བློ་བཟང་བྱང་སེམས། འཛིན་གྲྭ་དགུ་པ། རྫོང་དཀར་ཆོས་སྡེ་སློབ་གྲྭ།

གནམ་སྔོན་པོའི་དཀྱིལ་ན་སྤྲིན་དཀར་ལང་ལོང་གཡས་གཡོན་དུ་འགྲོ་བཞིན་པའི་སྐབས། འོག་ཏུ་རི་དང་ནགས་ཀླུང་ཐམས་ཅད་ལྗང་ཐིང་ངེར་ཡོད་པ་དང་། དེ་དང་དེའི་དཀྱིལ་གྱི་གཤོངས་ན་འབབ་ཆུ་ལྷུང་ལྷུང་འབབ་ཅིང་། ཆར་བ་ཟིམ་ཟིམ་འབབ་བཞིན་པའི་དཔྱིད་དུས་སུ། ཁོ་བོ་འཇིག་རྟེན་འདིར་མིའི་ལུས་སུ་བཙས། སྐྱེ་ས་དེའི་ཡུལ་མི་རྣམས་བྱམས་སེམས་ཆེན་པོ་ཡོད་པ་དང་། བདག་ལའང་བཀའ་དྲིན་ཆེན་པོ་ཡིན། གང་ཡིན་ཞུ་ན། ཡུལ་མི་རྣམས་ཞིང་ལས་སོགས་བྱེད་དུས་ཕན་ཚུན་རོགས་རེམ་བྱེད་ཅིང་། ཞབས་བྲོ་མཉམ་འཁྲབ་དང་། སྐྱིད་སྡུག་མཉམ་མྱོང་གནང་གི་ཡོད།
ཡང་སྐབས་འགར་ཞིང་ལས་བྱེད་དུས་གླུ་སྙན་པོ་ལེན་ནས་གྲོང་གསེབ་ཀྱི་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་ནས་སྡོད་ཀྱི་ཡོད། དེ་ཐམས་ཅད་གཙོ་བོ་སྔོན་ལས་བཟང་པོའི་རྣམ་སྨིན་ལ་བརྟེན་ནས་འོང་བ་དང་། གཉིས་པ་ནི་མེས་པོ་རྣམས་ཀྱི་གཤིས་ལུགས་བཟང་པོ་དང་ཡུལ་མི་དེ་དག་གི་སྤྱི་མཐུན་བསོད་ནམས་ལས་བྱུང་བ་ཡིན། རླུང་བསིལ་པོ་དང་ཁོར་ཡུག་བཟང་པོ་འདིའི་འོག་ནས་དྲིན་ཆེན་ཕ་མ་ནས་བདག་ལ་བྱམས་བརྩེས་བསྐྱངས། ངའི་བྱམས་བརྩེ་ཡི་བདག་པོ་དང་བྱམས་བརྩེ་ཡི་དགེ་རྒན་དེ་ཡང་ཁོང་རྣམ་པ་གཉིས་ཡིན། ད་ལྟ་ང་ལ་ངོམ་རྒྱུ་ཡོད་པའི་ཟ་ལུགས་དང་། སྡོད་ལུགས། འགྲོ་ལུགས་བཟང་པོ་ཏིལ་འབྲུ་ཙམ་ཡོད་པ་ཐམས་ཅད་ཁོང་གཉིས་ལས་བྱུང་བ་ཡིན། དེ་ནི་གླིང་འདིར་འཚོ་ཞིང་གནས་པའི་མི་ཡོངས་ཀྱི་གནས་སྟངས་གཅིག་མཚུངས་ཡིན་ལ། དེ་ནི་འཇིག་རྟེན་ཁ་དཔེ་ལྟར་ཆུ་མགོ་གངས་ལ་ཐུག་པ་ལྟར་ཡིན་སྙམ། མ་ཟད་ཁོང་རྣམ་གཉིས་ཀྱིས་བདག་ལ་རིན་ཐང་བྲལ་ཞིང་གསེར་ལས་ལྷག་པའི་བྱམས་པ་དང་བརྩེ་བ་སྦྱིན། གལ་ཏེ་ཆུང་དུས་སྐབས་སུ་ཁོང་གཉིས་ཀྱི་བྱམས་བརྩེ་དང་ཉིན་གཅིག་བྲལ་བ་ཡིན་ན་བན་ཆུང་ང་གསོན་པོར་སྡོད་རྒྱུ་མེད་པ་སོམ་ཉི་མེད། གལ་ཏེ་བྱམས་བརྩེ་དང་བྲལ་ནས་གསོན་པོར་བསྡད་ན་ཡང་ཆུ་རྒྱུན་ལྟར་ངེས་མེད་སྤྲང་འཁྱམ་བྱེད་དགོས་བྱུང་ཡོད་སྲིད།
འདིར་ཕ་མའི་བྱམས་བརྩེས་བསྐྱངས་ཚུལ་་ཁ་ཤས་ཤིག་བཤད་པ་ཡིན་ན། དང་པོ། ནང་པའི་ཆོས་ཀྱི་ནང་གསུངས་པ་ལྟར་མའི་མངལ་ནང་ཞུགས་དགོས་པ་ལ་མ་བུའི་ལས་དང་། བུའི་རྣམ་ཤེས། མའི་མངལ་འཕྲོ་བརླག་སོང་མེད་པ་ཞིག་དགོས། མངལ་དེའི་ནང་ཕྲུ་གུ་ཆགས་དུས་མེར་པོ་དང་། ནུར་པོ། སྟར་པོ།མཁྲང་འགྱུར་ལ་སོགས་པ་ཆགས་ཚར་དུས་ཡང་བུ་དེར་མངལ་གྱི་ནང་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་གི་ཡོད་དེ། དཔེར་ན། མ་ཡིས་ཁ་ཟས་ཚ་པོ་ཟ་དུས་མེ་ཡི་ནང་སྲེག་པ་ལྟ་བུའི་སྡུག་བསྔལ་མྱང་གི་ཡོད། མར་ཉལ་བའི་སྐབས་སུ་བྲག་གཉིས་ཀྱི་བར་ཚུད་པ་ལྟ་བུའི་སྡུག་བསྔལ་མྱོང་དགོས་པ་སོགས་མང་པོ་ཡོད་དེ། མ་ཡིས་དེ་འདྲའི་སྡུག་བསྔལ་ཐམས་ཅད་མཁྱེན་ནས་མ་རང་གིས་འདོད་པའི་ཟས་ཞིམ་པོ་ཅི་ཡོད་ཀྱང་འཛེམས་ཀྱིན་ཡོད། དཔེར་ན། གལ་ཏེ་རང་ལ་གཞན་གྱིས་བརྡུང་བ་དང་། རྐྱེན་ངན་པ་ཞིག་་གི་དབང་དུ་ཤོར་དུས་ལམ་སང་ཁ་ནས་ཨ་མ་ཞེས་རང་བཞིན་གྱིས་ཐོན་པ་དེ་ཨ་མར་འཇིགས་པ་ལས་སྐྱོབ་པའི་ནུས་པ་ཡོད་རུང་མེད་རུང་མ་དྲིན་ཆེན་དང་བློ་ཐག་ཉེ་ཤོས་ཡིན་པའི་བརྩེ་བ་མཚོན་གྱི་ཡོད།

མངལ་དུ་ཉིང་མཚམས་སྦྱར་ནས་མ་བཙས་བར། །
རང་ལུས་བྲག་ལྟར་ལྗིད་ཆགས་ཁུར་དུ་འཁྱེར། །
དཀའ་ཚེགས་དུ་མ་ཁྱད་གསོད་རབ་མཛད་པ། །
ཨེ་མ་མ་ཡུམ་བཀའ་དྲིན་མི་ཆེ་འམ། །

དེ་དང་ལྷན་དུ་ཞོར་ལ་དགེ་བའི་བཤེས་གཉེན་གྱི་བྱམས་བརྩེ་དང་བཀའ་དྲིན་གྱིས་ཇི་ལྟར་བསྐྱངས་བ་ཐུང་ངུ་ཞིག་འབྲི་བར་འདོད། ཁོ་བོར་རྒན་ལགས་ཀྱིས་ཆུང་དུས་སྐབས་སུ་བྱམས་བརྩེས་མང་པོ་བསྐྱངས་ཡོད་ཅིང་། དེ་བཀའ་དྲིན་ཆེ་ཤོས་ཡིན་པ་ཤེས་ཆེད་དུ་་སྒྲུང་གི་ཚུལ་དུ་འཆད་པར་འདོད། ངའི་རེ་བར་ཁྱེད་རྣམས་ལ་སྙན་པོ་ཡོང་བ་དང་འཕོ་འགྱུར་ཐེབས་པའི་རེ་བ་མཆིས། དེ་ནི་ང་ཆུང་དུས་སྐབས་རྐུན་མ་རྒྱག་རྒྱུར་དཔེ་མི་སྲིད་པའི་དགའ་པོ་ཡོད། ཁོ་བོའི་བསམ་པར་དེ་རྣམས་སྔར་གོམས་པའི་དབང་གིས་ཡོང་ཡིན་པ་འདྲ། དཔེར་ན། སྤྱོད་འཇུག་ལས། གོམས་ན་སླ་བར་མི་འགྱུར་བའི། ། དངོས་དེ་གང་ཡང་ཡོད་མ་ཡིན། །གསུངས་པ་ལྟར། ཉིན་མང་པོར་རྐུན་མ་བརྒྱབས་དུས་རྒན་ལགས་ཀྱིས་བསླབ་བྱ་ཡང་ཡང་བསྐྱོན་གྱི་ཡོད་། སྐབས་དེར་སོ་སོར་ཕྲུ་གུའི་སྣང་བ་ཡོད་སྟབས་བསླབ་བྱ་དེ་དག་ལ་མི་ཉན་པར། ཡང་བསྐྱར་རྐུན་མ་བརྒྱབས་ནས་མཐར་རྒན་འུ་ཐུག་ནས་ཉེས་རྡུང་ཚད་མེད་བཏང་སོང་། དུས་དེ་ནས་བཟུང་སྟེ་ཁོ་བོས་རང་གི་ཅ་ལག་མིན་པར། གཞན་དངོས་གང་ལའང་ལག་པ་འཆང་དུས་མེ་ལ་བསྲེག་པ་ལྟ་བུའི་ཚོར་བ་བྱུང་། དུས་དེ་ནས་བཟུང་མི་གཞན་གྱི་ཅ་ལག་རྐུན་མ་བརྒྱབ་མེད་ཟེར་ནས་སྤོབས་པ་ཆེན་པོའི་ངང་ཞུ་ཐུབ།
དེ་བཞིན་བདག་གི་དགེ་བའི་བཤེས་གཉེན་གྱིས་གསལ་བྱེད་ཀ་ནས་ཨའི་བར་སློབ་པ་ལ་སོགས་པ་དེ་སྨོས་ཅི་དགོས། དེ་དང་དེ་འདྲ་བའི་བཤེས་གཉེན་སེར་སྐྱ་སུ་ཡིན་རུང་དེ་རྣམས་ཐམས་ཅད་རང་ཉིད་ཀྱི་ལུས་ལས་ཀྱང་གཅེས་པར་འཛིན་ན་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་རྒྱུ་ཉག་གཅིག་རེད། དཔེར་ན། རྒྱལ་སྲས་ཐོགས་མེད་བཟང་པོས་བརྩམས་པའི་ལག་ལེན་སོ་བདུན་མའི་ནང་། གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང་། །

ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི། །
བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང་། །

གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན། ། ཅེས་གསུངས། རྒྱལ་སྲས་ལག་ལེན་རེད་ཟེར་བ་དེ་མཚོན་པ་ཙམ་མ་གཏོགས་སུས་ལག་ལེན་བྱེད་ཐུབ་ན་བྱེད་ན་འགྲིག གཞན་ཡང་རྗེ་རིན་པོ་ཆེས། ལམ་རིམ་ཆེ་ཆུང་ལས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ།
བསྟེན་ནས་བློ་ཇི་ལྟར་སྦྱངས་བའི་ཚུལ། ། ཞེས་སོགས་གསུངས། བཤེས་གཉེན་བསྟེན་པ་ལ་བརྟེན་ནས་བློ་སྦྱངས། དེ་བྱས་པ་ལ་བརྟེན་ནས་རིམ་བཞིན་ཐར་པ་ཐོབ་རྒྱུ་ཡོད་པ་དེ་ལས་ལྷག་པའི་བྱམས་བརྩེས་བསྐྱངས་བའི་བཀའ་དྲིན་ཅན་ཞིག་སུ་ཡོད། དེ་དང་དེ་འདྲ་བ་ཚེ་སྔོན་ལ་ཡང་བུ་གཅིག་ལྟ་བུར་བྱམས་བརྩེས་བསྐྱངས་བའི་བཀའ་དྲིན་ཅན་གྱི་ཕ་མ། དགེ་རྒན། གྲོགས་པོ་སོགས་མང་པོ་ཡོད།
ངའི་བསམ་པར་རང་གི་དགྲ་དེ་ཡང་བཀའ་དྲིན་ཅན་ཞིག་ཡིན་པ་འདྲ་བོ་འདུག གང་ཡིན་ཟེར་ན། དཔེར་ན། རང་གི་ཁྱིམ་མཚེས་དང་དགྲ་ཡིན་པ་ཆ་བཞག རང་གི་སྤུན་མཆེད་ཡོད་དུས་རང་ཉིད་ནད་པ་ཆགས་ན་དེས་ལྟ་རྟོག་བྱེད་ཀྱི་རེད། གལ་ཏེ་སྤུན་མཆེད་རྣམས་རང་གི་ས་ནས་ཐག་རིང་པོར་ཕྱིན་པ་དང་། རང་གི་དགྲ་བོ་རང་གི་ཁྱིམ་མཚེས་སུ་གཅིག་པུར་ལྷག་དུས། རང་ནད་པ་ཆགས་ན་སུ་ལ་རེ་དགོས་སམ། དེ་དུས་ཁྱིམ་མཚེས་དེ་མ་གཏོགས་གཞན་གྱིས་རོགས་རམ་བྱེད་ཐུབ་དཀའ། དེར་བརྟེན་རང་གི་དགྲ་བོ་དེ་ཡང་བཀའ་དྲིན་ཅན་དུ་འགྱུར་སྲིད་པ་གཅིག་དང་། དེ་ནས་རང་གི་དགྲ་དེ་བཀའ་དྲིན་ཅན་ཡིན་པའི་རྒྱུ་མཚན་གཉིས་པ་ནི། དེ་འདྲའི་དགྲ་བོ་དང་ཕྲག་དོག་བྱེད་མཁན་མེད་པ་དང་། འཛམ་གླིང་གང་པོ་བཟང་སྤྱོད་ལྡན་མཁན་ཡིན་ན་བཟོད་པའི་ཉམས་ལེན་བྱ་རྒྱུ་གོ་སྐབས་དང་བྲལ། དེ་འདྲ་ཡོད་ན་གནས་སྐབས་བདེ་སྐྱིད་ལྡན་པ་ཞིག་ཡོང་གི་རེད། ཡིན་ནའང་དེ་འདྲའི་གནས་སྐབས་ཀྱི་བདེ་བར་རང་སེམས་ཆགས་ནས་གཏན་གྱི་བདེ་བ་སྒྲུབ་བྱེད་ཀྱི་རྒྱུ་ས་ལམ་གྱི་ཡོན་ཏན་ཐོབ་རྒྱུ་ཁག་པོ་དང་། ཐོབ་ཟིན་ཡང་གོང་འཕེལ་འགྲོ་ཐུབ་དཀའ་བོ་ཡིན་པ་ཉག་གཅིག་རེད། བྱང་ཆུབ་ཀྱི་སེམས་སྒོམ་མཁན་བྱང་ཆུབ་སེམས་དཔའ་ཚོས་རང་གི་དགྲ་བོ་རྣམས་རིན་ཆེན་གཏེར་དང་འཕྲད་པ་ལྟ་བུར་གཅེས་འཛིན་བྱེད་ཀྱི་ཡོད། དཔེར་ན། དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ནང་།

རང་བཞིན་ངན་པའི་སེམས་ཅན་རྣམས། །
སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །
རིན་ཆེན་གཏེར་དང་འཕྲད་པ་བཞིན། །
རྙེད་པར་དཀའ་བས་གཅེས་འཛིན་ཤོག། ཅེས་གསུངས།

དེ་རྣམས་ཅི་བྱས་ནས་གསུངས་ཡོད་ཟེར་ན། སྡིག་སྡུག་དྲག་པོ་ནོན་མཁན་དགྲ་བོ་སུ་ཡིན་དང་། དེ་ལས་གཞན་སེམས་ཅན་སུ་ཡིན་རུང་ཕ་མ་མ་བྱས་པ་མེད་པ་དང་། སྐྱེ་བ་ཐོག་མ་མེད་པ་ནས་ད་བར་བྱམས་བརྩེས་བསྐྱངས་ཡོད་པ་ཤ་སྟག་ཡིན་པ་བསམ་པ་སྦྱངས། དེར་བརྟེན་ངེད་ཅག་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན་ཡིན་ཟེར་ན་མ་འགྲིག་པ་མི་འདུག་བསམ་གྱི་ཡོད། །