཆ་བོད་ཀྱི་གླུ་དབྱངས་ཉན་རྒྱུ་ལ་དོ་སྣང་སླེབས། དེ་བས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་ཐད་ལའང་དོ་སྣང་ཕྲན་བུ་སླེབས།
-
ཁ་རྒྱུན་དུ།
དཔེ་དེབ་ཁྲི་ཕྲག་བཀླགས་གྱུར་ན། །
སྨྱུག་རྩེ་ལྷ་ཡིས་བསྒུལ་བ་འདྲ། །
གསུངས་པ་ལྟར། སློབ་མའི་ཀློག་རྩལ་དང་འབྲི་རྩལ་ཡར་རྒྱས་གཏོང་ཆེད་ཚོགས་ཐེངས་སྟོང་པ་ཡོད་ཚད་དུ་བོད་ཡིག་སྒྲུང་དེབ་ཀློག་ཏུ་འཇུག་དགོས། དེ་ཡང་འབྲི་ཀློག་ཉན་བཤད་བཞིའི་ནང་ནས་ཀློག་སྦྱོང་ནི་གལ་འགངས་ཆེ་ཤོས་དེ་ཆགས་འདུགདེ་སྔ་སློབ་མའི་སེམས་ཁམས་དང་འཚམ་པའི་དཔེ་རིས་ཚོན་ཁྲ་ཅན་གྱི་སྒྲུང་དེབ་ཉུང་ཤས་ལས་མེད་ནའང་། དེང་སང་ཤེས་རིག་ལས་ཁུངས་དང་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གཉིས་ཀྱིས་ལྷག་བསམ་ཟོལ་མེད་ངང་འགན་འཁུར་བཞེས་ཏེ་སྒྲུང་དེབ་མང་པོ་ཞིག་པར་སྐྲུན་བྱས་ཡོད། དགེ་རྒན་རང་ཉིད་ཀྱིས་སྙན་དེབ་ཕྱོགས་བསྒྲིགས་བྱས་ནས་སློབ་མ་རྣམས་ལ་སྤྲོད་རྒྱུ་དེ་ཡང་གལ་ཆེར་མཐོང་། བོད་ཡིག་སྒྲུང་དེབ་བཀླག་རྒྱུར་དབྱིངས་ཡོང་བའི་ཆེད་མཚམས་རེར་དཔེ་དེབ་བསྐྱར་ཞིབ་ལེ་ཚན་དེ་འདྲ་ཡང་མང་པོ་གོ་སྒྲིག་བྱེད་དགོས།
-
དེ་ཡང་ཇི་སྐད་དུ།
དད་པ་སྔོན་འགྲོ་མ་ལྟར་སྐྱེས་པ་སྟེ། །
ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །
ཅེས་གསུངས་པ་ལྟར། ཆེས་ཐོག་མའི་རྨང་གཞི་ནི་སློབ་མའི་བོད་ཀྱི་སྐད་ཡིག་ལ་བཅངས་པའི་དད་པའམ་དགའ་ཞེན་གྱི་བསམ་པ་དེ་དགོས་ཤིང་། སྐད་ཡིག་སྦྱོང་རྒྱུའི་ཐད་སེམས་གཏིང་ནས་སྤྲོ་སྣང་སླེབས་ཐུབ་པ་བཟོ་རྒྱུ་གལ་ཆེར་མཐོང་། དེ་རྗེས་ཁོ་བོ་སཾ་བྷོ་ཊ་སོ་ནཱ་དཱ་བོད་གཞུང་སློབ་གྲྭ་ཞིག་གི་ནང་གཞི་རིམ་འོག་མའི་དགེ་རྒན་གྱི་ལས་ཀ་ཐོབ། ལོ་གཉིས་རིང་མཐོང་ཐོས་མྱོང་གསུམ་གྱི་སློབ་ཁྲིད་བརྒྱུད་རིམ་ཁྲོད་སློབ་ཚན་གང་ཡིན་རུང་དགེ་རྒན་གྱིས་སློབ་ཁྲིད་མ་གནང་གོང་སློབ་ཚན་དེ་ལ་སྤྲོ་སྣང་སྐྱེད་བསྲིང་བྱ་རྒྱུ་དེ་གལ་ཆེ་ཤོས་སུ་མཐོང་།
སློབ་མ་ཚོས་སློབ་སྦྱོང་སྦྱང་རྒྱུར་སྤྲོ་སྣང་ཡོང་ཆེད་འཛིན་གྲྭའི་གྱང་ལ་རི་མོ་དང་ཚོན་བྱུགས་ནས་མིང་འདྲ་མིན་འབྲི་དགོས། དཔེར་ན། སྔོ་ཚལ་གྱི་མིང་དང་རི་མོ། སེམས་ཅན་གྱི་མིང་དང་རི་མོ། ཤིང་ཏོག་གི་མིང་དང་རི་མོ། གསལ་བྱེད་སུམ་ཅུ་དང་དབྱངས་བཞི། ཡ་བཏགས་བདུན་དང་། ལ་བཏགས་དྲུག ཨང་གྲངས་གཅིག་ནས་བརྒྱ་བར། སྔོན་འཇུག་ལྔ་དང་རྗེས་འཇུག་བཅུ། ཡང་འཇུག་གཉིས་དང་ཕྱོགས་བཞི་ཆ་ཚང་འབྲི་དགོས། ཁོང་ཚོས་ཀ་དང་ཁ་ངོ་མི་ཤེས་སྐབས་ཉིན་ལྟར་འཛིན་གྲྭའི་ནང་སློབ་ཚན་མ་ཁྲིད་གོང་གྱང་སྟེང་བྲིས་པའི་རི་མོ་ལ་མིག་ལྟ་རུ་བཅུག་ནས་དེར་བྲིས་པའི་ཡི་གེ་རྣམས་ཡང་ཡང་ཀློག་ཏུ་འཇུག་དགོས།
སློབ་སྦྱོང་ལ་སྤྲོ་སྣང་དང་དོ་དབྱིངས་སྐྱེད་སྲིང་ཡོང་ཆེད་འཛིན་གྲྭའི་དགེ་རྒན་གྱིས་འཛིན་གྲྭའི་ཁོར་ཡུག་དེ་ཡིད་དུ་འོང་བ་ཞིག་སྐྲུན་ཐུབ་རྒྱུ་དེ་གལ་ཆེ་ཤོས་ཡིན། འཛིན་གྲྭའི་གྱང་བཞི་པོ་དེ་སློབ་ཕྲུག་དང་ཐད་ཀར་འབྲེལ་བ་ཡོད་ལ། གལ་ཏེ་གྱང་སྟེང་དུ་རི་མོ་དང་མིང་འབྲི་ཐུབ་ན། སྐབས་རེར་དགེ་རྒན་མེད་ནའང་སློབ་ཕྲུག་སོ་སོས་འཛིན་གྲྭའི་གྱང་ལ་བྲིས་པའི་རི་མོ་དང་ཡི་གེ་ལ་བལྟས་ནས་སྦྱོང་མཁན་མང་པོ་ཡོད། དེ་ལ་རྒྱུན་དུ་གྱང་བཞི་སློབ་ཁྲིད་ (wall’s Teaching) ཟེར་གྱི་ཡོད།
དེ་སྔ་རྒྱ་གར་གྱི་མཁས་དབང་དམ་པ་སྭམཱི་ཝིཝེཀ་ཨནནྡ། (Swami Vivekananda) ཀྱིས་གསུང་དོན། ད་ལྟའི་དུས་སུ་ལག་བསྟར་བྱེད་བཞིན་པའི་ཤེས་ཡོན་སྲིད་བྱུས་འདི་ནི་ཆ་ཚང་ནོར་ཡོད་པ་ལྟ་བུར་སྣང་། རྒྱུ་མཚན་ནི་སློབ་མ་རྣམས་ཀྱིས་བསམ་བློ་ཇི་ལྟར་གཏོང་དགོས་ཚུལ་མ་བསླབ་གོང་དུ་དངོས་འབྲེལ་གྱི་གནས་ཚུལ་རྣམས་བློ་འཛིན་བྱེད་དུ་འཇུག་གི་ཡོད། ང་ཚོའི་རྒྱུན་ལྡན་འཚོ་བའི་ནང་དཔེ་དེབ་མང་པོ་ཀློག་པ་དང་། གཏམ་བརྗོད་འདྲ་མིན་ཡང་ཉན་སྲིད། བཀའ་མོལ་མང་པོ་ཇི་ཙམ་གནང་ཡང་ཉམས་མྱོང་གི་ཡོན་ཏན་ནི་དགེ་རྒན་ཚད་ལྡན་ལྟ་བུ་དང་མིག་འབྱེད་མཁན་དེ་རེད། ཉམས་མྱོང་གི་ཡོན་ཏན་ནི་ཀུན་གྱི་ནང་ནས་ཡོན་ཏན་ལེགས་ཤོས་ཤིག་དང་། རྒྱ་གར་གྱི་མཁས་དབང་དམ་པ་ཁོང་གིས་གོང་དུ་གསུངས་པ་རྣམས་དངོས་གནས་བདེན་པ་ཡིན་པར་མངོན། ང་ཚོའི་ད་ལྟའི་ཆར་ལག་བསྟར་བྱེད་བཞིན་པའི་ཤེས་ཡོན་ལམ་ལུགས་འདི་བཞིན་རྣམ་བཞག་ལ་མ་གཏོགས་ཁ་ཐོག་ལག་བཞག་ལ་དེ་ཙམ་ནུས་པ་སྤྲོད་ཐུབ་ཀྱི་མེད། རང་ཉིད་དངོས་སུ་ཉམས་སུ་མྱངས་ནས་སྦྱང་བརྩོན་བྱས་ན་དེ་བློར་འཇུག་སླ་བ་དང་སེམས་ནང་ངེས་པ་ཡོད།
དཔེར་ན། སློབ་ཁྲིད་ཐབས་ལམ་འགའ་ནི།
- ༡༽ ཕབ་སྒྱུར་གྱི་ལས་གཞི།
སློབ་མ་རྣམས་ལ་མཁས་དབང་ཁག་གིས་བརྩམས་པའི་ལུང་འདྲེན་རྣམས་བདུན་ཕྲག་གཅིག་ནང་ཨིན་ཡིག་ནས་བོད་ཡིག་ལ་ཕབ་སྒྱུར་གྱི་ལས་གཞི་ཉུང་མཐར་ཚར་གཉིས་ཙམ་བྱེད་དུ་བཅུག་ན་དེ་ཕན་རླབས་ཆེན་པོ་ཡོད་པར་སྣང་། ཕབ་སྒྱུར་གྱི་ལས་གཞི་དེའི་བརྒྱུད་ནས་བོད་ཡིག་གི་གནས་ཚད་ཡར་རྒྱས་ཕྱིན་པ་མང་པོ་མཐོང་རྒྱུ་ཡོད།
- ༢༽ འཁྲབ་སྟོན་གྱི་སྒྱུ་རྩལ།
སློབ་མ་རྣམས་ནམ་ཞིག་སྒྲུང་དེབ་ཀློག་རྒྱུའི་ཐད་ལ་གོམས་འདྲིས་ཧ་ལས་པ་བྱུང་མཚམས་སུ་སློབ་མ་རང་ཉིད་སྒྲུང་དེའི་ནང་དུ་དངོས་སུ་འཛུལ་ཞུགས་བྱེད་དུ་བཅུག་ནས་འཁྲབ་སྟོན་ཡང་བྱེད་དུ་འཇུག་དགོས། བྱེད་སྒོ་འདིའི་བརྒྱུད་ནས་ཁོ་ཚོས་གནས་ཚུལ་གསར་པ་མང་པོ་ཞིག་ཤེས་ཀྱི་རེད་ལ། མང་ཚོགས་ཀྱི་མདུན་དུ་ལངས་ནས་གཏམ་བརྗོད་འཁྲབ་རྒྱུའི་གདེང་སྤོབས་ཀྱང་འཕེལ་གྱི་རེད། དེ་ཙམ་མ་ཟད་བོད་ཡིག་ཀྱང་ཡར་རྒྱས་ཕྱིན་གྱི་རེད།
- ༣༽ འགུལ་བརྙན།
བྱིས་པ་མང་དག་ཅིག་བྱིས་པའི་འགུལ་བརྙན་ལྟ་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཕྲུ་གུ་ཁ་ཤས་ལ་ཧིན་སྐད་སློབ་མཁན་དགེ་རྒན་མེད་ནའང་འགུལ་བརྙན་མང་པོ་བལྟས་པའི་རྐྱེན་གྱིས་ཧིན་སྐད་ཧ་ལས་པ་ཡག་པོ་རྒྱག་ཐུབ་མཁན་ཆགས་ཀྱི་ཡོད། འདི་དངོས་ཡོད་ཀྱི་གནས་ཚུལ་རེད། སྐབས་འགར་བོད་ཡིག་ཚོགས་ཐེངས་ཀྱི་དུས་སུ་སློབ་ཚན་རྐྱང་པ་མ་ཁྲིད་པར་སློབ་མའི་སེམས་ཁམས་དང་འདོད་བློ་ལ་གཞིགས་ནས་ཁོ་ཚོར་འགུལ་བརྙན་སྟོན་རྒྱུ་དེ་ཧ་ཅང་གལ་ཆེན་མཐོང་། འདི་བརྒྱུད་ནས་བོད་ཡིག་ཡར་རྒྱས་འགྲོ་ངེས་རེད།
- ༤༽ འགྲུལ་སྐོར།
ཉིན་ལྟར་སློབ་མ་རྣམས་གྱང་བཞི་ལས་གྲུབ་པའི་འཛིན་གྲྭའི་ནང་དུ་སྡོད་བཅུག་ནས་ཡི་གེ་སློབ་པ་ལས། མཚམས་རེར་ཟླ་ངོ་གཅིག་ནང་སློབ་གྲྭའི་ཉེ་འཁོར་དུ་འཛིན་གྲྭའི་དགེ་རྒན་གྱིས་འགན་འཁུར་ནས་སློབ་ཕྲུག་རྣམས་ལ་འགྲུལ་སྐོར་དུ་ཁྲིད་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་ཚོར། ཁོ་ཚོར་མཛེས་སྡུག་གི་ཁོར་ཡུག་དང་། རང་བྱུང་ཁམས་དངོས་སུ་བསྟན་ནས་འགྲེལ་བརྗོད་བྱེད་དགོས། ཡང་སྐབས་རེར་གནམ་གཤིས་ཚ་དྲོད་སྙམ་པོ་ཡོད་པའི་སྐབས་སུ་ཕྲུ་གུ་རྣམས་ལ་རང་ཉིད་ཀྱི་འདོད་བློ་ལྟར་རི་མོ་དང་། རྩོམ་སོགས་བརྗོད་བྱ་འདྲ་མིན་ཐོག་རྩོམ་ཐུང་རིགས་འབྲི་བཅུག་ན། ཁོང་ཚོའི་སེམས་ནང་བདེ་སྐྱིད་ཀྱི་ཚོར་བ་མི་འདྲ་བ་ཞིག་ཐོབ་པ་མ་ཟད། བོད་ཡིག་ལ་སྤྲོ་སྣང་སླེབས་ཀྱི་རེད།
- ༥) དཔོད་བྲིས་གཏོང་དགོས།
འཛིན་གྲྭའི་ནང་དུ་དགེ་རྒན་གྱིས་སློབ་ཚན་གཅིག་བསླབ་མཚམས་སུ། སློབ་ཚན་དེ་ནང་བཀོད་པའི་གལ་ཆེའི་ཚིག་རྣམས་ཡང་ཡང་ཀློག་སྦྱོང་བྱེད་དུ་བཅུག་ནས་འགྲེལ་བརྗོད་ཡང་གནང་དགོས། དེ་རྗེས་སློབ་མ་རྣམས་ལ་ངེས་པར་དུ་བློ་འཛིན་བྱེད་དུ་བཅུག་ནས་དཔོད་བྲིས་གཏོང་དགོས། རྒྱུ་མཚན་ནི་དཔོད་བྲིས་ཡང་ཡང་བཏང་ན་དགེ་རྒན་གྱིས་ནོར་བཅོས་བྱས་པའི་མིང་ཚིག་དང་། བྱ་ཚིག རྒྱན་ཚིག་སོགས་སློབ་མའི་སེམས་ནང་ཡུན་རིང་ངེས་ལ། མི་ཚེའི་ནང་དུ་དྲན་པ་མི་བརྗེད་པར་ཕན་ཐོགས་ཆེན་པོ་ཡོད།
- ༦) སྒྲུང་དེབ་གང་མང་སྒྲོག་སྦྱང་བྱེད་འཇུག་དགོས།
སྒྲུང་བརྒྱུད་ནས་སློབ་ཁྲིད་བྱེད་རྒྱུའི་བྱེད་སྒོ་འདི་སློབ་ཕྲུག་ལྷན་དུ་འབྲེལ་ལམ་འཇོག་རྒྱུ་དང་། འཛིན་གྲྭ་ཁུ་སིམ་སྐྲུན་རྒྱུར་ཕན་ཐོགས་ཆེ། དགེ་རྒན་ཞིག་ཡིན་པའི་ཆ་ནས་སྒྲུང་སྣ་ཚོགས་རྟོགས་རྒྱུ་དེ་གལ་ཆེན་མཐོང་། སློབ་སྦྱོང་སྦྱང་རྒྱུར་མ་དགའ་མཁན་སློབ་མ་མང་པོ་ཡོད་སྲིད། ཡིན་ན་ཡང་། སྒྲུང་ཉན་རྒྱུར་མི་དགའ་མཁན་སློབ་མ་ཉུང་ཉུང་རེད། དེ་ཕྱིར་དང་པོ་སློབ་མ་རྣམས་ལ་སྒྲུང་མང་པོ་བཤད་དགོས། དེ་རྗེས་སྒྲུང་དེབ་མང་པོ་སྒྲོག་སྦྱང་བྱེད་འཇུག་དགོས། ནམ་ཞིག་ཉན་ཀློག་གཉིས་ལ་གོམས་འདྲིས་བྱུང་ན་གཞི་ནས་སྒྲུང་འབྲི་རྒྱུར་ཐད་འབད་བརྩོན་བྱེད་དགོས། དེ་ལྟར་བྱས་ན་བོད་ཡིག་ལ་དོ་སྣང་དང་ཡར་རྒྱས་འགྲོ་ངེས་རེད།
- ༧) སློབ་ཕྲུག་ནང་ཁུལ་གྲོས་བསྡུར་བྱེད་དགོས།
འཛིན་གྲྭ་གཅིག་གི་ནང་སློབ་ཕྲུག་༣༠ ཡོད་ན་སློབ་ཕྲུག་ཚང་མ་ཞན་པོ་ཡོད་པས་མ་ཁྱབ་ལ། ཡང་སློབ་ཕྲུག་ཚང་མ་སྤྱང་གྲུང་ཡོད་པའང་དེ་བས་མ་ཁྱབ། གལ་ཏེ་སློབ་ཕྲུག་༡༥ ཡི་སློབ་ཚན་ཡག་པོ་ཤེས་རྟོགས་བྱུང་ཡོད་ན་ལྷག་མ་སློབ་ཕྲུག་༡༥ ལ་ཤེས་མཁན་ཚོས་བསླབ་ཐུབ་ན་དགེ་མཚན་ཆེ། སྐབས་རེར་དགེ་རྒན་གྱིས་འཁྲིད་པ་ལས་སློབ་ཕྲུག་ཕན་ཚུན་གྲོས་བསྡུར་བྱས་བཅུག་ན། ཁོང་ཚོས་མྱུར་པོ་དང་ལས་སླ་པོས་རྟོགས་ཐུབ།
མདོར་བསྡུས་ན། དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་འདི་ལམ་ལྷོང་འབྱུང་མིན་ནི། ལག་གི་མཛུབ་མོ་ལྔ་བཞིན་དོན་ཚན་ལྔ་ལ་རག་ལས་ཡོད། དེ་དག་ནི། ༡) སློབ་ཚན་འཆཪ་འགོད། ༢) སློབ་ཕྲུག ༣) འཛིན་གྲྭའི་ཁོར་ཡུག ༤) འཛིན་སྐྱོང་། ༥) ཕ་མ་བཅས་ཡིན།
- ༡) སློབ་ཚན་འཆར་འགོད།
དགེ་བའི་བཤེས་གཉེན་བཟང་པོ་ཞིག་གིས་བདུན་ཕྲག་གཅིག་ནང་སློབ་ཚན་གང་ཁྲིད་རྒྱུ་ཡིན་མིན་འཆར་གཞི་འདིང་རྒྱུ་དང་། སོ་སོ་རང་ཉིད་རྒྱུན་དུ་སློབ་ཚན་སྦྱོང་བརྡར་བྱེད་དགོས་རྒྱུ་གལ་ཆེན་མཐོང་། གང་ལ་ཞེ་ན། ལོ་རེ་ནས་ལོ་རེར་བསླབ་གཞི་རྩ་འཛིན་ཐོག་འགྱུར་ལྡོག་ཕྲན་བུ་འགྲོ་བཞིན་ཡོད་པས། ཁོང་ཚོའི་སེམས་ཁམས་ལ་བལྟས་ནས་སློབ་ཁྲིད་བྱེད་དགོས་པ་དང་། རང་ཉིད་ངོས་ནས་གྲ་སྒྲིག་དང་སློབ་ཚན་འཆར་འགོད་ལེགས་པོ་མ་བསྒྲིགས་ན་སློབ་ཁྲིད་ཐབས་ལམ་དེ་ལམ་ལྷོང་འབྱུང་མི་སྲིད།
- ༢) སློབ་ཕྲུག
མཐོན་མཐིང་མཁའ་ལ་སྐར་མ་འདྲ་མིན་ཡོད་པ་བཞིན་སློབ་གྲྭའི་ནང་དུའང་སློབ་ཕྲུག་འདྲ་མིན་ཡོད། སློབ་ཕྲུག་འགའ་རིག་པ་ཡོད་ནའང་སློབ་སྦྱོང་བྱེད་འདོད་རྩ་བ་ནས་མེད། ཡང་ཁ་ཤས་རིག་པ་མེད་ནའང་བརྩོན་འགྲུས་ཧ་ཅང་ཆེ། ཁ་ཅིག་གཞས་འཁྲབ་རྒྱུ་དང་རྩེད་མོ་རྩེ་རྒྱུ་བྱུང་ན་གཞན་གང་ཡང་མི་དགོས་ལ། འགའ་ཤས་སློབ་སྦྱོང་ལས་རི་མོ་འབྲི་རྒྱུ་དང་ཚོང་ལས་བྱེད་རྒྱུ་ལ་དོ་སྣང་མང་བ་ཡོད། དེ་ཕྱིར་སློབ་སྦྱོང་སྦྱང་བའི་ཐད་སྤྲོ་སྣང་ཡོང་མིན་འདི་བརྒྱ་ཆ་ལྔ་བཅུ་སློབ་ཕྲུག་རང་ཉིད་ལ་རག་ལས། དགེ་རྒན་གྱི་སློབ་ཚན་འཆར་འགོད་ཇི་ཙམ་ལེགས་པོ་བསྒྲིགས་ནའང་སློབ་མ་རང་ཉིད་སློབ་སྦྱོང་ལ་སྤྲོ་སྣང་མེད་ན། སློབ་ཁྲིད་ཐབས་ལམ་དེ་བས་ལམ་ལྷོང་འབྱུང་མི་སྲིད།
- ༣) འཛིན་གྲྭའི་ཁོར་ཡུག
སློབ་ཕྲུག་རྣམས་ཞོགས་པར་ཕྱག་ཚོད་ ༩:༠༠ ནས་དགོང་དྲོ་ཕྱག་ཚོད་༣ཿ༣༠བར་འཛིན་གྲྭ་གཅིག་ནང་དུ་སྡོད་དགོས་པས། འཛིན་གྲྭའི་ཁོར་ཡུག་གཙང་མ་དང་འཛིན་ཁང་ནང་དུ་བོད་སྐད་གཙང་མ་ཤོད་དགོས་པའི་ཁྲིམས་བཟོ་དགོས། གྱང་བཞི་སྟེང་སློབ་ཚན་དང་འབྲེལ་བའི་རི་མོ་དང་། ཡི་གེ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཚིག་གནད་འགའ། དཔེར་ན། བྱམས་བརྩེ། སྙིང་རྗེ། གཞན་ཕན་དང་ཞི་བདེ་སོགས་གྱང་ལ་བྲིས་ནས་འགྲེལ་བརྗོད་བྱས་ན། སློབ་མའི་སེམས་ཁམས་ནང་བག་ཆགས་དང་མི་བཟང་པོ་ཞིག་བསྐྲུན་རྒྱུ་ཕན་ཐོགས་ཡོད། འཛིན་གྲྭའི་ཁོར་ཡུག་འདི་ཟང་ཟིང་དང་བཙོག་པ། རྩུབ་སྤྱོད་གསུམ་གྱི་བསྲེས་ན་དགེ་རྒན་གྱིས་སློབ་ཁྲིད་ཐབས་གང་བེད་སྤྱོད་བྱས་ནའང་འབྲས་བུ་སྨིན་མི་སྲིད།
- ༤) འཛིན་སྐྱོང་།
སློབ་གྲྭ་ཞིག་མུ་མཐུད་ཇི་ཙམ་གནས་མིན་དང་དགེ་སློབ་གཉིས་ལ་རིན་ཐང་ལྡན་པའི་ཁོར་ཡུག་སྦྱིན་མིན་ནི་འཛིན་སྐྱོང་ལ་རག་ལས། འཛིན་སྐྱོང་གི་ངོས་ནས་དགེ་སློབ་གཉིས་ལ་ཤེས་ཡོན་དང་འབྲེལ་བའི་མཐུན་རྐྱེན་གང་སྦྱར་དགོས་མིན་དང་དགེ་བའི་བཤེས་གཉེན་རྣམས་ཀྱི་སློབ་ཚན་འཆར་འགོད་རྣམས་དུས་ཐོག་ཏུ་བྲིས་ཡོད་མེད་ཞིབ་གཟིགས་གནང་རྒྱུ་གལ་ཆེ། དགེ་རྒན་དང་འཛིན་སྐྱོང་གཉིས་དབྱེ་བ་མེད་པའི་ཐོག་ཕྱར་གྲུ་མཉམ་འདེགས་ཀྱིས་ངང་ནས་ལས་ལ་བརྩོན་ན་གནད་དོན་གང་ཡིན་རུང་ལས་སླ་པོ་ངང་འགྲུབ་ཀྱི་རེད་སྙམ།
- ༥) ཕ་མ།
ཇི་སྐད་དུ། ཕ་མ་ནི་དགེ་རྒན་དང་པོ་དང་། ཁྱིམ་ཚང་ནི་སློབ་གྲྭ་དང་པོ་དེ་རེད། གསུངས་པ་བཞིན། སློབ་གྲྭའི་དགེ་རྒན་མ་འཕྲད་གོང་སློབ་ཕྲུག་རྣམས་ལ་ཁྱིམ་ཚང་སློབ་གསོ་ལས་ཟ་སྟངས་དང་། འགྲོ་སྟངས། གྱོན་སྟངས་གསུམ་དྲིན་ཆེན་ཕ་མས་བསླབ། ཁོང་ཚོ་སློབ་གྲྭ་ནང་ཆུ་ཚོད་བརྒྱད་སྡོད་ཀྱི་ཡོད་ཀྱང་ལྷག་མ་ཆུ་ཚོད་བཅུ་བདུན་དེ་ཁྱིམ་ཚང་ནང་ཕ་མ་ལྷན་དུ་དུས་ཚོད་གཏོང་གི་ཡོད། སློབ་གྲྭའི་ནང་དགེ་རྒན་གྱིས་ནང་ལས་དང་བྱེད་སྒོ་གང་སྤྲད་ནའང་ཕ་མ་ངོས་ནས་འཁུར་བླངས་པའི་ཐོག་རམ་འདེགས་དང་གཟིགས་སྐྱོང་གནང་དགོས། གལ་ཏེ་ཕ་མའི་རང་གི་གཅེས་ཕྲུག་ལ་དོ་སྣང་དང་སེམས་ཚོར་ཅི་ཡང་མེད་ན་དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་དེ་ལམ་ལྷོང་འབྱུང་མི་སྲིད།
དེ་ཕྱིར་སློབ་ཁྲིད་ཐབས་ལམ་གོང་འཕེལ་བྱུང་བ་ལ་གོང་གི་དོན་ཚན་ལྔ་འདི་ངེས་པར་དུ་ཚང་དགོས། དང་པོ་དགེ་རྒན་རང་ཉིད་ཀྱི་ལྷག་བསམ་རྣམ་དག་ངང་སློབ་ཚན་འཆར་འགོད་བཟོས་པ་དང་གཉིས་པ་སློབ་མ་རང་ཉིད་ལའང་སྦྱང་འདོད་ཀྱི་འདུན་པ་ཡོད་པ། གསུམ་པ་འཛིན་གྲྭའི་ཁོར་ཡུག་འདི་ཡང་ཡིད་དུ་འོང་བ་གཙང་མ་དང་། བཞི་པ་འཛིན་སྐྱོང་ངོས་ནས་ཀྱང་ལས་དོན་ཧུར་ཐག་གནང་བ། མཐའ་མཇུག་ཕ་མས་དགེ་རྒན་ལ་རྒྱབ་སྐྱོར་གྱིས་རང་ཉིད་ཀྱི་གཅེས་ཕྲུག་ལ་དོ་སྣང་བྱས་ནས་བློ་སྟོབས་སྤེལ་ན། གཞི་ནས་དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་འདི་གྲུབ་འབྲས་སྨིན་གྱི་རེད་སྙམ།
སྤྱིར་རང་ཉིད་ཤེས་ཚད་དམན་པ་དང་རྩོམ་འབྲི་སོགས་ཀྱི་བྱ་བའི་ཐད་ལ་ཉམས་མྱོང་ཤིན་ཏུ་ཞན་པས་དགེ་རྒན་ཆེད་ལས་དང་འབྲེལ་བའི་སློབ་ཁྲིད་ཐབས་ལམ་སྐོར་འབྲི་རྒྱུའི་གདེང་སྤོབས་མེད། ཕྲན་ལ་ལོ་ཉི་ཤུ་དང་སུམ་ཅུ་ལྷག་གི་སློབ་ཁྲིད་ཀྱི་ཉམས་མྱོང་དེ་འདྲ་མེད། ཡིན་ན་ཡང་། འདས་ཟིན་པའི་ལོ་བཞི་རིང་མཐོང་ཐོས་མྱོང་གསུམ་གྱི་སློབ་ཁྲིད་བརྒྱུད་རིམ་ཁྲོད། སོ་སོ་རང་ཉིད་ཀྱིས་ཚོད་ལྟ་བྱས་པའི་སློབ་ཁྲིད་ཐབས་ལམ་སྐོར་ཚིག་ཁ་ཤས་བཀོད་ཐུབ་ན། མཁྱེན་ལྡན་ཀློག་པ་པོ་བརྒྱ་ལ་མི་ཕན་ནའང་གཅིག་ལ་ཕན་ཐོགས་བྱུང་ཚེ། ངས་བྲིས་པའི་རྩོམ་འདི་གོ་ཆོད་པ་རེད་སྙམ་ནས་བྲིས་པ་ཡིན། མཐར་རྩོམ་ཡིག་འདིའི་ནང་ཕྱོགས་གང་ཅིའི་ཐད་ནས་ནོར་བ་དང་། བྱས་ཉེས་བྱུང་ཡོད་པ་རྣམས་མཁྱེན་ལྡན་ཀློག་པ་པོ་རྣམས་ལ་དགོངས་གསོལ་ཞུ་རྒྱུ་ཡིན།