གཞི་རིམ་འོག་མའི་བོད་དགེ་བློ་བཟང་བསྟན་རྒྱས། སཾ་བྷོ་ཊ་གུ་རུ་པུ་ར་ཉིན་སློབ།
དངོས་པོའི་གནས་ལུགས་ཅི་འདྲ་ཞིག་ཡིན་ནའང་གཞན་དབང་དུ་མ་གྱུར་པ་གཅིག་ཀྱང་མེད་པ་ནི་རྒྱུ་འབྲས་དང་ལྟོས་གྲུབ་ཀྱི་རྒྱ་ལས་བྲལ་ཐབས་མེད་པའི་བསྡོམས་ཚིག་གོ། འོན་ཀྱང་། སྐབས་སུ་བབས་པར་ང་ཚོ་དགེ་རྒན་ཞིག་གིས་སློབ་ཁྲིད་བྱེད་པའི་སྐབས་སུ་གཞན་དབང་དུ་མི་འགྲོ་བར་སོ་སོར་ལྡོག་ཏུ་མེད་པའི་གདེང་ཚོད་ཅིག་མེད་པ་ཡིན་ན། དགེ་རྒན་རང་ཉིད་ཀྱི་སློབ་ཁྲིད་དེ་གཞན་གྱི་རྗེས་སུ་འབྲངས་བ་དང་། གཞན་གྱི་མཐོང་ཚུལ་ཆེད་དུ་སློབ་ཁྲིད་ལ་འབད་བརྩོན་དང་། སློབ་ཕྲུག་རྣམས་ལ་བཙན་ཁྲིད་བྱས་པ་ཡིན་ན་ཕྲལ་དུ་ཕན་པ་ཞིག་མཐོང་གིན་ཡོད་པ་ལས་ཕུགས་སུ་ཕན་པ་ཡོང་བའི་སློབ་ཁྲིད་ཅིག་ཆགས་ཀྱིན་ཡོད་མེད་ཁ་ཚོན་གཅོད་མི་ཐུབ། འོན་ཀྱང་། དགེ་རྒན་རང་ཉིད་ཀྱི་གཏམ་སྙན་བཟང་པོ་ཁྱབ་ཐབས་ཞིག་ཆགས་ཀྱིན་ཡོད།
ངས་འདིར་སྤྱིར་བཏང་དགེ་རྒན་ཚང་དགོས་པའི་ཆ་རྐྱེན་སྐོར་ང་རང་གི་ལྟ་སྣང་ཡང་དག་དང་ཕྱིན་ཅི་ལོག་ཅི་ཡིན་རུང་། གང་ལྟར། ངས་གནད་དོན་ཁ་ཤས་ཤིག་མངོན་པར་བྱེད་འདོད་བྱུང་།
དགེ་རྒན་གྱིས་སློབ་དེབ་ནང་དུ་ཡོད་པའི་ཆོས་ཚན་(སློབ་ཚན་) རྣམས་ལ་དཔྱད་ཞིབ་བྱེད་པའི་ནུས་པ་མེད་པ་ཡིན་ན། སློབ་དེབ་ཏུ་གང་བཀོད་པ་རྣམས་སློབ་ཁྲིད་བྱས་པ་ཡིན་ན་དགེ་རྒན་རང་ཉིད་ལ་སློབ་ཚན་དེ་འཁྲིད་པར་སྤྲོ་སྣང་ཡོད་པ་བརྗོད་མི་ཐུབ། གལ་སྲིད་སྤྲོ་སྣང་མེད་པ་ཡིན་ན་དགེ་རྒན་རང་ཉིད་ཀྱི་ནུས་པ་དང་སྤྲོ་བ་དེ་དངོས་སུ་མངོན་པར་བྱེད་ཐུབ་ཀྱིན་མེད་པར་བརྟེན་སློབ་ཁྲིད་དེ་དྲོད་དང་ལྡན་པའི་བྱེད་པ་ཞིག་ཆགས་ཀྱིན་མེད། དེ་ཡང་། Topic-sentence སློབ་དེབ་ནང་དུ་ཡོད་པ་དེ་མི་གཞན་ཞིག་གི་བསམ་ཚུལ་དང་ཉམས་མྱོང་དང་། ཡང་ན་ཚོད་དཔགས་བྱས་པ་ལས་བྱུང་བའི་བརྗོད་གཞི་དང་འབྲེལ་བའི་ཐབས་ཤེས་ཞིག་རེད། མཐའ་ན་སློབ་དེབ་རྩོམ་སྒྲིག་བྱེད་མཁན་གྱི་དགའ་ཆོས་རྣམས་བསྒྲིགས་ཡོད་སྲིད་པ་རེད། སློབ་དེབ་ནང་དུ་ཡོད་པའི་བརྗོད་དོན་རྣམས་སློབ་གྲྭ་ཆགས་ཡུལ་གྱི་ས་ཆ་འདྲ་མིན་ཡོད་པ་ཚང་མར་འོས་ཤིང་འཚམ་པ་ཡོང་ཐུབ་ཀྱིན་མ་རེད། བརྗོད་གཞི་དེ་དང་དེའི་བསླབ་སྟངས་བཀོད་པ་དེ་དག་སློབ་མའི་ཁམས་དང་ཁོར་ཡུག་གཉིས་ཀར་འབྲེལ་བ་ཆགས་ཀྱིན་འདུག་མི་འདུག་བསམ་གཞིགས་སྔོན་སོང་བྱེད་པ་དང་བྱེད་ཤེས་པ་དགོས།
གལ་སྲིད་དགེ་རྒན་ཞིག་གིས་དེ་འདྲ་བའི་དབྱེ་འབྱེད་བྱེད་པའི་ནུས་པ་མེད་པ་ཡིན་ན་སློབ་ཁྲིད་གང་བྱས་པ་ཐམས་ཅད་གཞན་དབང་དུ་འགྱུར་གྱིན་ཡོད་པ་རེད།
དགེ་རྒན་ཞིག་ཡིན་པའི་ཆ་ནས་སོ་སོའི་སློབ་ཁྲིད་དང་སོ་སོའི་བསམ་སྤྱོད་དེ་གཞན་དབང་དུ་མིི་འགྲོ་བའི་ནུས་པ་ཞིག་མེད་པ་ཡིན་ན་དགེ་རྒན་དེས་སློབ་མ་རྣམས་ལ་ནུས་པ་བཟང་པོ་ཞིག་ཐོབ་ཐུབ་པར་མི་མངོན་པའི་གེགས་ཆེན་པོ་ཞིག་རེད། ཅི་ཕྱིར་ཞེ་ན། སློབ་ཁྲིད་ཟེར་བ་ནི་ནུས་པ་ཞིག་གཞན་ལ་སྤྲོད་ཀྱིན་ཡོད་པ་རེད། ནུས་པ་སྤྲོད་རྒྱུ་་རང་ཉིད་ལ་འབེལ་པོ་དང་། སྤྲོད་ཐབས་དང་། སྤྲོད་སྟོབས་དང་ལྡན་པ་ཞིག་མེད་པ་ཡིན་ན་གཞན་ལ་ནུས་པ་ཡག་པོ་ཞིག་སྤྲོད་ཐུབ་ཀྱིན་མ་རེད།
ལོ་ངོ་ཉི་ཤུ་ལས་མང་བའི་ཉམས་མྱོང་དང་རྒྱུན་དཔྱད་བྱས་པ་རྣམས་བྲིས་ན་པོ་ཏི(པུ་ཏི)་ཁ་ཤས་ཤིག་ཆགས་སྲིད་པ་རེད། མང་པོར་བྲིས་ན་ཀློག་མཁན་ཚོ་ཉོབ་སྣང་ཡོང་གིན་རེད། དེར་བརྟེན། གོང་དུ་བརྗོད་པའི་རང་དབང་དང་ནུས་པ་གཉིས་ཡོད་པའི་ཐོག་ནས་དངོས་སུ་སློབ་ཁྲིད་ཅི་འདྲ་བྱེད་དགོས་མིན་སྐོར་མདོར་བསྡུས་ཞིག་སྨྲ་བ་བྱའོ། ནུས་པ་མེད་ན་རང་དབང་མེད། དེ་གཉིས་ནི་ལུགས་འབྱུང་ལུགས་ལྡོག་ཏུ་གྲུབ་ཀྱིན་ཡོད། དགེ་རྒན་ཞིག་གི་ནུས་པ་ནི་རྣམ་དཔྱད་དེ་རེད། གནས་བབ་འཁུམས་པའི་རྣམ་དཔྱད་ཡོད་པ་ཡིན་ན་དགེ་རྒན་ལ་རང་དབང་ཡོད་པ་རེད། དགེ་རྒན་ཞིག་ཡིན་པའི་ཆ་ནས་ཤེས་ཡོན་ནམ་ཡང་ན་རིག་གནས་སམ་དེ་ལས་གཞན་པའི་ཐ་སྙད་སློབ་སྦྱོང་ལ་དགའ་སྤྲོ་གཤར་མ་(authentic educational attitude) ཞིག་མེད་པ་ཡིན་ན་གོང་གི་ཆ་རྐྱེན་དེ་དག་ཚང་ཐུབ་པ་དཀའ་བོ་ཡིན་གྱི། དེེ་འདྲ་ཚང་བ་ལ་ནི་ཤེས་ཡོན་དེ་ནོར་བུ་དངོས་གནས་ཡིན་པ་དང་ནོར་བུ་དེ་དུས་ནས་དུས་ནས་མི་ཉམས་བསྐྱར་སྦྱོང་དང་གསར་པ་གོང་འཕེལ་གཏོང་བའི་བསམ་བློ་ལྡོག་ཏུ་མེད་པ་ཞིག་དགོས་ཀྱིན་འདུག། དེང་སྐབས་སྤྱི་ཚོགས་དེ་དངོས་གཙོ་རིང་ལུགས་ཅན་དུ་འགྱུར་བཞིན་ཡོད་ཙང་། མི་མང་ཆེ་བ་དེའི་ཁྱབ་ཁོངས་སུ་རང་བཞིན་ནས་འཛུལ་འགྲོ་བ་ལས་རང་ཚུགས་ཐུབ་མཁན་དཀོན་པོ་ཆགས་ཀྱིན་ཡོད་པ་རེད། དེའི་ངན་ཤུགས་ཀྱིས་སློབ་གཉེར་བ་དང་མཁས་པར་ཆེ་མཐོང་ཡང་སྔ་ལས་གཙིགས་ཆུང་དུ་འགྲོ་བཞིན་ཡོད་པ་མཐོང་། དཔེར། མི་ཞིག་གིས་དགེ་རྒན་རང་ཉིད་ལ་གདམ་ཀ་ཞིག་སྤྲོད་པ་ཡིན་ན་ཁྱེད་ཀྱིས་ག་རེ་བདམ་རྒྱུ་རེད། དེ་ནི་མིང་ཚིག་གསར་པ་གཅིག་དང་གོར་མོ་བརྒྱ་གཉིས་ཀྱི་བར་རེད། ག་རེ་འདེམ་འདོད་འདུག་སོ་སོར་བསམ་གནོ་ཟབ་མོ་བཏང་ནས་སོ་སོར་ལན་ཐོབས། ཕྱིའི་གནས་ལུགས་ཅི་འདྲ་ཞིག་འགྱུར་བ་ཕྱིན་ནའང་། ང་ཚོ་སློབ་གཉེར་བྱེད་སྟངས་ཉན་ལྟ་བསམ་གསུམ་ནི་འགྱུར་བ་མེད་པ་ཚང་མར་ཁྱབ་ཀྱིན་ཡོད། ཉན་ལྟ་བསམ་གསུམ་དང་བྲལ་ན་སེམས་མེད་ཀྱི་བེམ་པོའི་རྫས་སྦྱོར་ཀྱི་ནུས་པས་བྱེད་སྟངས་དེ་རེད།
རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་ག་དུས་ཡིན་ན་གནས་ཚུལ་གསར་པ་སོགས་སོ་སོའི་ཐོས་རྒྱ་དང་བསམ་བློ་རྒྱ་བསྐྱེད་དང་དཔྱད་པ་ཞིབ་མོར་བྱེད་རྒྱུ་དེ་མི་ཚེ་ནང་གི་རིན་ཐང་ཆེ་ཤོས་ཡིན་པ་ངོས་འཛིན་ཐུབ་པ་ཞིག་དགོས་ཀྱིན་འདུག། དེ་འདྲ་བའི་བསམ་བློ་དང་འདུ་ཤེས་རྨང་གཞི་ཡོད་པ་ཡིན་ན་རང་ཉིད་སློབ་ཁྲིད་བྱེད་པའི་སྐབས་སུ་སྤྲོ་སྣང་དང་དུས་ཚོད་ཀྱིས་མི་འདང་བའི་དཀའ་འཕྲད་པ་ལས་སློབ་ཐུན་ཡུན་རིང་པོ་ཡོད་པའི་ཚོར་སྣང་སྐྱེ་བའི་གོ་སྐབས་ཡོང་གིན་མ་རེད་སྙམ།
མཚམས་རེ་ང་ཚོ་དགེ་རྒན་རྣམས་ཀྱིས་ཀླད་ཀ་བྱེད། ཀླད་ཀ་དེ་ནི་སློབ་ཕྲུག་ཚོ་ཧ་ཅང་འཚུབ་པོ་དང་སྡོད་བཟོད་མེད་པ་མ་ཟད་སློབ་ཁྲིད་ལ་དོ་སྣང་མི་འདུག་ཅེས་པ་དེ་རེད། དེ་ནི་སློབ་ཁྲིད་བྱེད་སྟངས་དེ་སློབ་མ་ཚོའི་སེམས་ཁམས་དང་མཐུན་གྱི་མེད་པས་དོན་སྙིང་མེད་པ་ཞིག་འགྱུར་བཞིན་ཡོད་པ་རེད།
དགེ་རྒན་ཁག་ཅིག་གིས་སློབ་མ་ཚོ་ངའི་སློབ་ཐུན་ལ་འཇམ་ཐིང་ངང་་འཚུབ་པོ་དང་ཟ་ངེ་ཟིང་ངེ་མེད་ཅེེས་པ་དེ་རེད། དེ་ནི་དགེ་རྒན་རང་ཉིད་ཀྱིས་སྟབས་བདེ་ཤོས་ཐབས་ཤེས་དེ་བེད་སྤྱོད་བྱེད་ཀྱིན་ཡོད་པའི་རྟགས་མཚོན་རེད། སྟབས་བདེ་ཤོས་ཟེར་བ་ནི་བཅུན་ནས་བཞག་གིན་ཡོད་པ་རེད། ཅལ་ཅོ། འདྲི་རྩད། མཉམ་སྤྱོད་སོགས་གང་ཡང་མེད་པས སློབ་མ་ཚོར་ལ་རང་དབང་སྤྲོད་ཀྱིན་ཡོད་པ་མ་རེད།
ཡང་གཞན་པ་ཞིག་ནི་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་གཏམ་བཤད་ཐུང་ཐུང་དང་སྐད་ཤུགས་ཆུང་ཆུང་ངང་སློབ་མ་ཚོའི་ཕན་ཚུན་ནང་ཁུལ་ལ་འདྲི་རྩད་དང་དགེ་རྒན་མདུན་དུ་ཡང་ཡང་བསྐྱར་བ་མ་ཟད་སློབ་མ་རྣམས་སྦྱོང་པར་བྲེལ་ཚུལ་ཡོད་པ་མཐོང་གིན་ཡོད། བྲེལ་ཚུབ་དེ་ནི་རང་དབང་དང་སྤྲོ་སྣང་ལྡན་པའི་བྲེལ་ཟིང་ཤིག་ཡིན་པས་དོན་སྙིང་ཧ་ཅང་གི་ཆེན་པོ་ཞིག་རེད། གོང་དུ་བཞག་པའི་དཔེ་དང་པོ་གཉིས་ནི་རང་དབང་ལྡང་གིན་ཡོད་པ་མ་རེད། གསུམ་པ་དེར་བསམ་བློ་རང་དབང་དང་ཁོར་ཡུག་རང་དབང་བསྐྲུན་ཐུབ་ཀྱིན་ཡོད་པའི་རྟགས་མཚོན་རེད།
༑སྤྱིར་བཏང་མིའི་རང་བཞིན་ལ་རང་ཉིད་གང་ལ་དགའ་འདོད་ཡོད་པ་དེ་གཞན་ལ་སྨྲ་བ་དང་བསྟན་པ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་ཀྱིན་རེད། དགེ་རྒན་ཡང་མི་ཞིག་ཡིན་པའི་ཆ་ནས་སོ་སོ་སློབ་སྦྱོང་ལ་དགའ་བོ་མེད་པ་ཡིན་ན་སློབ་ཕྲུག་ཚོ་ལ་སེམས་གཏིང་ནས་གཞན་དབང་དུ་མ་ཤོར་བའི་སློབ་ཁྲིད་ཞིག་བྱེད་ཐུབ་ཀྱིན་མ་རེད། གཞན་དབང་ཤོར་ཟེར་བ་ནི་ཧ་ཅང་གི་ཕྱོགས་མང་པོ་ཞིག་ལ་གོ་བ་འགྲོ་ཆོག་གིན་ཡོད། དགེ་རྒན་་རང་ཉིད་ཀྱིས་དགོངས་དཔྱད་ཉེར་བ་གནང་ན་རིམ་པས་གསལ་བོ་ཆགས་ཀྱིན་རེད། དགེ་རྒན་ལ་ཐོས་བསམ་སྒོམ་གསུམ་གཞན་དྲིང་མི་འཇོག་པ་ཞིག་ཡོད་པ་ཡིན་ན་ད་གཟོད་གཞི་ནས་རང་ཉིད་སློབ་ཁྲིད་དེ་དཔེ་དེབ་ཀྱི་གཞན་དབང་དུ་མི་འགྲོ་བ། འཛིན་སྐྱོང་གི་གཞན་དབང་དུ་མི་འགྲོ་བ། རང་ཉིད་ཁོར་ཡུག་གི་གཏམ་སྙན་གྱི་གཞན་དབང་དུ་མི་འགྲོ་མཁན་ཞིག་ཆགས་ཀྱིན་ཡོད།
ག་དུས་ཡིན་ན། སློབ་གསོ་དང་སློབ་ཁྲིད་ཀྱི་བརྗོད་གཞི་དག་དུས་དང་རན་པ་དང་སློབ་མ་ཚོའི་མོས་པ་དང་མཐུན་པ། ཁོར་ཡུག་གི་གོ་སྐབས་དང་བསྟུན་ནས་བསླབ་ཐུབ་པ་སོགས་ཁྱད་ཆོས་ཅན་ཞིག་ཏུ་འགྱུར་ཐུབ།
ཉིན་རེ་ནས་ཉིན་རེ་སྤྱི་ཚོགས་ཀྱི་ཁོར་ཡུག་དང་འབྲེལ་བའི་བསླབ་གཞི་གང་འོས་པ་འདུག་འཚོལ་ཤེས་པ་དང་བསླབ་ཐུབ་པ་ཞིག་མེད་ན་སློབ་ཁྲིད་མང་ཆེ་བ་དྲོད་དང་ལྡན་པའི་སློབ་ཁྲིད་ཅིག་ཆགས་ཀྱིན་མེད། ༼དྲོད་དང་ལྡན་པའི་སློབ་ཁྲིད་ཟེར་དུས། ཉེ་ཁོར་དང་ཉིན་རེའི་འཚོ་བ་དང་འབྲེལ་བ་་ཡོད་པ་ཞིག་ལ་གོ་དགོས། ༽ ཁྱེད་རང་དགེ་རྒན་རེད། ང་ཡང་དགེ་རྒན་རེད། ང་ཚོ་ཚང་མ་དགེ་རྒན་རེད། ནང་དུ་སྡོད་སྐབས་དང་ཕྱི་ལོགས་སུ་འགྲོ་སྐབས་སུ་ང་ཚོ་ལ་གོ་སྐབས་མང་པོ་ཞིག་ཐོབ་ཀྱིན་ཡོད། དེ་ཡང་། གོ་སྐབས་ཚང་མ་སློབ་ཁྲིད་དང་འབྲེལ་བ་མེད་པ་གཅིག་ཀྱང་མེད། གོ་སྐབས་དེ་དག་འཛིན་ཁང་ནང་གི་སློབ་ཁྲིད་ཀྱི་ཆ་ཤས་ཆུང་ཆུང་ཞིག་ལ་བཀོལ་ཐུབ་ན་ཁོར་ཡུག་མཐུན་པར་འགྱུར་བའི་དྲོད་ལྡན་སློབ་ཁྲིད་ཞིག་ཆགས་ཀྱིན་ཡོད། ང་ཚོ་སློབ་མ་ཚོར་བལྟོས་ནས་གོ་སྐབས་གསེར་ལས་ལྷག་པ་ཞིག་ཐོབ་ཀྱིན་ཡོད།
ང་ཚོས་གོ་སྐབས་དེ་འཛིན་ཁང་དུ་འཛུལ་མ་ཐག་ཅི་འདྲ་ཞིག་ཡིན་པ་དཔྱད་པར་བྱེད་པའི་གོམས་གཤིས་བཟོ་དགོས། དཔེར་ན། དུས་རྟག་ཏུ་ནམ་མཁའ་ང་ཚོ་མཉམ་དུ་ཡོད་པ་རེད། ནམ་མཁའམ་ཡང་ན་བར་སྣང་ནི་འདུ་བྱས་དང་བྱེད་པ་ཐམས་ཅད་ཀྱི་གཞི་ཡིན་པ་ཚོར་ཀྱིན་ཡོད་སྲིད་པ་དང་མི་སྲིད་པ་ཅི་ཡིན་བརྗོད་ཁ་བོ་རེད། རྒྱུ་མཚན་ནི་ང་ཚོ་སོ་སོ་རང་ཉིད་གྲུབ་ས་དང་འབྱུང་ཁུངས་ནི་ཕ་མ་གཉིས་ཉེ་ལེན་གྱི་རྒྱུ་ཡིན་པ་དྲན་གྱིན་ཡོད་པ་རེད། ནམ་མཁའ་མེད་ན་ང་ཚོའི་བསམ་བློ་གཏོང་བ་དང་རྣམ་པ་ཤེས་པར་སོགས་རིག་པའི་ལས་དང་ལུས་ཀྱི་ཚོར་བ་མྱོང་བ་སོགས་འབྱུང་སྲིད་ཀྱི་རེད་དམ། དེ་བཞིན་སློབ་མ་ཚོར་ལ་རྟག་པར་ཡོད་པའི་ཡུལ་དུས་སོགས་ལས་འཕྲོས་ཏེ་བྱ་དངོས་ཡོད་ཚད་ལ་རྒྱུ་མཚན་འཚོལ་མཁན་དང་དོགས་པ་ཟ་མཁན་ཞིག་འགྱུར་བའི་བག་ཆགས་བཞག་ཐུབ་པའི་་རིག་པའི་ལམ་ཞིག་འདེབས་དགོས་པ་ལས་ཅི་ཡང་མི་བསམ་པའི་ངག་སྐྱོར་དང་བྲིས་དེབ་ཏུ་མང་པོར་བྲིས་པ་ཙམ་གྱིས་འགྲིག་པ་འཛིན་པའི་བློ་ངན་དེ་ཡོངས་སུ་དོར་དགོས་སོ།
སློབ་མ་ཆེ་ཆུང་ཅི་འདྲ་ཞིག་དང་འཛིན་གྲྭ་མཐོ་དམན་རིམ་པ་གང་འདྲ་ཡིན་ན་ཁྱད་པ་མེད་པ་སློབ་ཐུན་རེ་རེའི་ནང་དུ་བཞད་དགོད་ཀྱི་གཏམ་དང་ཀུ་རེ་སོགས་གང་ཡིན་བཀོལ་ཏེ་སློབ་མ་ཡོངས་སུ་རྫོགས་པ་ཉུང་མཐའ་ལ་གད་མོ་ཐེངས་གཅིག་ཤོར་ཐུབ་པར་བཟོ་དགོས། གད་མོའི་ཕང་བར་རྒྱུ་མཚན་ཡོད་པ་བཟོ་དགོས།
སློབ་མ་སུ་ཞིག་གིས་དགེ་རྒན་ལ་བརྩེ་སེམས་དང་གཙིགས་ཐང་ཞིག་ཡོད་པ་ཡིན་ན་སློབ་མ་དེས་དགེ་རྒན་དེའི་སློབ་ཚན་ལ་དགའ་མོས་ཆེ་བ་དང་སྦྱོང་འབྲས་སྤུས་དག་པོ་ཡོང་བ་གསལ་བོ་རེད། དེར་བརྟེན། དགེ་རྒན་ངོས་ནས་སློབ་མ་རྣམས་ཀྱི་སེམས་སུ་དགེ་རྒན་རང་ཉིད་ལ་བརྩེ་སེམས་དང་དགའ་མོས་བྱེད་ཡུལ་ཀྱི་མི་ཞིག་བཟོ་ཐུབ་པ་ཡིན་ན་རང་ཉིད་ཀྱི་སློབ་ཁྲིད་ཀྱི་ཁོར་ཡུག་དེ་དགའ་སྤྲོ་དང་ལེགས་པ་འཕེལ་བར་འགྱུར་བའི་གནས་མཆོག་ཏུ་གྱུར་། བརྩེ་སེམས་མེད་པ་ནི་དེ་ལས་གཞན་པའོ།
དག་ཆ་དང་། བརྗོད་པ་དང་། བརྟགས་པ་དང་། རྒྱུ་མཚན་སོགས་ལ་དཔྱད་སྒོམ་ཐུང་ཐུང་རེ་བྱེད་དུ་བཅུག་ན་བློ་ནུས་ཀྱི་ཆ་ཤས་མང་པོ་ཞིག་བརྟན་པོ་དང་གསལ་པོ་དང་མྱུར་པོར་ཡོང་བར་ཕན་པ་ཤིན་ཏུ་ཆེ་བ་མཐོང་། དཔྱད་སྒམ་ཟེར་བའི་སྐབས་སུ་བླ་མ་དང་ལྷ་སྐུ་སྒམ་རྒྱུ་སོགས་ཆོས་ཕྱོགས་ཀྱི་བྱེད་པ་དག་གི་རྗེས་སུ་ཁོ་ན་སྙེགས་ནས་གོ་བར་བྱེད་མི་རུང་། དེ་ལས་ལྡོག་ཏེ་སོ་སོ་དང་འབྲེལ་བ་ཡོད་པའི་བྱེད་པ་ཡོད་དོ་ཅོག་ལ་བཀོལ་ཆོག་པ་མནོ་བསམ་དགོས་གལ་ཆེའོ།
མཐའ་དོན། ཅི་ཞིག་བསླབ། ཅི་ཕྱིར་བསླབ། ཅི་འདྲ་བསླབ། ཅི་གསུམ་དང་། ག་དུས། ག་བ། ག་རེ། ག་འདྲ། ག་བཞི་དང་། སློབ་མ་སུ་དང་སུ་ལ་སོགས་དུས་དང་རྣམ་པ་ཀུན་དུ་ཞེ་ཡི་དབུས་སུ་ཡོད་པ་ཡིན་ན་རང་ཉིད་དགེ་རྒན་ཚོད་ལྡན་ཞིག་འགྱུར་ངེས་སོ། ། ། །
རིག་པ་ནངས་པ་འཆི་ཡང་བསླབ། །
ང་རང་ལྟ་བ་མཐོ་ལ་འཇོན་ཐང་ཆུང་བའི་མི་ཞིག་གིས་མ་ཤེས་ཤེས་མདོག་དང་མ་འཇོན་འཇོན་མདོག་བྱས་ཏེ་རྩོམ་འདི་འབྲི་དགོས་པ་རྒྱུ་མཚན་གཅིག་ནི་རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་མ་བྲིས་ན་ཤེས་ཡོན་ཐད་འགན་འཁུར་བྱེད་མཁན་མིན་པའི་གྲས་སུ་བགྲངས་ཆོག་པ་ཚོར་སྣང་བྱུང་བས་ནོར་འཛོལ་ཅི་མཆིས་སྙིང་ནས་མཐོལ་ལོ། །
ད་བར་དཔྱད་མཆན་མེད།