རིན་ཆེན་རྡོ་རྗེ། འཛིན་རིམ་བཅུ་གཉིས། གོ་པལ་པུར་བོད་ཁྱིམ།
ཀློག་པ་པོ་ལགས། གོ་ལ་འདིའི་ནང་གནས་པའི་སྐྱེ་འགྲོ་ཡོངས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཡིན། དེར་བརྟེན་བདེ་པ་དང་འདོད་པ་ལ་ང་ཚོ་ཕན་ཆུན་གཅིག་གིས་གཅིག་ལ་གཅིག་མཚུངས་ཀྱི་འདུ་ཤེས་དང་། སུ་འདྲ་ཞིག་ཡིན་རུང་ཚང་མ་ལ་བྱམས་པ་དང་བརྩེ་བས་ལྟ་སྟངས་འཛིན་རྒྱུ་་ཤིན་ཏུ་གལ་ཆེ་སྙམ། དཔེར་ན། ཕ་མ་བུ་ཚ་རེས་མོས་ཡིན་གསུངས་པ་ལྟར་ཚང་མ་གཅིག་མཚུངས་སུ་འཛིན་ན་ད་ལྟའི་འཛམ་བུ་གླིང་འདི་བདེ་སྐྱིད་ཕུན་སུམ་ཚོགས་པའི་གོ་ལ་ཞིག་ཏུ་གྱུར་སྲིད། གལ་སྲིད་ངོ་མ་གོ་ལ་འདི་བྱམས་པ་དང་བརྩེ་བས་སྐྱོང་མཁན་གྱི་མི་སྣ་ཤ་སྟག་ཡིན་ན་ཅི་མ་རུང་། གང་ཡིན་ཞུས་ན་མི་ཡོངས་རྫོགས་ཕན་ཚུན་བྱམས་དང་བརྩེ་བའི་ངང་ཞི་བདེ་བག་ཕེབས་ཀྱི་འཚོ་བར་རོལ་སྲིད། ཀློག་པ་པོ་ལགས། གོང་དུ་ངས་བྱམས་པ་དང་བརྩེ་བའི་ཡིག་འབྲུ་གཉིས་ཇི་ཙམ་གྱི་འགུལ་ཤུགས་དང་ནུས་པ་གླེང་སྟེ། བརྗོད་གཞི་དངོས་གླེང་བར་བྱ། བདག་ནི་འཇིག་རྟེན་འདིར་ཐོག་མའི་ལྟེ་ཁྲག་འཕོས་པའི་ཉིན་དེ་ནས་ད་བར་ངའི་འཇིག་རྟེན་ནང་བྱམས་དང་བརྩེ་བས་བསྐྱངས་པའི་བཀའ་དྲིན་ཅན་མང་དག་ཅིག་ཡོད། ཁོང་རྣམས་ནི་ངའི་མི་ཚེའི་ནང་སྨག་རུམ་གྱི་སྒྲོན་མེ་ལྟ་བུ་ཡང་ཡིན།
འོན་ཀྱང་འཇིག་རྟེན་གྱི་ཆོས་ཉིད་ལྟར་སྐྱེས་བ་ཐམས་ཅད་མཐའ་མ་འཆི་རྒྱུ་བཞིན་འགའ་ཤས་བདག་དང་ཁ་གྱེས་ཏེ་འཇིག་རྟེན་ཕོ་རོལ་དུ་འདས་ཟིན་སོང་། ཁོ་ཚོ་ལ་གུས་པའི་ལུས་ངག་ཡིད་གསུམ་གྱིས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་། བདག་ལ་ཐུགས་ཁྲལ་གནང་མི་དགོས། ང་སྔར་རྒྱུན་བཞིན་བདེ་ཐང་ཡིན་ལ་ད་དུང་གུས་ནར་སོན་ནས་སོ་སོ་ལ་གཅེས་སྐྱོང་དང་སྐུལ་མ་གནང་ཐུབ་མཁན་ཞིག་ཆགས་ཡོད། ཁྱེད་ཅག་གིས་ང་ལ་བཅངས་པའི་རེ་བ་དང་ཕུགས་མདུན་རྣམས་བདག་གི་ཉིན་རེ་བཞིན་འབད་བརྩོན་བྱེད་བཞིན་ཡོད་ལ། དེ་བཞིན་མ་འོངས་བར་འགྱོད་པ་མེད་པ་ཞིག་བྱེད་རྒྱུ་ནི་ངས་ཁྱེད་རྣམས་ལ་བཞག་པའི་དམ་བཅའ་ཡང་ཡིན། སྟབས་ལེགས་པ་ཞིག་ལ་བདག་ལ་བྱམས་བརྩེ་བཀའ་དྲིན་ཅན་མང་དག་ཅིག་ད་དུང་བདེ་པོ་ཐང་པོའི་ངང་གནས་བཞིན་ཡོད། དང་པོ་བདག་གི་ཕ་མ་གཉིས། ཆེས་མཛེས་སྡུག་ལྡན་པའི་འཛམ་བུ་གླིང་འདིའི་ནང་སོ་སོའི་ཚེ་སྲོག་ལ་མ་འཛེམས་པར་བུ་ང་ཟླ་དགུ་ཁོག་པའི་ནང་དུ་ཉར། ཉིན་ལྟར་བསམ་བློ་ཞིག་བཏང་ཡང་བུ་ངའི་ཆེད་དུ་བཏང་། ཐ་ན་ཞིམ་མངར་གྱི་ཟས་ཤིག་ཡོད་ཀྱང་བུ་ང་དྲན། དེ་ནས་ཕ་མ་གཉིས་ཀྱིས་ཁོ་གཉིས་ནང་བཞིན་གནས་སྟངས་དང་འཚོ་བ་སྐྱོ་བོ་ཞིག་ཏུ་ལྷག་ཡོང་སྙམ་ནས། བུ་ང་རྒྱ་གར་འཕགས་པའི་ཡུལ་དུ་གཏོང་རྒྱུ་ཐག་བཅད། ཕ་མ་སུ་ཞིག་ཡིན་ཡང་སོ་སོའི་བུ་ཕྲུག་སོ་སོ་དང་བྲལ་ནས་མི་ཡུལ་ལུང་པར་གཏོང་འདོད་ཡོང་མཁན་སུ་ཞིག་ཡོད། ཡིན་ན་ཡང་བུ་ཕྲུག་གི་མདུན་ལམ་དང་མ་འོངས་བོད་ཀྱི་རྩ་དོན་ཆེད། འཕྲལ་ཕུགས་རྒྱང་གསུམ་ལ་བསམ་བློ་ཞིག་བཏང་ནས་ནང་གི་བུ་ལོན་ལ་འཛེམས་བར་མི་ཡུལ་ས་མཐར་མངགས། ད་ལོ་ལོ་ངོ་ཧྲིལ་པོ་བཅུ་གཅིག་ཕྱིན་ན་ཡང་ད་དུང་ཉིན་ལྟར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གནང་ནས་བུ་ངའི་མ་འོངས་མདུན་ལམ་བཟང་པོ་ཞིག་ཡོང་བའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན། ང་དང་ཕ་མའི་བར་་ལེ་བར་ག་ཚོད་ཡོད་ཀྱང་ཁྱེད་ཚོའི་སེམས་ཁྲལ་དང་སེམས་འཁུར་ནི་ནམ་ཡང་བདག་དང་བྲལ་ཐབས་མེད། སེམས་ཁྲལ་དང་སེམས་འཁུར་ཚང་མ་ཁྱེད་རྣམ་པ་གཉིས་ཀྱི་ཞལ་རས་ནས་ཤེས་ཐུབ་། ལོ་རེ་ནས་ལོ་རེ་གདོང་གི་གཉེར་མ་ཇེ་མང་རེད་འདུག བུ་ངའི་ཕུགས་འདུན་ནི་སྔོན་མ་ཆུང་དུས་བཞིན་ང་ཚོ་ནང་མི་ཚང་མ་ཧ་དང་ཧུར་གྱི་དུས་ཡུན་དེ་ཡང་བསྐྱར་་ག་དུས་སླེབས་ཡོང་བསམ་ནས་ཞི་མིས་ཙི་ཙི་སྒུག་པ་ལྟར་སྒུག་ནས་བསྡད་ཡོད།
གཉིས་པ་རྩ་བའི་བླ་མ།
རླབས་ཆེན་ཁོང་ནི་བདག་ལ་བྱམས་བརྩེས་བསྐྱངས་པའི་དྲིན་ཅན་རྣམ་པ་ཞིག་དང། དེ་བཞིན་སྐྱེ་འགྲོ་ཡོངས་ཀྱི་དྲིན་ཅན་ཡང་ཡིན། འཛམ་བུ་གླིང་འདིའི་ནང་སྙན་གྲགས་ཆེ་བའི་མི་སྣ་སྤྱན་རས་གཟིགས་གྱི་རྣམ་སྤྲུལ་སྤྱི་ནོོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ། ཁོོང་གིས་དགུང་ལོ་༡༦ ནས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཐུགས་འགན་བཞེས། རྒྱ་མི་དམར་པོས་དྲག་པོའི་བཙན་འཛུལ་བྱས་ཀྱང་༸གོང་ས་མཆོག་དང་བོད་གཞུང་གིས་ཞི་འགྲིག་ཡོང་ཐབས་ལན་མང་གནང་ཡང་། གྲུབ་འབྲས་མ་སོན་པའི་སྟེང་༸རྒྱལ་བའི་སྐུ་སྲོག་ལའང་ཉེན་འགན་བྱུང་བར་བརྟེན་བཙན་བྱོལ་དུ་མ་ཕེབས་ཀ་མེད་བྱུང། འདིར་སློབ་གྲྭ་དང་དགོན་སྡེ། གཞིས་ཆགས་ཁག་གསར་འཛུགས་གནང། དམིགས་བསལ་མ་འོང་བོད་ཀྱི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་ཉམས་པ་སླར་གསོ་མི་ཉམས་རྒྱུན་འཛིན་ཆེད། བོད་པའི་སློབ་གྲྭ་ཟུར་དུ་བཙུགས། དེ་ཙམ་མ་ཟད་ཡུལ་གྲུ་གཞན་ལ་ཕྱག་གཉིས་ཐལ་མོ་སྦྱར་ནས་རང་མི་རིགས་རྣམས་སྐྱབས་བཅོལ་ཞུས། ད་ལྟ་༸གོང་ས་མཆོོག་དགུང་ལོ་ཧ་ཅང་བགྲེས་པོར་ཕེབས་རུང། བོད་ཀྱི་ཆོས་དང་རིག་གཞུང། བོད་ཀྱི་བདེ་དོན་བོད་ཕྲུུག་གཞོན་སྐྱེས་ཚོའི་ཆེེད་དུ་སྐུ་ལས་ཚད་མེད་བསྐྱོན་བཞིན་ཡོད། མདོར་ན་ད་ལྟ་བོད་མི་རིགས་ཀྱི་འཚོ་བའི་གནས་སྟངས་ཇེ་བཟང་ངུ་ཕྱིན་འདི་དག་ཁུངས་གཏུགས་༸རྒྱལ་བའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་། བུ་ངས་ཉིན་ལྟར་ཁོོང་སྐུ་ཚེ་ཡུན་རིང་བརྟན་པ་དང་། སྐུ་ཚེ་ལ་བར་ཆད་མ་ཡོང་བའི་རེ་བ་དང་གསོལ་བ་སྨོན་ལམ་འདེབས་ཀྱིན་ཡོད། ཁོང་གོ་ལ་འདིའི་ནང་ཇི་ཙམ་སྐུ་ཚེ་བརྟན་ཀྱང་བོད་མི་ཙམ་མ་ཟད་མི་འབོར་ཐེར་འབུམ་མང་པོར་ཕན་ཐོགས་རླབས་ཆེན་ཡོད་སྙམ།
གསུམ་པ་ངའི་བརྩེ་བའི་དགེ་རྒན།
ངོ་མ་ཁྱེད་རྣམས་ནི་བདག་གི་ཕ་མ་གཉིས་པ་དང་ཁྱད་པར་མེད་ཅིང། ཆུང་ས་ཟ་སྟངས་སྡོད་སྟངས་ནས་ཆེ་ས་
སྤྱི་ཚོགས་ནང་གོམ་པ་ཇི་ལྟར་སྤོ་དགོས་མིན་བསླབ། དུས་ཚོས་འཕར་མ་ཡོད་ཚད་དང་དགོང་མོ་མ་ཉལ་གོང་འཛིན་གྲྭའི་ནང་གི་བསླབ་གཞི་ཚང་མ་གྲ་སྒྲིག་གནང་ནས་ཟ་ཆོག་ཅོ་དང། འཐུང་ཆོག་ཆོག་ལྟར་བཞག ཞོགས་པ་འཛིན་གྲྭར་འཛུལ་ནས་སློབ་འཁྲིད་གལ་ཆེན་བཟུང་ནས་ཐབས་ལམ་སྣ་ཚོགས་བེད་སྤྱད་དེ་བསླབས། ད་ལྟ་བོད་ཕྲུག་ང་ཚོའི་འབྲི་ཀློག་ཙམ་མ་ཡིན་པར་ཡ་རབས་བཟང་སྤྱོད་དག་ཀྱང་བཤེས་གཉེན་ཁྱེེད་རྣམས་ཀྱིས་རིག་པའི་གཤོག་རྩལ་གནང་ནས་དུས་རབས་དང་རྗེས་ཟིན་པ་བྱས། ཁྱེད་རྣམས་ཀྱིས་ང་ཚོ་དང་རྒྱལ་ཁབ་ལ་བཅངས་པའི་ཞུམ་པ་མེད་པའི་སྙིང་སྟོབས་དང་དཔའ་ངར་ལྡན་པའི་སེམས་ཤུགས་ཀྱིས་ང་ཚོ་མི་རབས་གསར་པར་མིག་དཔེ་བཟང་པོ་ཞིག་བསྟན་བྱུང། ང་ཚོ་མི་རབས་གསར་པ་ཚོ་ཡང་ཁྱེད་ཚོའི་མིག་དཔེ་བསྟན་པར་གོམ་པ་སྤོ་བཞིན་ཡོད། ཁྱེད་ཅག་ནི་བོད་ཀྱི་ལོ་རྒྱུས་ཀྱི་དཔའ་བོ་ངོ་མ་དེ་ཡིན་ལ་དུས་རབས་གསར་པའི་མུན་སེལ་གྱི་སྒྲོན་མེ་ཡང་ཡིན། ཁྱེད་རྣམས་སེམས་ཤུགས་ནམ་ཡང་མ་ཆག་པའི་ཐོག་༸གོང་ས་མཆོག་གི་བཀའ་དགོངས་བཞིན་མ་འོངས་བོད་ཀྱི་སོན་རྩ་རྣམས་ལ་མུ་མཐུད་སློབ་སྟོན་གནང་བའི་རེ་བ་དང་ཡིད་ཆེས་བརྟན་པོ་ཡོད། ངས་བཤེས་གཉེན་རྣམས་མི་ཚེ་སྐྱིད་པོ་དང་སྐུ་གཟུགས་ཐང་པོ་ཡོད་བའི་སྨོན་འདུན་ཡོད།
མཐའ་བསྡོམས། ཀློག་པ་པོ་ལགས། ཁྱེད་རྣམ་པའི་རྩོམ་ཡིག་གི་གར་སྟེགས་འདི་འདྲ་ཞིག་བསྐྲུན་གནང་བ་འདི་ལ་གུས་པས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། གར་སྟེགས་འདི་བརྒྱུད་ནས་བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན་མང་དག་ཅིག་ཇི་ལྟར་གལ་ཆེ་ཚུལ་གླེང་ཡོད་ལ། ཁོང་ཚོ་ཡོད་པ་ལ་བརྟེན་ནས་ད་ལྟ་ང་ཚོ་འཚོ་གནས་བྱེད་བཞིན་ཡོད། གལ་སྲིད་ཁོང་རྣམས་མེད་ན་བདག་ནི་གཤོག་རྩལ་མེད་པའི་བྱེའུ་ཆུང་ཞིག་དང་མཚུངས། ངས་ཤེས་ཀྱི་ཡོད་ངའི་ཚེ་འདི་དང་ཕྱི་མའི་ཕྱི་མ་ལའང་ཁོང་རྣམ་པའི་བཀའ་དྲིན་ལ་དྲིན་ལན་འཇལ་ཐུབ་པ་དཀའ། འོན་ཀྱང་གུས་པའི་ངོས་ནས་ཁོང་རྣམ་པས་གང་གསུངས་པ་རྣམས་སྙིང་དབུས་སུ་བཅངས་ཏེ་ཡིན་ལུགས་ཚུལ་ལྡན་གྱི་མི་ཞིག་ཆགས་པ་བྱེད་ཀྱི་ཡིན། ། ། །
ད་བར་དཔྱད་མཆན་མེད།