བློ་བཟང་ཆོས་འཁོར། འཛིན་གྲྭ་དགུ་པ། རྫོང་ཆོས་སློབ་གྲྭ།

ཡོན་ཏན་ཀུན་གྱི་གཞི་གྱུར་དྲིན་ཅན་རྗེ། །
ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །
ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །
གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །

ཀ་མད་སུམ་ཅུའི་ངོ་མཚར་ཡོན་ཏན་སོགས། །
ཁ་ཞེ་གཉིས་མེད་བདག་ལ་ལམ་སྟོན་མཛད། །
ག་དུས་ཡིན་ཡང་ཡོངས་ལ་ཐུགས་ཁུར་བཞེས། །
ང་ཡི་དགེ་བའི་བཤེས་གཉེན་གཙུག་ཏུ་མཆོད། །

རིག་པའི་གཞུང་གི་དཀའ་བའི་གནད་དག་ལ། །
གདུང་ཞིང་དུབ་པའི་མི་ཤེས་རྨོངས་པའི་ཡིད། །
ཆེད་དུ་གཞོམ་པར་ངལ་བ་བསྟེན་མཛད་པའི། །
ཡོན་ཏན་གཞི་གྱུར་ཁྱོད་ནི་སྙིང་གི་ནོར། །

སྤྱིར་ས་ཆེན་གོ་ལ་འདིའི་སྟེང་དྲིན་ཆེན་ཕ་མ་ནི་ཆེས་བཀའ་དྲིན་ཆེ་བ་ཞིག་ཡིན། ཅིའི་ཕྱིར་ཞེ་ན། ཕ་མས་མངལ་ནང་ཟླ་དགུ་ཞག་བཅུ་ལྷག་ཙམ་གཅེས་ཉར་བྱས། མ་རང་ཉིད་ཆེས་ཤིན་ཏུ་དགའ་བའི་ཟས་རིགས་སྣ་ཚོགས་ལ་འཛེམས་ཟོན་བྱས་ནས་ཕྲུ་གུར་གཙོ་བོར་དམིགས་ནས་ཟ་བཏུང་བྱེད་ཀྱི་ཡོད། ཕྲན་ཕ་མ་དང་ལྷན་ལོ་ན་བདུན་ཙམ་བཤིབས་པའི་རིང་ཡོངས་གྲགས་འཇིག་རྟེན་ཁ་དཔེ་རུ་ཟ་ལུགས་འགྲོ་ལུགས་སྡོད་ལུགས་གསུམ། དྲིན་ཅན་ཕ་མའི་བསླབ་བྱ་ཡིན་ཞེས་པའི་བྱིས་དུས་སུ་བསླབས་པས་བདག་གི་དྲིན་ཅན་ཕ་མ་ནི་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པར་མངོན། དེ་ལས་ཀྱང་བཀའ་དྲིན་ཆེ་བ་ནི་ད་ལྟ་རང་ཉིད་ཀྱི་གྲོགས་དགེ་བའི་བཤེས་གཉེན་ཆགས་ཡོད། རྒྱུ་མཚན་ནི། ང་ཆུང་དུས་ནས་ཕ་མ་དང་སྙིང་ཉེ་བའི་སྤུན་མཆེད་མཐའ་དག་བྲལ་ནས་སྔོན་ཚེ་བསོད་ནམས་ཀྱི་རྣམ་སྨིན་བཟང་པོའམ་བསོད་ནམས་ཀྱི་རྒྱབ་རྟེན་གྱིས་ཁྱིམ་པའི་བྱ་བ་རྣམས་དབྱུང་ནས་ས་ཐག་རིང་བའི་གནས་ཆེན་དགོན་པ་གྲྭ་ཚང་ནང་དུ་སློབ་གཉེར་བྱ་རྒྱུའི་གོ་སྐབས་སམ་སྐལ་བཟང་ཅིག་འཆར། དེའི་ནང་ནས་རབ་བྱུང་གི་སྡོམ་པ་ཐོག་མར་དགེ་ཚུལ་གྱི་སྡོམ་པ་བླངས་ནས་སངས་རྒྱས་དང་ངོ་བོ་དབྱེར་མེད་པའི་གྲོགས་དགེ་བའི་བཤེས་གཉེན་དང་ཞལ་མཇལ་བྱུང་བས་ཐོག་མ་དེ་ལ་དགའ་སྤོབས་ཆེན་པོ་སྐྱེས་བྱུང་། དེ་རྗེས་ངེད་གཉིས་ཀྱི་དམ་ཚིག་མཐུན་པས་ལོ་ངོ་མང་པོ་སོང་བའི་དུས་ད་ལྟའི་བར་ལྷན་ཅིག་ཏུ་གནས་པའི་སྐལ་བཟང་བྱུང་བ་མ་ཟད་དགེ་བའི་བཤེས་གཉེན་གྱིས་འགྲོ་བ་ཀུན་གྱི་མཐར་ཐུག་གི་ཐོབ་བྱ་གཏན་གྱི་བདེ་བ་རྙེད་པའི་ཞིང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་མ་ནོར་བར་སྟོན་པ་པོ་ནི་དགེ་བའི་བཤེས་གཉེན་ཆེན་པོ་མཆོག་ཡིན། ཁོང་ནི་སྐྱབས་གནས་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ལ་ངོས་ལེན་བྱེད་ཀྱི་ཡོད། ཁོང་གི་ཁྱད་ཆོས་སམ་ཡོན་ཏན་ནི་འབྱམས་ཀླས་འགྱུར་ཀྱང་ཅུང་ཟད་ཅིག་་ཚིགས་བཅད་ལམ་དུ་བརྗོད་ན།

གཞུང་དོན་མཁྱེན་རྒྱ་ཡངས་པའི་རྣམ་དཔྱོད་ལྡན། །
ཆོས་བརྒྱད་དབང་དུ་མ་སོང་དོན་ཆེན་སྒྲུབ། །
བླ་མ་ཁྱེད་ཀྱི་རླབས་ཆེན་མཛད་བཟང་འདི། །
རྗེས་འཇུག་སློབ་མ་བདག་གི་ལམ་སྟོན་གྱུར། །

ཕྲན་ལོ་ན་བདུན་ལ་སོན་སྐབས་རྣམ་དཔྱོད་ཀྱི་འགྲོ་ལུགས་རྡུལ་ཕྲན་ཙམ་ཡང་མི་ཤེས་པའི་སྐབས་སུ་བདག་གི་དགེ་བའི་བཤེས་གཉེན་ཆེན་པོའི་འོག་ཏུ་འཚར་ལོངས་བྱུང་བ་ཞིག་ཡིན། ཁོང་ནི་ཕྲན་ལྟ་བུ་ལ་མཚོན་ན་བཀའ་དྲིན་བརྗོད་པར་དཀའ་བ་ཞིག་ཏུ་གྱུར་ཡོད། གྲྭ་ཚང་འདིའི་ནང་ཀུན་སློང་བཟང་པོའི་ཐོག་ནས་ཆོས་ཀྱི་སློབ་གཉེར་བྱ་རྒྱུའི་ཐོག་བཀའ་སློབ་ལམ་སྟོན་མི་ཉུང་བ་ཞིག་བསྩལ་ནས་ཐོག་མར་ཀ་མད་སུམ་ཅུ་ཀ་ཁ་ག་ང་དང་སྦྱོར་ཀློག་གི་རྨང་གཞི་བསླབས་པ་དང་དེ་ནས་རིམ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སུམ་ཅུ་པའི་གཞུང་དང་རྟགས་འཇུག་གི་གཞུང་། དག་ཡིག སྙན་དངགས་ཀྱི་གཞུང་ལ་སོགས་སྦྱོང་བའི་མཐུན་རྐྱེན་འཛོམས་པོ་སྣ་མང་བསྐྲུན། མི་ཚེའི་འགྲོ་ལུགས་དང་། སྤྱི་ཚོགས་ནང་སྤྱོད་པ་འཁྱེར་སོ་གཞན་དང་མཐུན་སྒྲིལ་བྱེད་སྟངས་ཁ་མིག་ཡར་བལྟ་ལ་སོགས་རྨང་གཞི་ནས་སློབ་གསོ་བསྐྱོན་པས་དགེ་བའི་བཤེས་གཉེན་ནི་ཆེས་བཀའ་དྲིན་ཆེ་ཞིང་མེད་དུ་མི་རུང་བ་ཞིག་ཡིན། ཁམས་གསུམ་གྱི་འཁོར་བའི་ནང་སྡུག་བསྔལ་ཁོ་ནས་བཅིངས་བ་མ་གཏོགས་བདེ་བ་ཅུང་ཟད་ཙམ་ཡང་མེད་པས་དེ་ལས་ཡར་ཐར་ཐབས་ཀྱི་བློ་ཡོད་པ་ཙམ་གྱིས་མི་འགྲིགས་ཏེ། གྲོགས་དགེ་བའི་མཤེས་གཉེན་ངེས་པར་དུ་བསྟེན་དགོས། གྲོགས་དགེ་བའི་བཤེས་གཉེན་མ་བསྟེན་པ་ལ་རྣམ་མཁྱེན་གྱི་གོ་འཕང་ཐོབ་རྒྱུ་མེད་པར་ངེས་པ་རེད། གང་གིས་ན་སྔོན་གྱི་སྐྱེས་ཆེན་ཞིག་གིས།

བླ་མ་མེད་པའི་གོང་རོལ་ན། །
སངས་རྒྱས་བྱ་བའི་མིང་ཡང་མེད། །
བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །
བླ་མ་དག་ལས་བྱུང་བ་ཡིན། །

ཞེས་གསུངས་ཡོད། དེར་མ་ཟད་ངེད་ཅག་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་མུན་ནག་སྨག་རུམ་ནང་ལུས་བསྡད་ཡོད། སྨག་རུམ་དེ་དག་སྨོན་ལམ་བཏབ་པས་སེལ་ཐབས་མེད། དེ་ནི་ཤེས་བྱ་ཡོན་ཏན་གྱི་སྒྲོན་མེ་སྤར་ནས་རང་རྒྱུད་ལ་ཡོད་པའི་ཉོན་མོངས་ཀྱི་དུག་ང་རྒྱལ་དང་ཧམ་སེམས་སོགས་སེལ་དགོས་པ་དང་། འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་རྣམས་ལ་སྙིང་པོ་མེད་པར་ཤེས་པས་ཆོས་ཀྱི་བྱ་བ་ཁོ་ན་ལ་བརྩོན་དགོས་པའི་གདམས་ངག་ཡང་ནས་ཡང་དུ་འབོབས་པར་མཛད། ངེད་རང་ལ་ཆ་མཚོན་ན་དགེ་བའི་བཤེས་གཉེན་གྱིས་མ་ལྟར་བསྐྱངས་པས་ད་ལྟའི་ཆ་ལ་ཕ་མ་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་ཏུ་གྱུར། ཁོང་གིས་དུས་རྟག་ཏུ་བདག་ལ་ལྷག་བསམ་རྣམ་པར་དག་པའི་ངང་ནས་སྐུ་ལས་ཚད་མེད་བསྐྱོན་གྱི་ཡོད། ཡིན་ཡང་མཚམས་རེར་ཕྲན་ཡང་ཉོན་མོངས་དུག་གསུམ་རྒྱུད་ལ་ལྡན་པའི་དབང་གིས་ལས་ནོར་ཤོར་ནས་དྲིན་ཆེན་ཁོང་ལ་ཐུགས་ཕམ་ཡང་ཡོང་གི་ཡོད་པས། སྐབས་དེར་དེ་མ་ཐག་ཁོང་སེམས་ཤུགས་མི་ཆགས་པའི་སླད་མི་བཟང་པོའི་ཁ་ཕྱོགས་སུ་བལྟས་ནས་མདུན་ལམ་གང་ལེགས་སུ་འགྲོ་རྒྱུར་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད། ཁོང་གི་འོག་ནས་བྱམས་པ་དང་བརྩེ་བས་བསྐྱངས་པས་བདག་གི་མི་ཚེར་འགྱུར་ལྡོག་ཆེན་པོ་ཐེབས་ཡོད། དཔེར་ན། ཆུང་ས་ནས་བཤད་ན་ང་ཚོ་འཇིག་རྟེན་འདིའི་ཐོག་དཀའ་ངལ་འཕྲད་སྲིད་པ་ཞིག་རེད། ཡིན་ཡང་དཀའ་སྡུག་མྱོང་ཚེ་དམའ་ཞུམ་པ་དང་སེམས་ཤུགས་ཆགས་པ་དེ་འདྲ་ཡང་ཡོང་སྲིད། ད་དུང་དེ་ལ་ལྐུགས་པ་ཨུ་ཚུགས་བྱས་ནས་བསྡད་ན་སོ་སོ་རང་ཉིད་དོན་མེད་མ་སྐྱིད་པ་ཆགས་པའི་ལས་ཏེ་དེ་ལས་ཐར་ཐབས་ཀྱི་འབད་བརྩོན་བྱེད་དགོས། འབད་བརྩོན་བྱས་ན་ཐར་མི་ཐུབ་པ་མེད་གསུངས་མྱོང་། རྒྱུ་མཚན་ནི་ང་ཚོ་མི་ཞིག་ཡིན་པས་སེམས་ཅན་གཞན་ལས་ཐུན་མོང་མ་ཡིན་པའི་རྣམ་དཔྱོདཅིག་ཡོད་པ་དེས་དཀའ་སྡུག་འཕྲད་སའི་རྒྱུ་དང་རྐྱེད་གང་འདྲ་ཞིག་ལ་ཐུག་ཡོད་མེད་བརྡར་ཤ་བཅད་ནས་དཀའ་ངལ་སེལ་ཐབས་བྱ་དགོས་པའི་བསླབ་བྱ་དེ་ཡང་བསྐྱོན་མྱོང་། སློབ་གསོ་དེ་ལྟར་གནང་བའི་ཐུགས་རྗེ་བཀའ་དྲིན་གྱིས་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པ་དང་རང་གི་སེམས་རྒྱུད་མ་རུངས་པ་ཕྲན་བུ་བཏུལ་ནས་བཟང་ཕྱོགས་སུ་བསྒྱུར་ཡོད་པས་ཕྲན་གྱི་ཚེ་གཅིག་གི་བརྒྱུད་རིམ་ནང་ཆེས་རླབས་ཆེ་བའི་མི་སྣ་བཀའ་དྲིན་ཆེ་ཤོས་ཤིག་ཏུ་གྱུར། ཁོང་གི་བཀའ་དྲིན་ནི་ནམ་མཁའི་ཉི་ཟླས་འཇིག་རྟེན་ཀུན་ལ་མུན་ནག་སེལ་ཐུབ་པ་བཞིན་བདག་ནི་ཤེས་སྒྲིབ་དང་ཉོན་སྒྲིབ་གཉིས་ཀྱིས་འཆིང་ནས་འཁོར་བ་ནང་ཐོག་མ་མེད་པ་ནས་ད་ལྟ་བར་ལུས་ནས་དེ་ལས་ཡར་ཐར་ཐབས་སླད་གྲོགས་དགེ་བའི་བཤེས་གཉེན་གྱིས་ལམ་གསལ་སྒྲོན་མེ་སྤར་བས་འཇིག་རྟེན་འཁོར་བའི་ནང་སྙིང་པོ་གཏན་ནས་མེད་པས་འཁོར་བའི་ནང་ནས་བྲལ་ཐབས་ཀྱི་བློ་ངང་ངམ་ཤུགས་ཀྱིས་བསྐྱེད་ཐུབ་པ་ནི་གོང་ན་མེད་པའི་བླ་མ་ཁྱེད་ཉིད་ཡིན་ནོ། དགེ་བའི་བཤེས་གཉེན་ནི་འགྲོ་བ་རྣམས་འཁོར་བའི་རྒྱ་མཚོ་ལས་ཐར་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགྲོད་པའི་ཐབས་ལམ་མ་ནོར་བ་སྟོན་པ་པོའམ་སྒྲོན་མེ་མིག་འབྱེད་ཁྱོད་ཉིད་ཡིན་པར་ངེས་པ་རྙེད། མཐའ་དོན་༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་སྐུ་ཚེ་བསྐལ་བརྒྱར་ཡུན་རིང་བརྟན་པ་དང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ས་ཕྱོགས་གང་སར་གོང་ནས་གོང་དུ་འཕེལ་བར་ཤོག།