(ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༥ ཉིན།)

དེང་དུས་ཀྱི་ཤེས་ཡོན་དང་གནའ་རབས་ཀྱི་བཟང་པོའི་ཤེས་ཡོན་གཉིས་ཀ་ཡོད་པའི་འདབ་གཤོག་གཉིས་ལྡན་གྱི་བོད་མི་ཚད་ལྡན་པ་ཞིག་ཡོང་བ་བྱེད་དགོས།

དེ་རིང་བོད་ཁྱིམ་སློབ་གྲྭའི་མཛད་སྒོའི་སར་སེར་སྐྱ་མང་ཚོགས་མང་པོ་ཞིག་འཛོམས་པ་འདི་བརྒྱུད་བོད་གཞིས་བྱེས་གང་ས་ནས་དོ་སྣང་བྱེད་མཁན་ཏན་ཏན་ཡོད་པ་རེད་བསམ་གྱི་འདུག ཚང་མར་ཞུ་རྒྱུར་དེ་རིང་ཕྲུ་གུ་ཆུང་ཆུང་ལ་བདག་པོ་སྤྲོད་རྒྱུའི་སྒྲིག་འཛུགས་འདི་བཙུགས་ཏེ་ལོ་ ༤༨ འགྲོ་བ་དང༌། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ ༥༠ ཉེ་བར་འགྲོ་ཡི་ཡོད། མི་རིགས་ཤིག་གི་ལོ་རྒྱུས་ནས་བཤད་ན་ལོ་ལྔ་བཅུ་ཟེར་བ་ཐུང་ཐུང་ཡིན་ཡང༌། མི་གཅིག་གི་མི་ཚེའི་ངོས་ནས་བཤད་ན་ལོ་ལྔ་བཅུ་ཟེར་དུས་ཧ་ཅང་རིང་པོ་ཡིན། དུས་ཡུན་དེའི་ནང་ང་ཚོའི་མི་ཐོག་བརྗེ་འགྲོ་གི་ཡོད། ངོས་ལ་ཆ་བཞག་ན་ཕྱི་ལོ ༡༩༥༩ ལོར་བཙན་བྱོལ་ལ་ཡོངས་སྐབས་ལོ་ ༢༥ དང༌། ལོ་ཧྲིལ་པོ་བརྩིས་ན་ ༢༤ ཡིན། ད་ལྟ་ལོ་ ༧༣ བརྒལ་ཏེ་བསྡད་ཡོད། མི་ཚེ་མང་ཆེ་བ་སོང་ཟིན།

ང་ཚོ་བཙན་བྱོལ་བ་ཆགས་པ་འདི་མི་ཉུང་ཤས་ཤིག་གི་མི་ཚེའི་མདུན་ལམ་གསར་པ་ཞིག་འཚོལ་བའི་དོན་དུ་ང་ཚོ་བཙན་བྱོལ་བ་ཆགས་པ་མིན། ལོ་རྒྱུས་ཡོད་པའི་བོད་གངས་ཅན་གྱི་ལྗོངས་འདི་དུས་གཉན་འཕྲང་ཆེན་པོ་ཞིག་ལ་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱས་ཀྱང་ནུས་འབྲས་མ་ཐོན་པར། ཐབས་ལམ་གཞན་མེད་པའི་གནས་སྟངས་འོག་ཕྱི་ལོ་༡༩༥༩ ཕྱི་ཟླ་༣ ཚེས་༡༧ ཉིན་གྱི་དགོང་དྲོ་ནོར་བུ་གླིང་ཁ་ནས་བྲོས་བྱོལ་དུ་ཡོང་བ་ཡིན། དེ་རྗེས་བོད་མི་སེར་སྐྱ་སྔོན་ལ་ཡོང་མཁན་ཚོ་མི་ཧྲག་པོ་ཤ་སྟག་ཡོད། དེ་ནས་རིམ་པས་བོད་ཀྱི་ས་ཁུལ་ཁག་ནས་བོད་མི་རྒན་བྱིས་ཕོ་མོ་མང་པོ་ཞིག་བཙན་བྱོལ་དུ་འབྱོར་ནས་བོད་མི་བཙན་བྱོལ་བ་ཁྲི་བརྒྱད་དགུ་ཙམ་ཟིན་པ་རྒྱ་གར་རང་དབང་ལུང་པའི་ནང་སྐྱབས་བཅོལ་དུ་བསྡད་ཡོད། ང་ཚོ་བཙན་བྱོལ་ལ་ཡོང་བའི་ལས་འགན་དང་དམིགས་ཡུལ་ཞིག་ཡོད་པ་ལྟར་སེམས་ལ་དམ་བཅའ་བརྟན་པོ་བཀོད་དེ་ང་ཚོ་བཙན་བྱོལ་བའི་སྒྲིག་འཛུགས་དེ་དག་ཆགས་ཐུབ་པ་བྱུང་ཡོད། དེའི་ནང་ནས་སློབ་གྲྭ་གསར་འཛུགས་བྱེད་རྒྱུ་འདི་གལ་འགངས་ཆེ་ཤོས་ཤིག་ཏུ་བརྩིས་ཡོད། སྐབས་དེར་སྲིད་བློན་ནེ་ཧེ་རུ་བཞུགས་ཡོད་པ་རེད།

ངའི་སྐད་ཆ་འདི་རྣམས་ལྡབ་སྐྱོར་ལྟ་བུ་ཡིན་པས། ཁྱེད་ཚོ་མང་པོ་ཞིག་གིས་ཐོས་ཡོད་ཀྱང༌། མི་མང་པོ་ཞིག་ཕལ་ཆེར་གསར་པ་ཡིན་པས་ཐོས་མྱོང་ཡོད་ཀྱི་མ་རེད། གལ་པོ་ཆེ་ལ་ནན་ཏན་གསུངས་པས་ཡང་བསྐྱར་བརྗོད་པ་ལ་སྐྱོན་མེད། སྐབས་དེར་ནེ་ཧེ་རུ་བཞུགས་ཡོད་ཅིང་ང་ཚོ་བོད་མི་བཙན་བྱོལ་བའི་ཐོག་ལ་དམིགས་བསལ་གྱི་ཐུགས་ཁུར་བསྐྱེད་དེ་ང་ཚོའི་སློབ་གྲྭ་ཟུར་དུ་འཛུགས་རྒྱུ་དང༌། སློབ་གྲྭའི་རྒྱུགས་སྤྲོད་ཀྱི་ཡི་གེ་ཡང་ཨིན་ཇི་དང་ཧིན་དི་གཏན་འབེབས་བྱེད་རྒྱུས་མཚོན་པའི་ནེ་ཧེ་རུ་དང་དེ་ཚོའི་སྐོར་གོ་བསྡུར་བཀའ་སློབ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད།

སྐབས་དེར་ང་ཚོས་བོད་དོན་རྒྱལ་ཚོགས་ལ་ཞུ་རྒྱུའི་ལས་འགོ་བརྩམས་ཏེ་འབད་བརྩོན་ཆེན་པོ་བྱས་པ་ཡིན། དེའི་དུས་ནེ་ཧེ་རུས་རྒྱལ་ཚོགས་ལ་ཞུས་ན་དགོས་པ་གང་ཡང་མེད་པའི་དགོངས་པ་བཞེས་ཀྱི་འདུག ཡིན་ནའང་ང་ཚོས་ཨུ་ཚུགས་བརྒྱབ་པ་དང༌། བོད་དོན་རྒྱལ་ཚོགས་ལ་ཞུས་ནས་ལམ་སང་ནུས་པ་ཐོན་རྒྱུའི་རེ་བ་མེད། འོན་ཀྱང་བོད་དོན་མ་འོངས་པར་འཛམ་གླིང་ཐོག་གནས་ཐབས་ཕུགས་རྒྱང་རིང་པོའི་ཕན་ཐོགས་ཡོང་ཆེད་རྒྱལ་ཚོགས་ལ་ཞུ་རྒྱུར་ང་ཚོས་སེམས་ཐག་བཅད་པ་ཡིན་ཞེས་ནེ་ཧེ་རུར་ཞུས་པ་ཡིན། དེ་དུས་ཁོང་ནས་གསུང་བར། མ་འོངས་པར་བོད་དོན་མུ་མཐུད་གནས་པའི་རྒྱུ་རྐྱེན་གཙོ་བོ་བོད་ཕྲུག་དེ་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་དགོས། བོད་དོན་གྱི་རྩ་བ་ཐུག་ས་ཤེས་ཡོན་ལ་རག་ལས་ཡོད་ཅེས་གསུངས་བྱུང༌། དེ་ནི་བདེན་པ་རེད། དུས་དེར་ང་ཚོའི་སློབ་གྲྭ་གསར་འཛུགས་བྱ་རྒྱུ་སོགས་ལ་ནེ་ཧེ་རུ་ཁོང་ཉིད་ནས་དམིགས་བསལ་གྱི་ཐུགས་ཁུར་བཞེས་བྱུང༌། དེ་ནས་བཟུང་ང་ཚོས་ཤེས་ཡོན་ཐོག་ཤུགས་གཙོ་བོ་བརྒྱབ་པ་ཡིན།

དེ་དུས་ལྷ་ཁང་དང་དགོན་པ་གྲྭ་ཚང་གསར་རྒྱག་བྱེད་རྒྱུ་སོགས་ལ་ང་ཚོས་འབད་བརྩོན་གང་ཡང་བྱས་མེད། དེ་ཚོའི་ཐད་ང་ཚོར་ལོ་ངོ་སྟོང་ཕྲག་གི་གོམས་གཤིས་ཡོད་པ་ཞིག་ཡིན་སྟབས་རྗེས་སུ་འགྲིག་འགྲོ་གི་རེད་སྙམ། གལ་ཆེ་ཤོས་ང་ཚོར་དེང་དུས་ཤེས་ཡོན་གྱིས་ཕོངས་པའི་རྐྱེན་གྱིས་ང་ཚོ་རང་དབང་དང་བྲལ་བའི་གནས་ཚུལ་འདི་བྱུང་བ་ཡིན་པ་གསལ་པོ་ཡིན། དེ་ལ་བསམ་བློ་གཏོང་དུས་འགྱོད་པ་སྐྱེས་ཀྱང་བྱ་ཐབས་མེད། འདས་པའི་ང་ཚོའི་མི་རབས་གཉིས་ཙམ་གྱི་དུས་ཚོད་ནང་འཛམ་གླིང་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པ་རེད། ང་ཚོ་བོད་པས་ཤེས་རྟོགས་དང༌། དོ་སྣང་བྱས་ནས་དེའི་རྗེས་ཟིན་ཐུབ་པ་སོགས་ཀྱི་ཐབས་ཤེས་བྱས་ཡོད་ན་ད་ལྟའི་གནས་ཚུལ་འདི་འདྲ་ཡོང་མི་ཐུབ། འོན་ཀྱང་བོད་ཀྱི་གཏམ་དཔེར་མགོ་རུལ་སྣ་ཡིས་མ་ཚོར་ཟེར་བ་ལྟར་བྱས་འདུག ད་ཆ་དཀའ་ངལ་འཕྲད་དུས་འགྱོད་ཀྱང་ཐབས་མེད།

ད་ནས་ང་ཚོས་འབྱུང་འགྱུར་དེང་དུས་ཀྱི་ཤེས་ཡོན་ཚད་ལོངས་པ་ཞིག་ཡོང་ཐབས་བྱེད་པ་དང་ཆབས་ཅིག་ལོ་ངོ་སྟོང་ཕྲག་རིང་ནང་ཆོས་དང་འབྲེལ་བའི་བོད་ཀྱི་གོམས་གཤིས་དང༌། སྐད་ཡིག་ལོགས་སུ་རང་མགོ་ཐོན་ཐུབ་པ་ཞིག་ཡོད་པ་དེ་ཡང་སློབ་སྦྱོང་བྱས་ཏེ། འདབ་ཆགས་གཤོག་པ་གཉིས་ལྡན་བཞིན་ང་ཚོའི་བུ་ཕྲུག་ཚོར་དེང་དུས་ཀྱི་ཤེས་ཡོན་དང་གནའ་རབས་ཀྱི་བཟང་པོའི་ཤེས་ཡོན་གཉིས་ཀ་ཡོད་པ་ཞིག་བྱུང་ན་བོད་མི་ཚད་དང་ལྡན་པ་ཞིག་ཡོང་རྒྱུ་ཡིན།

ང་ཚོར་བསྟོད་ར་མི་གཞན་ལ་གཏོང་དུ་ཆུགས། སྐྱོན་ཆ་གང་དུ་ལྷག་གི་ཡོད་མེད་སྐོར་ང་ཚོས་གོ་བསྡུར་བྱེད་དགོས།

བོད་ཀྱི་གནའ་རབས་ཀྱི་རིག་གཞུང་དང་ཆོས་གཅིག་པུ་ཤེས་པ་ལས་དེང་དུས་འཛམ་བུ་གླིང་གི་ཤེས་ཡོན་མ་ཤེས་ན་མི་ཕྱེད་ཀ་ལྟ་བུ་ཡིན། ཡང་དེང་དུས་ཀྱི་ཤེས་ཡོན་ཤེས་པ་ལས་བོད་རང་ལ་གནའ་རབས་ནས་ཡོད་པའི་བཟང་པོའི་ཤེས་ཡོན་དེ་དག་མ་ཤེས་ན་མི་ཕྱེད་ཀ་ལྟ་བུ་ཡིན། སོ་སོའི་ཤ་ཁྲག་རུས་གསུམ་བོད་མི་ཡིན་ནའང་ངོ་ཐོག་བོད་པའི་དྲི་མ་ཁ་བའི་ཁྱད་ཆོས་མ་ཚང་ན་བོད་པ་ཕྱེད་ཀ་ཡིན། དེར་བརྟེན་ང་ཚོའི་མི་རབས་གསར་པ་ཚོས་དུས་རབས་ཉི་ཤུ་པ་དང་དུས་རབས་ཉེར་གཅིག་པའི་རྗེས་ཟིན་ཐུབ་པ་ཞིག་དང༌། དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་ནས་མཉམ་དུ་འགྲོ་ཐུབ་པ་ཞིག་དགོས་སྟབས་ང་ཚོས་ཤེས་ཡོན་གྱི་གནས་གཞི་འཛུགས་རྒྱུའི་ཐོག་ནུས་པ་གང་ཡོད་བཏོན་ཏེ་འབད་བརྩོན་བྱས་པ་ལྟར། བོད་ཁྱིམ་སློབ་གྲྭ་འདི་སྡེ་ཚན་གཅིག་ཡིན་ཞིང༌། ད་ལྟ་བར་དུ་ཡག་ཐག་ཆོད་ཡོད་པ་ད་ལྟ་ལས་བསྡོམས་ནང་གསལ་བ་དང༌། དེ་བཞིན་ཆོས་རིག་བཀའ་བློན་དང༌། སྤྱི་འཐུས་ཚོགས་གཙོའི་ཐོག་ནས་གསུང་བཤད་ནང་ཡོད་པ་བཞིན། ད་ལྟ་བར་དུ་གྲུབ་འབྲས་ཡག་ཐག་ཆོད་རེད།

ཡིན་ནའང་ངས་རྟག་པར་ང་ཚོར་བསྟོད་ར་མི་གཞན་ལ་གཏོང་དུ་ཆུགས། ང་རང་ཚོ་ནང་ཁུལ་སྐྱོན་གང་ལྷག་གི་འདུག་དེ་ལ་བསམ་བློ་བཏང༌། དེའི་ཐོག་ང་ཚོས་དོ་སྣང་དང་གོ་བསྡུར་བྱེད་དགོས་ཞེས་ཤོད་ཀྱི་ཡོད། དེ་ནི་ཕྱི་ལོ་༡༩༥༧ ལོར་ངོས་ཀྱིས་བཟུང་བའི་སྲིད་བྱུས་ཡིན།

ཕྱི་ལོ་༡༩༥༦ ལོར་ང་རང་རྒྱ་གར་དུ་འབྱོར་ཏེ་ནེ་ཧེ་རུ་དང་མཉམ་དུ་བཀའ་མོལ་བྱུང་བ་དང༌། ཐ་མ་བོད་ལ་ཕྱིར་ལོག་བྱས་ཏེ་ངོས་རང་གྲོ་མོར་སླེབས་སྐབས་ས་གནས་དེ་གའི་བོད་རིགས་ལས་བྱེད་པ་དང༌། རྒྱ་རིགས་ཚོ་དང་མཉམ་དུ་ཚོགས་འདུ་ཚོགས་སྐབས་ངས་ང་ཚོར་བསྟོད་ར་མི་གཞན་ལ་གཏོང་དུ་ཆུགས། ང་རང་ཚོ་སྐྱོན་ཆ་གང་དུ་ལྷག་གི་ཡོད་མེད་སྐོར་གོ་བསྡུར་བྱེད་དགོས་ཞེས་བཤད་པ་ཡིན། དེ་རྗེས་རྒྱལ་རྩེ་དང༌། གཞིས་རྩེར་སླེབས་སྐབས་བསམ་འཆར་དེ་རང་བཤད་པ་ཡིན། ང་ཚོ་བཙན་བྱོལ་བ་ཆགས་སྐབས་ཀྱང་སྐད་ཆ་དེ་རང་ཤོད་ཀྱི་ཡོད། ང་རང་ཚོ་ནང་ཁུལ་ཡག་ཡག་དང་གྲ་འགྲིག་འགྲིག གྲུབ་འབྲས་སོན་སོན་བཤད་དེ་དགོས་པ་གང་ཡང་མེད། ང་རང་ཚོ་ནང་ཁུལ་སྐྱོན་ཆ་གང་འདུག་བཤད་རྒྱུ་གལ་ཆེན་པོ་ཡིན། ང་རང་ཚོ་བཙན་བྱོལ་བ་ཆགས་ཏེ་སྐྱབས་མེད་ལ་གནས་པ་ཤེས་དགོས། ང་རང་ཚོ་གྲ་འགྲིག་པོ་ཡོད་བསམས་ཏེ་བསྡད་ན་གང་འཚམ་ནས་བློ་ཡུལ་དུ་མེད་པའི་དཀའ་ངལ་ཞིག་འཕྲད་ན་ཡག་པོ་མེད།

ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ནའང་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་བྱེད་དགོས་པ་ལས་ཡིན་ཤག་ལྟ་བུ་བྱས་ཏེ་སྔགས་ལམ་ལ་ཞུགས་པ་ཡིན་ན་ཡག་པོ་མེད། ཁ་ཞེ་གཉིས་མེད་མ་ཡིན་པའི་གནས་ཚུལ་ཡོད་ན་དེ་ནི་དོན་དངོས་གནས་ཚུལ་དང་མཐུན་གྱི་མེད་ཅིང༌། ཆོས་ཕྱོགས་ཐད་ནས་ཀྱང་ངས་མི་ལ་དེ་ལྟར་ཤོད་ཀྱི་ཡོད་ལ། དེ་ནི་རང་གི་བསམ་བློ་ཡང་ཡིན། ཕྱི་ལ་འདྲ་ཆགས་ཀྱི་ཆོ་ག་ཕྱག་ལེན་བཏོན་པ་མ་ཡིན་པར། དོན་ཤེས་པའི་ཐོག་ནས་ཆོ་ག་ཕྱག་ལེན་འདོན་ཐུབ་ན་ཡག་པོ་ཡོད། དོན་གང་ཡང་མ་ཤེས་པར་ཆོ་ག་བཏོན་ན་དགོས་པ་གང་ཡང་མེད། ཆོས་ཕྱོགས་ཀྱི་ཐོག་ངོས་ཀྱི་བསམ་བློ་འདི་ཡིན། དེ་མིན་ལས་ཀ་གང་དང་གང་ཡིན་ནའང་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་དེ་དང་འཚམས་པའི་བསམ་བློ་གཏོང་དགོས་པ་ལས་དངོས་ཡོད་གནས་ཚུལ་ལ་དོ་སྣང་མ་བྱས་པ་དང་ཡང་ན་མི་ཤེས་པའམ་ཤེས་བཞིན་བཀབ་ནས་ཁ་ཡམ་ཡམ་ལ་ཕྱིན་པ་ཡིན་ན། གང་འཚམ་ནས་དཀའ་ངལ་མི་བཟོད་པ་ཞིག་འཕྲད་རྒྱུ་ཡིན་པས་ཡག་པོ་མེད། དེར་བརྟེན་ངས་དུས་རྟག་པར་རེ་བ་བཟང་ས་ནས་བརྒྱབ། སེམས་ཞུམ་སྟེ་རེ་བ་བརླགས་ན་ནོར་འཁྲུལ་ཡིན། ཡང༌། གྲ་སྒྲིག་སྡུག་ས་ནས་བྱེད་དགོས། ཞེས་བརྗོད་ཀྱི་ཡོད།

ང་ཚོས་སྐྱོན་ཆ་གང་འདུག་བསམ་བློ་གཏོང་དགོས། ཤེས་ཡོན་ཐད་ཆ་བཞག་ན་ཕྱི་ལོ་༡༩༦༠ ལོར་ང་ཚོས་མ་སུ་རིར་སློབ་གྲྭ་དང་པོ་དེ་བཙུགས་པ་ཡིན། དེ་དུས་ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་གཅིག་ཙམ་ལས་སོང་མེད། ཕྲུ་གུ་མང་པོ་དེ་ཙམ་མེད། ན་གཞོན་སློབ་ཕྲུག་ལྔ་བཅུ་ཡོད་པའི་སློབ་གྲྭ་དང་པོ་དེ་ཡིན། དེ་ནས་རིམ་པས་རིམ་པས་མ་སུ་རིའི་སློབ་གྲྭ་དང། ཌ་ལ་ཧོ་སི། སིམ་ལ། རྡོ་རྗེ་གླིང་སློབ་གྲྭས་མཚོན་པའི་སློབ་གྲྭ་ཁག་རིམ་པ་རིམ་པས་བཙུགས་ཡོད། དེ་བཞིན་གཞིས་ཆགས་ཁག་ཚང་མའི་ནང་སློབ་གྲྭ་བཙུགས་ཏེ་ཐོག་མའི་ལོ་བཅུ་ཉི་ཤུ་ཙམ་རིང་ང་ཚོས་སློབ་སྦྱོང་བྱེད་ཡུལ་གྱི་གནས་གཞི་འཛུགས་ཐབས་ལ་ཤུགས་བསྒྲིལ་བ་དང༌། དེ་རྗེས་ལོ་བཅོ་ལྔ་ཉི་ཤུ་སོང་མཚམས་ངོས་ནས་ད་ཆ་ང་ཚོ་གཞི་རྩ་ཅུང་ཡག་པོ་ཚུགས་ཡོད་པས་ང་ཚོས་ཡར་རྒྱས་གཏོང་རྒྱུ་དང༌། སློབ་སྦྱོང་ཚད་ལོངས་པ་ཡོང་ཐབས་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་བཤད་པ་ཡིན། རིམ་པས་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཐོན་པ་དགོས་པ་ལས། འཛིན་གྲྭ་བཅུ་གཉིས་དང༌། བཅོ་ལྔ་བཅུ་དྲུག་ཐོན་པ་ཡིན་ཞེས་ལག་འཁྱེར་ཡོད་པ་ཙམ་གྱིས་མི་འགྲིགས། ལས་རིགས་གང་དང་གང་ཡིན་ཡང་རང་རྐྱ་འཕེར་བའི་སྒོ་ནས་བསམ་བློ་གཏོང་ཐུབ་པ་དང༌། འཆར་གཞི་འགོད་ཐུབ་པ། ལག་ལེན་བསྟར་ཐུབ་པ་བཅས་ཀྱི་རིགས་གཅིག་རྐང་འཛིན་པ་ཐོན་པ་བྱེད་དགོས། རིགས་གཅིག་རྐང་འཛིན་གྱི་མི་བཅུ་བྱུང་བ་ཡིན་ན་དེའི་ཚོད་ཀྱིས་ནུས་པ་ཐོན་རྒྱུ་དང༌། མི་བརྒྱ་ཐམ་པ་བྱུང་ན་དེའི་ཚོད་ཀྱིས་ནུས་པ་ཐོན་རྒྱུ་རེད་ཅེས་ངས་འབོད་སྐུལ་རིམ་པ་བྱས་པ་ཡིན། དེ་ལྟར་འབོད་སྐུལ་བྱས་ཏེ་ལོ་སུམ་ཅུ་ཙམ་ཕྱིན་སོང༌། ཐོག་མའི་ལོ་ཉི་ཤུ་ང་ཚོས་རྐང་པ་འཛུགས་ཐབས་བྱས་པ་དང༌། དེ་རྗེས་ཀྱི་ལོ་སུམ་ཅུ་མ་ཟིན་ཙམ་རིང་ང་ཚོས་ཡར་རྒྱས་གཏོང་རྒྱུ་དང༌། ཚགས་ཚུད་གཏོང་རྒྱུའི་ལས་ཀ་དེ་དག་ཡག་པོ་ཞིག་བྱུང་ཨེ་ཡོད་བསམ་གྱི་འདུག

གོང་དུ་ལས་བསྡོམས་ནང་བཤད་པ་བཞིན། ཕྲུ་གུའི་གྲངས་འབོར་ལ་ཆ་བཞག་ན་ཁྲི་ཕྲག་དང་ཁྲི་ཕྲག་ཡོད་ཀྱང་ལས་རིགས་སྡེ་ཚན་བྱེ་བྲག་པ་ཞིག་གི་ནང་རྣམ་དཔྱོད་དང་ལྡན་པའི་མི་འདི་འདྲ་ཞིག་ཐོན་ཡོད་ཅེས་མཛུབ་མོ་འཛུགས་རྒྱུ་མི་འདུག

ངའི་མཐོང་ཚུལ་ལ་དཔེར་ན། རྒྱ་ནག་གི་ཤེས་ཡོན་ཐད་ཆ་བཞག་ན། རིག་གནས་གསར་བརྗེའི་སྐབས་ཕལ་ཆེར་ལོ་བཅུ་ཕྲག་གཅིག་རིང་འཐུས་ཤོར་ཧ་ཅང་ཆེན་པོ་ཕྱིན་ཡོད། དེ་རྗེས་ཏིང་ཞའོ་ཕིང་གིས་རིམ་པས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་སྟེ་འཛམ་གླིང་ཕྱི་ལ་འབྲེལ་བ་བྱས་པ་དང་སློབ་སྦྱོང་ཐོག་དོ་སྣང་གསར་པ་སླེབས་ཏེ་ཕྱི་ལོ་༡༩༨༩ ལོ་ནས་ཕྱི་རྒྱལ་ལ་སློབ་སྦྱོང་དུ་གཏོང་རྒྱུ་འགོ་ཚུགས་ཡོད། དེ་ནས་བར་སྐབས་ང་རང་ཕྱི་རྒྱལ་གྱི་སློབ་གྲྭ་ཆེ་ཁག་ལ་སྐད་ཆ་བཤད་དུ་འགྲོ་སྐབས་རྒྱ་མི་རིགས་གཅིག་རྐང་འཛིན་གྱི་མཁས་དབང་མང་པོ་འདུག གནམ་བདེ་སྒོ་མོ་ཆེའི་གནས་ཚུལ་བྱུང་རྗེས་རྒྱ་ནག་ནས་འཛམ་གླིང་ཕྱི་ལ་སླེབས་པའི་སློབ་ཕྲུག་གི་ནང་ནས་དེང་སང་ཨ་རི་དང་ཡུ་རོབ་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ནང་མཁས་དབང་གི་སློབ་ཁྲིད་བྱེད་མཁན་མང་པོ་མཐོང་རྒྱུ་འདུག མ་གཞི་རྒྱ་ནག་མི་འབོར་ཆེན་པོ་རེད། ང་ཚོ་བོད་པ་རེ་ཟུང་ལས་མཐོང་རྒྱུ་མེད་པ་རྗེས་སུ་ལུས་པ་འཐུས་ཤོར་ཡིན་འདུག

དེ་བཞིན་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ལ། བོད་དང་རྒྱ་གར་ནང་ཡོད་པའི་སློབ་ཕྲུག་ཚོ་བསྡུར་ན། རྒྱ་གར་ནང་ཡོད་པའི་སློབ་ཕྲུག་ཚོ་ཕྲན་བུ་སྐྱོ་བ་འདུག་ཅེས་བརྗོད་ཀྱི་འདུག དེ་བཞིན་ཨིན་ཡིག་གི་ཤེས་ཚད་ལ་ཆ་བཞག་ན་གཏོང་ཡིག་འབྲི་ཤེས་ཀྱི་མི་འདུག་ཟེར་བ་དེ་ནི་འཐུས་ཤོར་རེད། བསམ་བློ་ཏན་ཏན་གཏོང་དགོས། ལས་ཀ་བྱེད་མཁན་གྱིས་མ་འཇོན་པ་རེད་དམ། ཡང་ན་སོ་སོས་མ་ཤེས་པ་ཡིན། སོ་སོས་མ་ཤེས་པ་ཡིན་ན་ཤེས་མཁན་ལ་སྐད་ཆ་འདྲི་དགོས། ང་ཚོ་རང་དབང་ལུང་པར་བསྡད་ཡོད་པ་ལས། བཙན་དབང་འོག་བསྡད་མེད། སོ་སོས་འགུལ་བསྐྱོད་བརྒྱབ་ན་རྒྱག་སའི་གོ་སྐབས་ཡོད་པ་ཡིན། དངུལ་སྤྲད་པ་གཅིག་པུས་ཕན་ཐོགས་ཡོང་མི་ཐུབ། ང་ཚོ་འགྲིགས་ཡོད་བསམས་ཏེ་བསྡད་ན་ཉིན་གཅིག་འཐུས་ཤོར་ཆེན་པོ་སོང་སྟེ་འགྱོད་པའི་གནས་ལ་སླེབས་རྒྱུ་མཐོང་གི་འདུག དེར་བརྟེན་བོད་ཁྱིམ་ཡས་མས་ལ་ལས་ཀ་བྱེད་མཁན་ཚོ་ད་ལྟ་བར་དུ་ཡག་ཐག་ཆོད་ཡོད། འོན་ཀྱང་ཆོག་ཤེས་བྱེད་རྒྱུ་མེད། ཇི་ལྟར་བྱས་ཏེ་ཡར་རྒྱས་གཏོང་དགོས་པ་དང༌། འཐུས་ཤོར་གང་ནས་འགྲོ་གི་ཡོད། དེའི་རིགས་ལ་ངེས་པར་ཉམས་ཞིབ་བྱས། སྐྱོན་ཆ་ཡོད་སར་སྐྱོན་བརྗོད་ཀྱིས་སེལ་ཐབས་སླད་བསམ་བློ་གཏོང་དགོས།

སྟོན་ཉེས་བྱུང་ན་ཁ་གསབ་རྒྱུ་ཡོད་ཀྱང། ཤེས་ཡོན་འཐུས་ཤོར་ཕྱིན་ན་མི་ཚེ་གཅིག་ལ་བསྐྱར་གསོ་བྱེད་རྒྱུ་མེད།

དེ་བཞིན་ཤེས་རིག་ལས་ཁུངས་ལ་ཆ་བཞག་ན། ཧ་ཅང་གལ་ཆེན་པོ་ཡིན། འགྲིགས་བསྡད་ཡོད་བསམ་པ་ལྟ་བུས་འཆར་ཅན་གྱི་ལས་ཀ་ཁོ་ན་བྱེད་པ་དང༌། གནས་ཚུལ་མ་ཐོན་ཙམ་བྱུང་ན་འགྲིགས་ཡོད་བསམས་ཏེ་བསྡད་ན་ནོར་འཁྲུལ་ཡིན།

ཆོས་ཕྱོགས་ཀྱི་ཐོག་ལ་ཆ་བཞག་ནའང༌། དུས་རྒྱུན་ཁ་འདོན་བྱས་པ་འདིས་འགྲིགས་ཀྱི་ཡོད་བསམ་ན་ནོར་བ་ཡིན། རྒྱུད་ལ་ས་ལམ་གྱི་རྟོགས་པ་ཞིག་ཨེ་སྐྱེ་མི་སྐྱེ་ཨུ་ཚུགས་བརྒྱབ་སྟེ་ལྟ་དགོས་པ་ལས་ཉལ་བསྡད་ན་མི་འགྲིགས། སེམས་ཀྱི་ཡོན་ཏན་ལ་ཆོག་ཤེས་བྱེད་རྒྱུ་མེད། ཕྱིའི་དངོས་པོ་ལ་ཆོག་ཤེས་བྱེད་དགོས། ཆོག་ཤེས་མེད་ན་འདོད་པ་ཡོངས་སུ་ཚིམ་པ་ཞིག་ཡོང་རྒྱུ་མེད། དེར་བརྟེན་དང་པོ་ནས་ཕྱིའི་དངོས་པོའི་མཐུན་རྐྱེན་ཟེར་བ་དེ་ཚད་ཅན་ཞིག་ཡིན་པ་ཤེས་པར་བྱས་ནས་ཆོག་ཤེས་བྱེད་དགོས། ནང་བསམ་བློའི་ཡོན་ཏན་ཆོས་དང་འཇིག་རྟེན་གྱི་ཇི་ལྟ་ཇི་སྙེད་པའི་དོན་ཏེ། ནང་དོན་རིག་པ་དང༌། ཐ་སྙད་རིག་པ། གསོ་བ་རིག་པ་སོགས་གང་དང་གང་ཡིན་ཡང་འཕེལ་རྒྱས་ལ་མཐའ་མེད་པས་ནང་བསམ་བློ་དང་འབྲེལ་བའི་ཡོན་ཏན་ལ་ཆོག་ཤེས་བྱེད་རྒྱུ་མེད་པར། མུ་མཐུད་ཡར་རྒྱས་ཡོང་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

ངས་སྔོན་དུ་བཤད་པ་བཞིན། ང་ཚོའི་གནས་སྟངས་ལ་ཆ་བཞག་ན། ཆབ་སྲིད་ཀྱི་སྲིད་དོན་བཙན་བྱོལ་བ་ཡིན་པས། ང་ཚོས་དམིགས་ཡུལ་ཞིག་བཟུང་ནས་སླེབས་ཡོད། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ལྔ་བཅུར་ཉེ་བར་འགྲོ་གི་ཡོད་ཀྱང༌། བོད་ནང་གི་རྒྱ་ཆེའི་མི་མང་གི་རེ་བའི་མིག་འབུར་ང་ཚོར་ལྟ་བཞིན་ཡོད་པ་དང༌། ང་ཚོར་ཚུར་བློ་གཏད་ནས་རེ་བ་རྒྱག་གི་འདུག རྒྱ་གཞུང་གི་བཀག་འགོག་དམ་བསྒྲགས་འོག་དཀའ་ངལ་མི་བཟོད་པ་ཞིག་ཡོད་ཀྱང༌། རྒྱ་གར་ནང་ཕྲུ་གུ་ག་ཚོད་བཏང་སོང༌། དེ་དག་རེ་བ་ཞིག་བརྒྱབ་ནས་ཚུར་གཏོང་གི་ཡོད། དེ་འདྲའི་བློ་གཏད་རེ་བཅོལ་བྱེད་སྐབས་ང་ཚོས་འདིར་ཉི་མ་གང་འཁྱོལ་གྱིས་སྐད་ཆ་འདྲ་ཆགས་པོ་ཤོད་པ་དང༌། སྦམ་པོ་བྱས་ཏེ་བསྡད་ན་ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད། ལག་ལེན་ངོ་མའི་ཐོག་འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག

དེར་བརྟེན་ཤེས་ཡོན་ཐོག་ཁྱེད་རང་ཚོ་འབྲེལ་ཡོད་ཚང་མས་ད་བར་བྱུང་ཟིན་པའི་གནས་ཚུལ་བསྐྱར་གསོ་ཡོང་ཐབས་མེད་པ་ཤེས་དགོས། གཞིས་ཆགས་ཀྱི་གནས་ཚུལ་ལྟ་བུ་ཡིན་ན། ད་ལོ་སྟོན་ཉེས་བྱུང་ཡང་ལོ་རྗེས་མ་ཁ་གསབ་བྱེད་རྒྱུའི་རེ་བ་ཡོད། ཤེས་ཡོན་ཐད་ཟླ་བ་གཅིག་འཐུས་ཤོར་ཕྱིན་ན། དེ་ནི་འཐུས་ཤོར་རང་ཡིན་པས། མི་ཚེ་གཅིག་ལ་གནོད་པ་དེ་བསྐྱར་གསོ་བྱེད་རྒྱུ་མེད།

དེ་བཞིན་འཕྲོད་བསྟེན་གྱི་ལས་ཀ་ལ་ཆ་བཞག་ནའང༌། མི་ནད་པ་ཛ་དྲག་ཞིག་ལ་ལམ་སང་སྨན་བཅོས་མ་བྱས་པར། རྗེས་སུ་སྨན་བཅོས་བྱེད་ཅེས་བརྗོད་ཐབས་མེད་པ་བཞིན་སྐབས་སོ་སོའི་ལས་ཀ་འཐུས་ཤོར་མེད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

དེ་བཞིན་ཆོས་རྒྱུད་ཁག་གི་བཤད་གྲྭ་ཚོ་ཧ་ཅང་ཡག་པོ་ཡོད། ད་དུང་ཡར་རྒྱས་གཏོང་དགོས་ཞེས་སྔ་ལོ་ང་ཚོ་སྐད་ཆ་བྱུང༌། ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཞེས་པའི་ཚིག་གཉིས་པོ་འདིའི་ནང་ང་ཚོས་ལས་ཀ་བྱེད་རྒྱུ་མང་པོ་ཡོད་པ་དེ་ལ་ང་ཚོས་བསམ་བློ་གཏོང་དགོས་ཞེས་སྐད་ཆ་བྱུང༌། བྱེད་རྒྱུ་གཅིག་བྱེད་ཀྱི་ཡོད་པ་དེ་ཚོའི་གྲས་ཧ་ཅང་གི་གལ་ཆེན་པོ་འདུག

ཡང་དེ་རིང་བཤད་འདོད་པ་ཞིག་ལ། ང་ཚོ་བོད་མི་འཛམ་བུ་གླིང་གི་ས་གནས་གང་སར་སློབ་སྦྱོང་བྱེད་མཁན་དེ་ཚོའི་ནང་ནས་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གོ་སྐབས་ཐོབ་པ་དེ་ཚོ་ཐོན་ཡོང་དགོས་ཀྱི་འདུག་ཀྱང་ཤེས་རིག་ལས་ཁུངས་ནས་འབྲེལ་བ་བྱེད་རྒྱུ་ཉུང་དྲགས་པ་མིན་ནམ། མི་དེ་ཚོ་ཁོང་ཚོས་ཤེས་ཀྱི་མི་འདུག་ལ། སློབ་ཕྲུག་འགན་འཁུར་ཐུབ་མཁན་འདི་འདྲ་ཡོད་ཅེས་སྟོན་རྒྱུའང་མི་འདུག དེ་ནི་འཐུས་ཤོར་ཡིན། མུ་མཐུད་འབྲེལ་བ་བྱས་ནས། ང་ཚོར་ལས་རིགས་འདི་འདྲ་ཞིག་ནང་རིགས་གཅིག་རྐང་འཛིན་གྱི་ལས་ཀ་བྱེད་ཐུབ་མཁན་དགོས་དུས་དེ་འདྲའི་རེ་བ་རྒྱག་སའི་མི་ས་གནས་དེའི་ནང་ཡོད་ཅེས་བཤད་ཐུབ་པ་དགོས་ཀྱང༌། དེ་ལྟར་བཤད་རྒྱུ་མེད་པ་དེ་འཐུས་ཤོར་ཡིན། གང་ལྟར་ང་ཚོར་བཙན་བྱོལ་སྒྲིག་འཛུགས་ཡོད་པ་འདི་དང་པོ་འཛུགས་དུས་དམིགས་ཡུལ་ཞིག་ཡོད་པ་ང་ཚོས་སྒྲུབ་ཐུབ་ཀྱི་འདུག་དང་མི་འདུག བསམ་བློ་བཏང་སྟེ་དོན་ལ་འཁྱོལ་བ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་བཤད་རྒྱུ་འདི་ཡིན།

བོད་རྒྱ་ཆེའི་མི་མང་གིས་བློས་གཏོང་ཆེན་པོ་བྱས་ཀྱང་ང་ཚོས་ཤེས་མ་བྱུང་མདོག་མདོག་དང༌། རི་བོང་རྡོ་བརྫུས་བྱས་ནས་བསྡད་པས་ལ་དག་ཐབས་མེད།

དེ་ནས་ངས་རྒྱས་བཤད་བྱེད་དགོས་དོན་མི་འདུག་ཀྱང་དེ་རིང་སེར་སྐྱ་མང་ཚོགས་མང་པོ་ཞིག་འདིར་སླེབས་ཡོད་པ་དང༌། དེ་བཞིན་ཕྱོགས་མང་པོ་ནས་དོ་སྣང་བྱེད་ཀྱི་ཡོད་སྟབས་བར་སྐབས་བོད་རྒྱ་འབྲེལ་བ་བྱེད་ཕྱོགས་སྐོར་ལ། ཁ་སང་ཕྱི་ཟླ་ ༩ པའི་ཚེས་ ༡༡ ཉིན། བཀའ་སྤྱི་ལྷན་རྒྱས་ལ་ད་ལྟ་བར་དུ་ང་ཚོར་བྱེད་ཕྱོགས་གཅིག་ཡོད་པ་དང༌། བར་སྐབས་བོད་ནང་གནས་ཚུལ་ཛ་དྲག་ཆེན་པོ་ཞིག་བྱུང་བ་རེད། བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནས་སོ་སོའི་སེམས་ཀྱི་ནང་ཡི་མ་རང་བ་དང༌། སེམས་ནད་ཡོད་པ་དེ་སྙིང་སྟོབས་ཆེན་པོའི་ཐོག་ནས་བཏོན་པ་རེད། འདོན་མཁན་དེ་ཡང་རབ་བྱུང་ཕོ་མོ་གཅིག་པུ་མ་ཡིན་པར། ལས་བྱེད་པའི་ནང་དང༌། སློབ་གྲྭ་ཚོའི་ནང༌། མདོར་ན་པེ་ཅིང་མི་རིགས་སློབ་གྲྭའི་ནང་ཡོད་པའི་བོད་རིགས་སློབ་ཕྲུག་ཚོས་མཚོན་པའི་བོད་རིགས་ཆོས་དད་ཡོད་མེད་དང༌། སྐྱ་སེར་རྒན་གཞོན་དབྱེ་བ་མེད་པ་ཚང་མས་སེམས་ནང་གི་ན་ཚ་ཕྱིར་བཏོན་པ་རེད། ངོ་མ་བཤད་ན་སྐབས་དེར་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་ནག་བསུབ་གཏོང་ཐབས་མེད་པ་ཞིག་ཡིན་སྟབས། དེ་ལ་གཞིགས་པའི་དངོས་ཡོད་གནས་ཚུལ་དང་འཚམས་པའི་ཐབས་ཤེས་ཤིག་བྱ་རྒྱུའི་རེ་བ་ཧ་ཅང་ཆེན་པོ་བྱས་པ་ཡིན་ཀྱང་དེ་ལྟར་བྱས་མ་སོང༌། མཐའ་གཅིག་ཏུ་བོད་མིའི་སེམས་ཀྱིས་འདོད་དོན་བཏོན་པ་དེ་ནག་བསུབ་ཀྱིས་ཁ་བྲལ་བ་དང༌། ཆབ་སྲིད་ཀྱི་ངོ་ལོག་པ་ཟེར་བའི་མིང་འདོགས་ཀྱིས་དྲག་གནོན་བྱེད་གཅིག་མར་བྱས་ནས་ཕྱིན་སོང༌།

བོད་རྒྱ་ཆེའི་མི་མང་གིས་བློས་གཏོང་ཆེན་པོ་བྱས་ཏེ། ཛ་དྲག་ཆེན་པོ་ཡོད་སྐབས་ལ་ང་ཚོས་ཤེས་མ་བྱུང་མདོག་མདོག་དང༌། རི་བོང་རྡོ་བརྫུས་བྱས་ནས་བསྡད་པས་ལ་དག་ཐབས་མེད་པ་ཡིན་པས། ད་ལྟ་བར་དུ་ང་ཚོར་ལངས་ཕྱོགས་ཤིག་ཡོད་པ་དེ་ནི། གཉིས་ཕན་གྱི་ཐབས་ཤེས་བྱས་པ་དེ་ཡིན། དེ་ལ་འཛམ་གླིང་ཐོག་རྒྱ་གར་གཞུང་གིས་མཚོན་པའི་རྒྱལ་ཁབ་མང་པོ་ཞིག་གི་རྒྱབ་སྐྱོར་ཐོབ་ཡོད། ལྷག་པར་རྒྱ་མི་ཤེས་ཡོན་ཅན་གྱི་ནང་ནས་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ཇེ་མང་དུ་སོང་ཡོད། དེ་དག་ནི་རྒྱལ་ཁ་ཞིག་ཡིན། བོད་ནང་གནས་ཚུལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་ན། དེ་ནི་ང་ཚོའི་རྩ་བའི་ལས་འགན་དང༌། དམིགས་ཡུལ་ཡིན། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་དེ་ལྟར་འགྲུབ་ཐུབ་པ་བྱུང་མ་སོང༌། དེ་འདྲ་ཡིན་སྟབས་ངོས་ནས་ཐོག་མར་ཡུ་རོབ་གྲོས་ཚོགས་སུ་སི་ཏྲ་སི་སྦག་གི་གཏམ་བཤད་དང་པོ་དེ་བྱེད་དུས། མཐའ་མའི་ཐག་གཅོད་བོད་མི་མང་གིས་བྱ་རྒྱུ་རེད་ཅེས་བཀོད་ཡོད།

དེ་རྗེས་ཕྱི་ལོ་༡༩༩༣ ལོར། ང་ཚོ་དང་རྒྱ་ནག་གཞུང་བར་གྱི་ཐད་ཀའི་འབྲེལ་བ་ཆད་པ་རེད། དེ་ལ་གཞིགས་ནས་ང་ཚོས་ཡང་བསྐྱར་མང་ཚོགས་རྣམས་ལ་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་བྱས་པ་དང༌། ང་ཚོའི་ལངས་ཕྱོགས་མུ་མཐུད་ནས་ཐོག་མའི་ལངས་ཕྱོགས་ཐོག་བསྡད་པ་རེད། ད་ཆ་འདི་འདྲའི་འགག་རྩའི་སྒང་ལ་སླེབས་ཡོང་དུས། རི་བོང་རྡོ་བརྫུས་ལྟ་བུ་བྱས་ནས་བསྡད་པས་ལ་དག་ཐབས་མེད། བོད་སྤྱི་པའི་དོན་དག་འདི་བོད་མི་མང་གི་བདེ་རྩ་ཡིན་པ་ལས། ང་སྒེར་གྱི་དོན་དག་མིན། དེ་འདྲ་ཡིན་སྟབས། ད་བོད་སྤྱི་པའི་དོན་དག་འདི་བོད་མི་མང་གིས་བསམ་བློ་བཏང་ནས་ཐག་གཅོད་བྱེད་དགོས་པ་རེད།

གཉིས་ནས་ང་རང་ཚོ་ཐོག་མཐའ་བར་གསུམ་དུ་ཁ་ཞེ་གཉིས་མེད་ཀྱིས་མང་གཙོའི་ཐོག་འགྲོ་གི་ཡོད་པ་ལས། གུང་ཁྲན་ཏང་ལྟར་ཁ་ནས་མང་གཙོ་བཤད། ལག་ལེན་གཅིག་སྡུད་ཐོག་འགྲོ་བ་དེ་འདྲ་རྩ་བ་ནས་བྱེད་ཀྱི་མེད། དེར་བརྟེན་ད་ཆ་འགག་ལ་ཐུག་པའི་སྐབས་འདིར་མི་མང་ལ་བསམ་འཆར་གང་ཞིག་ཡོད་པ་དེ་ལ། བསམ་བློ་བཏང༌། གོ་བསྡུར་བྱས། དེ་ཡང་ཆབ་སྲིད་ཀྱི་ཕྱོགས་ཁག་སོ་སོའི་སྲིད་ཇུས་དང་ལྟ་བ་འཁུར་ནས་དེ་ཁོ་ན་སྒྲུབ་ཐབས་བྱེད་པ་ལྟ་བུ་དང༌། ཆབ་སྲིད་ཀྱི་བསམ་ཚུལ་འདྲ་མིན་བཤད་པ་དེ་འདྲ་མ་ཡིན་པར། ང་ཚོའི་རྩ་བའི་རྩ་དོན་ཐོག་གང་དགའ་ཅི་ལེགས་ཀྱིས་གོ་བསྡུར་བྱེད་རྒྱུ་དེ་ཡིན། དེར་བརྟེན་ང་རང་ཚོ་བོད་པ་སྐྱ་སེར་ཚང་མས་བོད་མི་རིགས་འཚོ་གནས་ཡོང་བ་དང༌། བོད་མི་རིགས་འཚོ་གནས་ཡོང་བ་དེ་ཡང་སྤྱིར་བཏང་འཛམ་བུ་གླིང་གི་མི་རིགས་གཞན་འཚོ་གནས་དང་མི་འདྲ་བར། ང་ཚོ་བོད་མི་རིགས་འཚོ་གནས་ཡག་པོ་ཞིག་བྱུང་བ་ཡིན་ན། ང་ཚོར་བྱམས་པ་དང་སྙིང་རྗེ་རྩ་བར་གྱུར་པའི་གོམས་གཤིས་ཤིག་ཡོད་པ་འདི་འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་ཡིན། འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་ཡོད་དུས་ང་ཚོའི་བདེན་པའི་འཐབ་རྩོད་འདི་བོད་མི་ས་ཡ་དྲུག་གི་ཁེ་ཕན་གཅིག་པུ་མ་ཡིན་པར། འཛམ་བུ་གླིང་སྤྱི་ལ་ང་ཚོས་གང་འཚམ་གྱིས་ཕན་ཐོགས་བྱེད་ཐུབ་པ་དང་འབྲེལ་བ་ཡོད་པ་ཡིན། དེ་འདྲ་ཡིན་སྟབས་ང་ཚོས་བདེན་པའི་འཐབ་རྩོད་བྱས་པ་འདི་ངོ་མའི་རྒྱུ་མཚན་ལྡན་པ་ཞིག་ཡིན།

འབྱུང་འགྱུར་ང་ཚོ་བོད་ཀྱི་བདེན་དོན་འཐབ་རྩོད་འདི་ཐག་གཅོད་ཡག་པོ་ཞིག་བྱུང་བ་ཡིན་ན། རྒྱ་ནག་མི་མང་ས་ཡ་མང་པོར་མི་ཚེའི་མདུན་ལམ་གསར་པ་ཞིག་རྙེད་རྒྱུ་དང༌། མི་ཚེ་དོན་དང་ལྡན་ཞིང༌། ལུས་སེམས་སྐྱིད་པ་བཅས་ཡོང་རྒྱུར་ཏན་ཏན་ཕན་ཐོགས་བྱེད་ཐུབ། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཞེས་སྙིང་རྗེའི་རྩ་བར་གྱུར་པ་འདི་རྩ་མེད་བཟོས་ཏེ། དངོས་པོ་རྐྱང་རྐྱང་ལ་དོ་སྣང་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ཆགས་པ་ཡིན་ན། མ་འོངས་པར་རྒྱ་ནག་མི་མང་ལ་གྱོང་རག་རྒྱུ་ལས་ཕན་ཐོགས་གང་ཡང་མེད། དེར་བརྟེན་ང་ཚོའི་འཐབ་རྩོད་འདི་དངོས་གནས་རང་གཞན་ཀུན་ལ་ཕན་ཐོགས་ཡོད་པའི་འཐབ་རྩོད་ཅིག་ཡིན། དེ་ལུགས་ང་ཚོར་བྱེད་ཐབས་གང་འདྲ་ཞིག་ཡོད་དེའི་ཐད་ལ་ང་ཚོས་གོ་བསྡུར་བྱས་བསམ་བློ་བཏང། སྤྱི་པའི་དོན་དག་འགྲུབ་ཆེད་ང་ཚོས་གོ་བསྡུར་བྱེད་ཀྱི་ཡོད་པ་ཡིན་སྟབས་ཚང་མར་དེ་ལྟར་བྱེད་རོགས་ཞེས་བརྗོད་རྒྱུ་ཡིན།

རྒྱ་ནག་གཞུང་གིས་བར་སྐབས་བོད་ནང་གསུམ་བཅུའི་ཟང་ཟིང་བྱུང་བ་དེ་ང་ཚོས་འདི་ནས་བརྒྱུད་སྐུལ་བྱས་པ་རེད་ཅེས་ང་ལ་བསྙོན་འཛུགས་བྱས་ཡོད། ངས་རྒྱ་ནག་གཞུང་ལ་འདི་སྐོར་གསལ་བཤད་མཐར་ཕྱིན་པ་བྱེད་དགོས་ཞེས་ཐད་ཀར་བཤད་པ་དང༌། ཡོངས་བསྒྲགས་ཀྱི་འབོད་སྐུལ་ཡང་བྱས་པ་ཡིན། དྷ་རམ་ས་ལར་ཞིབ་འཇུག་བྱེད་མི་བཏང་ནས་ང་ཚོའི་ལས་ཁུངས་ཁག་གི་ཡིག་སྣོད་བསྔོགས་ནས་བལྟས་ན་འགྲིགས། དེ་བཞིན་བོད་ནས་གཉེན་འཕྲད་སོགས་སུ་ཡོང་མཁན་མང་ཆེ་བར་ངས་ཐུག་ནས་སྐད་ཆ་བཤད་ཀྱི་ཡོད། སྐད་ཆ་སྒྲ་འཇུག་བྱས་ཡོད། དེ་དག་ཚང་མར་ཞིབ་འཇུག་བྱས་ན་འགྲིག་གི་རེད་ཅེས་སྐབས་དེར་འབོད་སྐུལ་བྱས་པ་ཡིན། ཞིབ་འཇུག་བྱེད་མཁན་མ་བྱུང་ཞིང་བསྙོན་འཛུགས་བྱས་ཏེ་བསྡད་ཡོད། དེ་ལྟར་གནས་ཚུལ་ལ་ལྟ་དུས། ངས་འདིར་མིང་འཁུར་བ་ཡིན་ན། ཧ་ལམ་བོད་དོན་གྱི་དཀའ་ངལ་སེལ་རྒྱུའི་ཚབ་ལ། དེར་འགོག་རྐྱེན་བྱེད་མཁན་ལྟ་བུ་ཞིག་ཆགས་ཀྱི་འདུག དེར་བརྟེན་བོད་སྤྱི་པའི་དོན་དག་འདི་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་དང༌། ང་དེའི་ནང་ཇུས་གཏོགས་བྱེད་དགོས་མི་འདུག དེ་འདྲ་ཡིན་སྟབས་ཁ་སང་ཟླ་བ་ ༩ པའི་ཚེས་ ༡༡ ནས། ངས་ཐག་གཅོད་འདི་ལྟར་བྱས་པ་ཡིན། ད་ངའི་ངོས་ནས་འགན་ཁྱོགས་ཀྱི་མི་འདུག་ལ། འགན་འཁུར་ནས་དགོས་པ་ཡང་མཐོང་གི་མི་འདུག རྒྱ་ཕྱོགས་ནས་དྲང་པོ་དྲང་བཞག་གིས་སྐད་ཆ་བཤད་ན། ངའི་ངོས་ནས་ཀྱང་འགན་འཁུར་ཐུབ་པ་དང༌། རྒྱུ་མཚན་ལྡན་པའི་སྐད་ཆ་བསམ་པ་རྣམ་དག་གིས་བཤད་རྒྱུ་ཡིན། དྲང་པོ་དྲང་བཞག་མི་བྱེད་མཁན་ཚོར་སྐད་ཆ་བཤད་རྒྱུ་ཁག་པོ་འདུག དེ་འདྲ་ཡིན་སྟབས། ངའི་ངོས་ནས་སྐད་ཆ་གསལ་པོ་བྱས་ཏེ་བཤད་ཀྱི་ཡོད། ཕྱི་རྒྱལ་གྱི་ཚགས་པར་འགོད་མཁན་མང་པོ་ལ། ད་ཆ་ང་རྒྱ་ནག་མི་མང་ལ་ཡིད་ཆེས་བརླགས་མེད་ཀྱང༌། རྒྱ་ནག་གཞུང་ལ་ཡིད་ཆེས་ཆུང་དུ་ཆུང་དུ་འགྲོ་གི་འདུག ཁག་པོ་འདུག་ཅེས་བཤད་ཀྱི་ཡོད། དེ་ལྟར་བཀའ་སྤྱི་གཉིས་ལ་ཞུས་ནས། གང་ལྟར་ང་ཚོ་འདིར་ཚོགས་ཆེན་འཚོག་རྒྱུའི་སྒང་ལ་བཞག་ཡོད། ད་ཐེངས་ཚོགས་ཆེན་འཚོགས་ཏེ་ལམ་སང་ཐག་གཅོད་ཐུབ་པ་ཡོང་གི་མ་རེད་སྙམ། གཙོ་བོ་མི་མང་ཚོས་ཁུར་བླངས། དོ་སྣང་བྱས། ངོ་མའི་ཁ་ཡོད་ལག་ཡོད་ཀྱི་ལས་དོན་གང་འདྲ་བྱས་ནས་བསྒྲུབ་དགོས་པ་དང༌། བྱེད་ཐབས་གང་དང་གང་ཡོད་ཐད་ཚང་མས་ཕྱར་བ་གྲུ་འདེགས་དང་ཁུར་མཉམ་ལེན་གྱིས་འགྱངས་འཐེན་ཕུགས་གསུམ་གྱི་བསམ་བློ་བཏང་ནས་གོ་བསྡུར་བྱེད་དགོས དངོས་གཞིའི་ཐག་གཅོད་ནི་དངོས་ཡོད་གནས་ཚུལ་ལ་ལྟ་གིན་ལྟ་གིན་བྱས་ནས་བྱེད་རྒྱུ་རེད།

བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སྙིང་ལ་རུས་པ་བཅུག་ནས་ཨུ་ཚུགས་རྒྱག་རྒྱུའི་དུས་ཚོད་ལ་སླེབས་ཡོད།

མཇུག་ཏུ་བར་སྐབས་ངོས་རང་གཟུགས་པོ་མི་བདེ་བ་བྱུང་བ་དེ་ནི་མཁྲིས་པར་རྡོ་ཆགས་ཏེ་ལོ་མང་པོ་ཕྱིན་པའི་མཁྲིས་ནད་རྙིང་པ་ཞིག་རེད། ཐ་མ་མཁྲིས་རྡོ་གཤག་བཅོས་བྱས་ཏེ་བཏོན་པ་ཧ་ཅང་ཡག་པོ་བྱུང༌། ད་ཆ་བདུན་ཕྲག་གཉིས་ཙམ་སོང་སྟེ་གཟུགས་པོ་བདེ་ཐག་ཆོད་ཡོད། ཁ་སང་ངོས་རང་སྨན་ཁང་ནས་ཐོན་ཏེ་ལྡི་ལིའི་བོད་ཁྱིམ་དུ་ཚུར་ཡོང་སྐབས་མ་ཅུན་ཀྲི་ལའི་བོད་པ་མང་པོ་ཞིག་སླེབས་འདུག་པ་ཚང་མས་དགའ་བརྩེའི་རྣམ་འགྱུར་དང༌། དངོས་གནས་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཤ་ཚའི་རྣམ་འགྱུར་ཟོལ་མེད་བསྟན་པར་ཧ་ཅང་དགའ་པོ་བྱུང༌། དེ་རྗེས་དྷ་རམ་ས་ལར་འབྱོར་སྐབས་ཀྱང་ཁྱེད་རང་ཚོ་མི་མང་ཡོངས་རྫོགས་ཀྱིས་བཅོས་མིན་དགའ་སྤྲོ་ཆེན་པོས་ངོས་རང་བསུ་བ་བྱས་པར་ཧ་ཅང་དགའ་པོ་བྱུང༌། ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན།

དེ་བཞིན་རྒྱ་གར་ནང་ཡོད་པའི་གཞིས་སྒར་ཁག་ནས་ཞབས་བརྟན་བསྒྲུབ་རྒྱུ་དང་སྨོན་ལམ་རྒྱག་རྒྱུ་སོགས་མང་པོ་བྱས་འདུག གཞིས་ལུས་བོད་རྒྱ་ཆེའི་མི་མང་ལ་ཆ་བཞག་ནའང་དེ་དེ་བཞིན་བྱས་ཏེ། ངོས་ན་གི་ཡོད་པ་དང༌། སྨན་ཁང་ནང་སྨན་བཅོས་བྱེད་ཀྱི་ཡོད་པའི་གནས་ཚུལ་གོ་དུས་སེམས་ཁྲལ་བྱེད་པ་དང་དོ་སྣང་བྱེད་མཁན་མང་པོ་བྱུང་འདུག ཁྱེད་རང་ཚོ་ཚང་མས་སེམས་ཁུར་བྱས་པར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། དེ་ཙམ་དུ་མ་ཟད་ང་ཚོའི་ངོ་ཤེས་གྲོགས་པོ་རྒྱ་གར་ནང་ཡོད་པ་དང༌། ཕྱི་རྒྱལ་ནང་ཡོད་པ་མང་པོ་ཞིག་གིས་སེམས་ཁུར་དང་དོ་སྣང་ཆེན་པོ་བྱས་བྱུང༌། ཚང་མར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན།

ད་ཆ་ནད་རྙིང་གཙང་མ་ཆགས་ཏེ་གཟུགས་པོ་གསོ་རྒྱུ་ཙམ་མ་གཏོགས་གཞན་བདེ་ཐང་ཡིན། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ཏེ་སྡོད་རོགས། མཐའ་དོན་གོང་དུ་ཞུས་པ་བཞིན་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་སྙིང་ལ་རུས་པ་བཅུག་ནས་ཨུ་ཚུགས་རྒྱག་རྒྱུའི་དུས་ཚོད་ལ་སླེབས་ཡོད། ང་ཚོའི་འཐབ་རྩོད་ནི་གོང་དུ་བརྗོད་པ་ལྟར་བདེན་དོན་ཡིན་པ་དང༌། འཚེ་མེད་ཞི་བའི་ལམ་ལ་འགྲོ་རྒྱུར་ང་ཚོར་རྒྱུ་མཚན་དང༌སྤོབས་པ་ཡོད། ཕར་ཕྱོགས་རྒྱ་ནག་གུང་ཁྲན་རང་ལ་བདེན་པ་མེད་སྟབས་འཚེ་བའི་ལམ་ལ་ཞུགས་ནས་དྲག་གནོན་བྱེད་ཀྱི་ཡོད། ང་ཚོས་འཚེ་མེད་ཞི་བའི་ལམ་ལ་འགྲོ་བ་འདི་མུར་མཛོག་བསྒོངས་ནས་སྐད་རྒྱག་རྒྱུ་དེ་མིན། འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བདེན་པ་བདེན་ཐོག་ཏུ་འཁྱོལ་བ་བྱེད་པ་ལ་ཤེས་བྱ་ཡོན་ཏན་དགོས་པ་ཡིན།

ཤེས་བྱ་ཡོན་ཏན་དེ་ཡང་བྱམས་པ་དང༌། སྙིང་རྗེ། སྟོང་ཉིད་ཀྱི་ལྟ་བ་ཡོད་པ་དེ་གཅིག་པུས་མི་འགྲིགས་པར། དེང་དུས་ཀྱི་ཤེས་ཡོན་ཡོད་དགོས། དེ་ཡང་དེང་དུས་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་དང༌། རྒྱལ་སྤྱིའི་འགྲོ་སྟངས་སོགས་མང་པོ་ཞིག་ཤེས་དགོས་པ་དང༌། དེ་བཞིན་རྒྱལ་རབས་ལོ་རྒྱུས་ཆ་ཚང་ཤེས་པའི་ཐོག་ནས་བདེན་དོན་རྩོད་དགོས་པས་ཡོན་ཏན་མང་པོ་ཤེས་པ་ཞིག་མ་བྱུང་ན་ལྷག་བསམ་ཡིན་བསམས་པ་གཅིག་པུས་བདེན་པ་བདེན་ཐོག་ཏུ་འཁྱོལ་བ་བྱེད་མི་ཐུབ། ཤེས་བྱ་ཡོན་ཏན་ལ་དོ་སྣང་བྱེད་རྒྱུ་ནི་ང་ཚོའི་སྲོག་རྩར་ཐུག་ཡོད།

མི་སྒེར་གྱི་མི་ཚེ་བསྐྱལ་རྒྱུར་ཤེས་བྱ་ཡོན་ཏན་དགོས་ལ། སྤྱི་ཚོགས་ཤིག་གི་དོན་དང་ལྷག་པར་མི་རིགས་ཤིག་གི་འཐབ་རྩོད་ལ་དེ་བས་ཤེས་བྱ་ཡོན་ཏན་དགོས་པ་ཡིན། འཛམ་བུ་གླིང་སྤྱི་ལ་ཤེས་བྱ་ཡོན་ཏན་དགོས་ཀྱང༌། འཛམ་བུ་གླིང་ལ་མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པ་དེའི་ནང་གི་མི་ཉམ་ཐག་སྐྱོ་པོ་རྣམས་ལ་དངུལ་མེད་དུས་ཤེས་བྱ་ཡོན་ཏན་སློབ་སྦྱོང་ལ་འཐུས་ཤོར་ཆེན་པོ་སོང་སྟེ། དེ་འདྲའི་རྐྱེན་པས་ལུང་པའི་ནང་ཁྲིམས་ཀྱི་ཐོག་ནས་འདྲ་མཉམ་དང༌། རང་དབང་ཐོབ་ཐང་གཅིག་གྱུར་ཡོད་པ་ཡིན་ནའང༌། ལག་ལེན་ངོ་མའི་ཐོག་ཡོན་ཏན་གྱི་ཐོག་ནས་ཁོད་མ་སྙོམས་པ་དང༌། དངུལ་གྱི་ཐོག་ནས་ཁོད་མ་སྙོམས་པའི་དཀའ་ངལ་འཕྲད་ཀྱི་ཡོད། དེར་བརྟེན་འཛམ་གླིང་སྤྱི་ལ་བལྟས་ནའང་ཤེས་བྱ་ཡོན་ཏན་ཧ་ཅང་གལ་ཆེན་པོ་ཡིན། ཡང་ཕྱིའི་དངོས་པོ་དང་འབྲེལ་བའི་ཤེས་བྱ་ཡོན་ཏན་གཅིག་པུ་མ་ཡིན་པར། ནང་བསམ་བློ་ཞི་དུལ་གྱི་ཡོན་ཏན་དང་འབྲེལ་ཐུབ་པ་ཞིག་བྱུང་ན། རང་སྐྱིད་ལ་རོགས་སྐྱིད་པ། འཕྲལ་ཕུགས་གང་ལའང་ཕན་བདེ་ཡོང་རྒྱུ་ཡིན་པ་འདི་ཁྱེད་རང་ཚོ་ཚང་མའི་སེམས་ལ་བཞག་རོགས། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སྩལ།། །།