(ཕྱི་ལོ་ ༡༩༨༥ ཟླ་ ༦ ཚེས་ ༢༣ ཉིན།)

སྐད་ཆ་བཤད་རྒྱུ་དང་གྲོས་ཆོད་ཉུང་དྲགས་ནས་འཐུས་ཤོར་བ་མ་རེད། ས་གནས་སོ་སོར་ཉིན་རེའི་ལས་ཀ་ལག་ལེན་ཡག་པོ་ཞིག་མ་བྱུང་བའི་ཐོག་ནས་འཐུས་ཤོར་བ་རེད།

ཁ་སང་ཐོག་མ་བྱས་ན། ང་ཤོད་ལ་ཡོང་རྒྱུ་བྱས་ཀྱང་གཅིག་ནས་ང་ལ་དུས་ཚོད་མེད་པ་དང༌། གཉིས་ནས་ང་ཚོ་ཐུག་པའི་དགོས་དོན་རང་གི་བསམ་ཚུལ་ཤོད་རྒྱུ་དེ་རེད་མ་གཏོགས། དེ་མིན་མཛད་སྒོ་ལྟ་བུ་ཞིག་འཚོགས་ནས་དགོས་པ་ཆེར་ཨེ་ཡོད། ད་ལྟའི་དུས་ཚོད་འདིར་ང་ཚོ་དངོས་གནས་དོན་དག་ལ་རིག་པ་སྒྲིམ་དགོས་པ་མ་གཏོགས། འདྲ་ཆགས་པོ་བྱེད་པའི་དུས་ཚོད་མ་རེད། དེ་འདྲ་ཡིན་སྟབས་དེ་རིང་ང་ཚོ་འདིར་ཐུག་ན་འགྲིག་མི་ཡོང་ངམ་བསམ་བྱུང༌། ངའི་བསམ་ཚུལ་དེ་རེད། ད་རེས་འདིར་ཚོགས་ཆེན་ཞིག་འཚོགས་ཀྱི་ཡོད་པ་རེད། དེའི་ཐོག་གོ་བསྡུར་ལྷུག་པོ་དང༌། ཁྱེད་རང་ཚོ་ཕྱོགས་མཐའ་ཁག་ནས་ཡོང་པ་ཡིན་སྟབས་གནས་ཚུལ་གསར་པ་ཐོས་རྒྱུ་དང༌། མཐོང་རྒྱུ་དེ་འདྲའི་ཐོག་ནས་ཏན་ཏན་ཕན་ཐོགས་ཡོང་ཐུབ་ཀྱི་རེད། ད་རེས་ཚོགས་འདུ་ཡག་པོ་ཞིག་ཡོང་ཐུབ་པའི་རེ་བ་ཡོད།

གལ་ཆེ་ཤོས་ནི་དུས་རྒྱུན་ལྡན་གྱི་ཉིན་རེ་ཉིན་རེའི་ལས་ཀའི་ཐོག་རིག་པ་བསྒྲིམ་རྒྱུ་དེ་རེད། ང་རང་ཚོས་ཚོགས་འདུ་འཚོགས་སྐབས་ཐོག་མར་སྐད་ཆ་མང་པོ་ཞིག་བཤད་དེ་ཁ་བཟོ་འཕེར་ལོས་སྡུར་མཁན་གྱི་བཟོ་འདྲ་ཞིག་བྱས། ངོ་ཐོག་ལས་ཀ་བྱེད་པའི་སྐབས་དམིགས་བསལ་གྱི་ཤུགས་སྣོན་རྒྱག་རྒྱུ་མ་བྱུང་ན་སྙིང་པོ་གང་ཡང་མེད། སྐད་ཆ་བཤད་རྒྱུ་ཉུང་དྲགས་ནས་འཐུས་ཤོར་བ་མ་རེད་ལ། གྲོས་ཆོད་ཉུང་དྲགས་ནས་འཐུས་ཤོར་བ་ཡང་མ་རེད། ས་གནས་སོ་སོར་ཉིན་རེ་ཉིན་རེའི་ལས་ཀ་ལག་ལེན་ཡག་པོ་ཞིག་མ་བྱུང་བའི་ཐོག་ནས་འཐུས་ཤོར་གྱི་ཡོད་པ་རེད། དུས་རྒྱུན་ངས་རྟག་པར་ཟེར་བཞིན་པ་ལྟར། དངོས་གནས་ངོ་ལྐོག་མེད་པའི་ཧུར་ཐག་བྱེད་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད།

ཕྱོགས་གཅིག་ནས་ད་རེས་འདིར་གྲོས་སྡུར་བྱས་ཏེ་བློ་གྲོས་གསར་པ་འདྲ་ཐོན་མདོག་ཁ་པོ་རེད། ལར་ནས་སྔོན་མ་ཚོགས་འདུ་ཆེ་ཆུང་ཁ་ཤས་འཚོགས་ཏེ་གོ་བསྡུར་བྱས། དོན་ཚན་དོན་ཚན་བཏོན་ཡོད་པ་དེ་ཚོར་མཇུག་གནོན་དང་ཞིབ་འཇུག་བྱེད་ཀྱིན་བྱེད་ཀྱིན་བྱས། ལག་ལེན་འཁེལ་བ་ག་རེ་ག་རེ་འདུག ལག་ལེན་མ་འཁེལ་བ་ག་རེ་ག་རེ་འདུག ལག་ལེན་མ་འཁེལ་བ་དེ་རྒྱུ་མཚན་གང་གིས་འཁེལ་མ་ཐུབ་པ་རེད། དེ་འདྲ་བྱས་ཏེ་ང་རང་ཚོ་ལག་ལེན་ཐོག་ཤུགས་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། ངས་འདིར་དམིགས་བསལ་ཤོད་རྒྱུ་དེ་ཙམ་མི་འདུག

རྩ་བའི་ཤེས་རིག་གི་ལས་ཀས་མཚོན་པའི་སྤྱི་ཡོངས་ཀྱི་ང་ཚོའི་ལས་ཀ་ཚང་མ་སྤྱིར་བཏང་རིམ་པ་གཉིས་ལྟ་བུ་ཞིག་ཆགས་ཡོང་གི་ཡོད་པ་རེད། སྔོན་མ་ལོ་ཉི་ཤུ་རྩ་ལྔའི་གོང་གི་དུས་ཚོད་དེ་གཞི་རྩ་མེད་པ་ལ་གཞི་རྩ་གསར་པ་འཛུགས་རྒྱུའི་དུས་ཚོད་ཅིག་རེད། ད་ཆ་ང་ཚོར་གཞི་རྩ་ཚུགས་ནས་ཡོད་པ་འདི་དག་ཡར་རྒྱས་གཏོང་རྒྱུ་དང༌། ཚགས་ཚུད་དུ་གཏོང་རྒྱུའི་དུས་སྐབས་ཡིན། ད་ལྟའི་ང་ཚོའི་དུས་ཚོད་འདིར་མ་གཞི་འཆར་གཞི་གསར་པ་བཏིང་ནས་གཞི་རྩ་གསར་པ་འཛུགས་དགོས་པ་དེ་འདྲ་ཡོང་གི་ཡོད་ཀྱང་གཙོ་བོའི་ཤུགས་དེ་གཞི་རྩ་སྔོན་ཡོད་ཚོ་སྤུས་དག་པོ་བཟོ་རྒྱུ་དང༌། ཚགས་ཚུད་པོ་བྱེད་རྒྱུ་དེ་གལ་ཆེ་ཤོས་ཆགས་འདུག

མིས་འཐུས་ཤོར་གྱི་འདུག་ཤོད་པ་ལ། སོ་སོའི་ངོས་ནས་ཚགས་ཚུད་པོ་དང༌ཚད་ལོངས་པ་ཞིག་བྱུང་ཡོད་མེད་ཞུ་དག་གཏོང་གལ་ཆེ།

སྤྱིར་བཏང་མཐོང་ཚུལ་ལ་སློབ་གྲྭ་ཁག་གི་ཕྲུ་གུའི་ཤེས་ཚད་ཕྲན་བུ་སྐྱོ་རུ་འགྲོ་གི་འདུག་ཅེས་ཤོད་ཀྱི་ཡོད་པ་དང༌། མཐོང་ཚུལ་དེ་འདྲ་ཞིག་ཡོང་གི་ཡོད་པ་རེད། དེའི་རྒྱུ་མཚན་རྒྱ་དགེའི་ཐོག་ནས་ཚད་ལོངས་པ་ཡོང་གི་མི་འདུག་ཅེས་དེ་འདྲའི་བསམ་འཆར་ཞིག་ཡོང་གི་ཡོད་པ་རེད། ང་ཚོས་སྤྱི་ཡོངས་ཀྱི་ཐོག་ནས་བལྟས་ཏེ་སྐད་ཆ་ཤོད་དགོས་ཀྱི་འདུག་མ་གཏོགས། སོ་སོའི་ངོ་གདོང་གི་མི་གཅིག་གི་བྱེད་ལས་ཀྱི་རྐྱེན་བྱས་ཏེ་རྒྱ་གར་དགེ་རྒན་ཚོས་འགྲིག་གི་མི་འདུག་ཟེར་བ་འདྲ་པོ་དང༌། རྒྱ་གར་གཞུང་གིས་ཅིག་བྱེད་ཀྱི་འདུག་ཅེས་ལབ་ན་མི་འགྲིག སྤྱི་ཡོངས་ཀྱི་ཆ་ནས་བཤད་པ་ཡིན་ན་རྒྱ་གར་གཞུང་གིས་ད་ལྟ་ཕན་བོད་པར་ལྟ་རྟོག་བྱེད་སྒོ་དངོས་གནས་དྲང་གནས་རྒྱ་གར་གཞུང་གི་ཐུབ་ཚོད་ཅིག་གི་ཐོག་ནས་ཨང་ཀི་དང་པོ་གནང་ཡོད། ད་དུང་མ་འོངས་པར་ཡིན་ན་ཡང་ཤུགས་ཆེ་རུ་དང་ཡར་རྒྱས་འགྲོ་ཐུབ་པའི་ང་ཚོས་རེ་བ་བྱེད་དགོས་པ་རེད་ལ། ཡོང་སྲིད་པ་ཞིག་ཀྱང་རེད། དེ་འདྲ་ཡིན་སྟབས་སྐབས་རེར་རྒྱ་དགེས་འཐུས་ཤོར་གྱི་འདུག་ཟེར་བ་འདི་རེ་ཟུང་གི་ངོ་ལ་བལྟས་ན་དེ་འདྲ་ཡོང་སྲིད་ཀྱང༌། སྤྱི་ཡོངས་ཐོག་ལ་བསམ་བློ་ཏན་ཏན་གཏོང་དགོས་ཀྱི་འདུག དེ་གལ་ཆེན་པོ་རེད།

རྒྱ་དགེ་གཅིག་པུར་ཁ་འཕངས་ལག་ཕྱིས་བྱས་ན་མི་འགྲིགས། ང་རང་ཚོའི་བོད་དགེ་ལོ་རེ་ནས་ལོ་རེ་མང་དུ་མང་དུ་འགྲོ་གི་ཡོད་དུས་སྔོན་ལ་མིས་འཐུས་ཤོར་གྱི་འདུག འཐུས་སྒོ་ཚང་གི་མི་འདུག་ཤོད་པ་ལ། སོ་སོའི་རང་ས་ནས་རང་གཞན་སུས་བལྟས་ཀྱང་དངོས་གནས་ཚགས་ཚུད་པོ་དང༌། ཚད་ལོངས་པ་ཞིག་བྱུང་ཡོད་མེད། སྔོན་ལ་སོ་སོར་ཞུ་དག་གཏོང་རྒྱུ་གལ་ཆེན་པོ་འདུག

ང་རང་ཚོ་བོད་དགེ་ཚོའི་ངོས་ནས་སྤྱིར་བཏང་གླ་ཆ་ལ་བལྟས་ཏེ་སོ་སོའི་མི་ཚེའི་ལྟོ་གོས་འཚོ་ཐབས་ཆེད་དུ་སློབ་གྲྭ་ནང་ལ་དགེ་རྒན་གྱི་ལས་ཀ་བྱས་ནས་སྡོད་པའི་ངོས་འཛིན་བྱས་ན་ནོར་འཁྲུལ་རེད། དགེ་རྒན་ཚོ་ཕྱོགས་གཅིག་ནས་དཔེར་ན་ཕྲུ་གུ་མི་རེ་ངོ་རེའི་མི་ཚེ་གཅིག་གི་མདུན་ལམ་གྱི་འགྲོ་སྟངས་ལ་འབྲེལ་བ་ཡོད་པ་རེད། དགེ་རྒན་ཚོའི་བསམ་བློའི་ནང་ལ་སོ་སོས་སློབ་སྦྱོང་སྤྲོད་སའི་ཕྲུ་གུ་ཚོའི་མ་འོངས་པའི་མི་ཚེའི་འགན་ཁུར་སོ་སོའི་སྒང་ལ་ཡོད་བསམ་པ་བྱས་ཏེ་ཕྲུ་གུའི་མ་འོངས་པའི་འགྲོ་སྟངས་ཀྱི་ཐོག་ལ་སེམས་ཁུར་ལེན་དགོས་ཀྱི་འདུག དགེ་རྒན་ལ་ཁྱིམ་ཚང་ཕ་མའི་འགན་ཁུར་མེད་ཀྱང། ཕྲུ་གུར་སློབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་ཞིག་ཡིན་སྟབས། ཕྲུ་གུའི་མདུན་ལམ་གྱི་འགན་དེའི་ཕྱེད་ཀ་དགེ་རྒན་ལ་འཁྲི་ཡོད། དགེ་རྒན་ཚོའི་བསམ་བློའི་ནང་ནས་འགན་ཁུར་བླངས་ཏེ་ཕྲུ་གུ་མི་རེ་ངོ་རེར་དངོས་གནས་བསམ་པ་རྣམ་དག་གི་ཤ་ཚ་དང༌། ཕན་སེམས། བརྩེ་སེམས་བཅས་ཀྱིས་ཐོག་ནས་ལྟ་རྟོག་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།

ཤེས་ཡོན་སྤུས་དག་པོ་ཞིག་སྤྲོད་ཀྱི་ཡོད་པའི་དབང་དུ་བཏང་ན་ཡང༌། དེ་སྤྱིར་བཏང་སྒྲ་འཛིན་འཕྲུལ་འཁོར་བཏང་བ་ལྟ་བུ་ལས་བྱམས་བརྩེའི་ཚོར་བ་མེད་ན་ཕྲུ་གུའི་བསམ་བློའི་ནང་ལ་ཏན་ཏན་ཁྱད་པར་ཡོང་གི་རེད་དྲན་གྱི་འདུག ཤེས་ཡོན་གོ་བརྡ་སྤྲོད་རྒྱུ་དེ་དངོས་གནས་མིའི་བརྩེ་སེམས་ཀྱི་ཚོར་བ་དང་ལྡན་པའི་ཐོག་ནས་ཕྲུ་གུ་ཚོར་བསླབ་པ་ཡིན་ན། ཕྲུ་གུ་ཚོའི་བསམ་བློའི་ནང་ལ་སློབ་ཚན་གྱི་དོན་དག་གསར་པ་ཞིག་ཤེས་པ་མ་ཟད། རང་བཞིན་གྱིས་དགེ་རྒན་ལ་ཕྲུ་གུས་དགའ་བརྩེ་དང་གུས་བརྩི་ཞིག་སླེབས་ཐུབ། དེས་རྐྱེན་བྱས་ནས་དགེ་རྒན་གྱིས་ཚིག་གཅིག་བསླབས་ན་ཡང་དེ་ཕྲུ་གུའི་སེམས་ལ་འཇགས་པོ་དང༌། བསླབ་བྱ་ཞིག་བརྒྱབ་པ་ཡིན་ན་ཡང་ཕྲུ་གུའི་སེམས་ལ་ཟུག་པོ་ཡོང་གི་རེད།

ཕྲུ་གུ་དེ་ཚོ་ཕ་མ་དང༌། ཁྱིམ་ཚང་ནས་ཟླ་བ་ཁ་ཤས་ཁ་བྲལ་ཏེ་སློབ་གྲྭའི་ནང་སྡོད་པའི་རིང་ལ་དགེ་རྒན་གྱི་ངོས་ནས་དངོས་གནས་ཤ་ཚ་དང༌། སེམས་ཁུར་ཐོག་ནས་ཕྲུ་གུར་ལྟ་རྟོག་བྱས་པ་ཡིན་ན་ཕྲུ་གུ་ཚོའི་བསམ་བློའི་ནང་ལ་འདིར་ཕ་མ་གཉིས་པ་ཞིག་ཡོད་པ་ལྟ་བུ་ཆགས་ནས་བློ་བལྟ་ས་ཞིག་ཡོང་གི་རེད། དེ་འདྲའི་ཐོག་ནས་ཏན་ཏན་སློབ་ཕྲུག་ཚོའི་སློབ་སྦྱོང་གི་ཐོག་ལ་ཕན་ཆེ་བ་ཞིག་དང༌། རྩ་བའི་མིའི་གཤིས་ཀ་ལེགས་པ། འཚར་ལོངས་རང་བཞིན་གྱིས་ཆེ་བ། བསམ་བློ་ཞི་བདེ་བག་ཕེབས་ངང་ནས་སློབ་སྦྱོང་བྱེད་ཐུབ་པ་ཡོང་གི་རེད།

སློབ་གྲྭའི་ནང་ལ་སློབ་སྦྱོང་ཞིག་བྱེད་ཀྱི་ཡོད་ཀྱང། བྱེད་སྟངས་ཐོག་མིའི་བརྩེ་སེམས་ཀྱི་རྣམ་པ་མེད་པ་ལྟ་བུ་ཆགས། དགེ་རྒན་ཚོས་སྒྲ་འཛིན་འཕྲུལ་འཁོར་བཏང་བ་བཞིན་ངོ་སྤྲོད་བྱས་པ་ཙམ་ལས། ཕྲུ་གུར་ཤ་ཚ་དང༌། སེམས་ཁུར་བླངས་ཏེ་བསླབ་ཀྱི་ཡོད་པའི་རྣམ་འགྱུར་ཞིག་མེད་པ་ཡིན་ན། ཕྲུ་གུ་ཚོས་སློབ་གྲྭའི་ནང་ལ་སློབ་སྦྱོང་བྱེད་པ་དེ། གྲོང་ཆོག་ལ་ཕྱིན་པའི་བཟོ་འདྲ་ཞིག་ཆགས་ཡོང་གི་འདུག དགེ་རྒན་ཚོའི་རྣམ་འགྱུར་སྟོན་སྟངས་དང༌། བསམ་བློ་གཏོང་སྟངས་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་འདུག དེས་འཕྲལ་སེལ་གྱི་ཕྲུ་གུའི་བསམ་བློར་ཞི་བདེ་བག་ཕེབས་སྤྲོད་ཐུབ་པ་དང༌། ཞི་བདེ་བག་ཕེབས་ངང་ནས་སློབ་སྦྱོང་བྱས་པ་ཡིན་ན་སྐྱབས་མེད་མགོན་མེད་ཡིན་བསམ་པའི་བསམ་བློའི་ངང་ནས་སློབ་སྦྱོང་བྱས་པ་དེ་དང༌། བསམ་བློའི་ནང་ལ་བློ་གཏད་བཅོལ་ས་ཞིག་དང༌། བརྩེ་བས་སྐྱོང་མཁན་ཞིག་ཡོད་བསམ་པའི་བསམ་བློ་དེ་འདྲ་ཞིག་གི་འོག་ནས་སློབ་སྦྱོང་བྱས་པ་གཉིས་ལ་ཏན་ཏན་ཁྱད་པར་ཡོང་མདོག་ཁ་པོ་རེད། དེ་ཉིན་མ་གཅིག་དང༌། ཟླ་བ་གཅིག་མ་ཡིན་པ། ལོ་ནས་ལོ་སྦྲེལ་ཏེ་ཕྱིན་པའི་སྐབས་ལ་ཕྲུ་གུའི་ཚེ་སྟོད་ཀྱི་དུས་ཚོད་མང་པོ་ཞིག་གནས་ཚུལ་དེའི་འོག་ནས་འཚར་ལོངས་ཀྱིས་ཕྱིན་ཆད་མི་ཚེའི་རྐང་དེ་ཚུགས་ཡོང་དུས་ཏན་ཏན་བསམ་བློ་གཏོང་སྟངས་ལ་ཁྱད་པར་ཡོང་སྲིད་ཀྱི་རེད། ཕྲུ་གུ་སྒེར་མི་རེ་ངོ་རེའི་དམིགས་བསལ་གྱི་འགན་ཁུར་དགེ་རྒན་ཚོར་འཁྲི་ཡོད། འགན་དེ་འཁྱེར་ཏེ་ལྷག་བསམ་གྱི་ཐོག་ནས་ལས་འགན་སྒྲུབ་པ་ཡིན་ན་ཕན་ཐོགས་ཤིག་དང༌། གནད་འགག་ཅིག་འདུག

སོ་སོ་ཆོས་པ་ཞིག་དང༌། ཆོས་ཁས་ལེན་མཁན་ཞིག་ཡིན་ན་ནི་དེ་བས་ཀྱང་ང་རང་ཚོས་ནམ་རྒྱུན་གདན་སྒང་ལ་ཁ་ཏོན་དགེ་སྦྱོར་བྱེད་པའི་སྐབས་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་པ་ཙམ་མ་ཡིན་པར། སེམས་ཅན་ཞིག་གི་ཚེ་རབས་ཕྱི་མ་ག་རེ་ཡིན་རུང་མིན་རུང་ཚེ་འདིའི་མདུན་ལམ་ལ་བཟོ་ལྟ་བཟོ་རྒྱུ་ཞིག་སོ་སོའི་ལག་པར་སླེབས་ཡོད་པ་རེད། ཆོས་ཤོད་ཀྱི་ཡོད་ཟེར་ནས་ཁྲི་ཞིག་གི་སྒང་ནས་ཤོད་དགོས་པ་དང༌། གཞན་དག་རྒྱ་ཆེན་པོ་ཤོད་དགོས་པ་མ་རེད། ཡ་རབས་བྱོས། མ་རབས་མ་བྱེད། མི་བཟང་པོ་བྱོས། མི་གཞུང་བཟང་པོ་བྱེད་དགོས་ཞེས་བཤད་པ་ཡིན་ན་ཆོས་ཀྱི་སྙིང་དོན་དེ་རེད།

གཞི་རྩ་མིའི་རྩ་བ་ཚུགས་པའི་སྐབས་ལ་ཁྲམ་པ་བྱེད་རྒྱུ་དང༌། མ་རབས་བྱེད་རྒྱུའི་རིགས་ལ་བསྒྱུར་བཅོས་གང་ཡང་མ་བཏང་བའི་ཐོག་ནས་དབང་ཞུས། ཁྲིད་ཞུས། ཁ་འདོན་བྱེད་ཀྱི་ཡོད། སྔགས་བགྲང་གི་ཡོད་ཅེས་ལབ་ན་སྐྱག་རྫུན་རེད། གཞི་རྩའི་ཆོས་དེ་དབང་ཞུས་ཟེར་བ་དེ་འདྲ་གང་ཡང་མ་ཡིན་པར། དངོས་གནས་དྲང་གནས་ཀྱི་མི་ཡ་རབས་དང༌། མི་དྲང་བདེན། མི་སྤུས་དག་པོ་ཞིག་བཟོ་རྒྱུ་དེ་རེད། དེ་སློབ་གྲྭའི་ནང་ནས་བཟོ་རྒྱུ་ཤིན་ཏུ་གལ་ཆེན་པོ་འདུག

དཔེར་ན། ང་རང་ལ་ཆ་བཞག་ན་བླ་མ་རེད་ཟེར་ནས་ཆོས་བཤད་འདྲ་བྱེད་ཀྱི་ཡོད་ཀྱང༌། དེ་དུས་དུས་ཀྱི་གནས་ཚུལ་རེད། ཁྱེད་རང་དགེ་རྒན་ཚོས་ལོ་དང་ཟླ་བ་སྦྲེལ་ནས་འཛིན་གྲྭའི་ནང་ལ་ཕྲུ་གུ་དང་མཉམ་དུ་གཤིབས་སྡོད་ཀྱི་ཡོད་སྟབས་ཁྱེད་ཚོའི་ལག་པའི་ནང་ལ་སླེབས་བསྡད་འདུག སྡུག་ས་ཞིག་ནས་བཤད་པ་ཡིན་ན། དགེ་རྒན་གྱིས་ཕྲུ་གུའི་གདོང་མཐོང་མ་ཐག་བསུན་སྣང་སྐྱེ་བའི་ངང་དུས་ཚོད་བསྐྱལ་ཏེ་ཁ་ཀྱོག་སྣ་ཀྱོག་བཏང་ཚར་བ་ཞིག་ཡིན་ན་མི་འགྲིག དཔེར་ན། ང་འདྲ་བ་ཞིག་གིས་གད་མོ་བགད་དེ་སེམས་པ་བཟང་མདོག་ཁ་པོ་ཞིག་བྱས་ནས། ཕྲུ་གུ་དེར་བསླབ་བྱ་བརྒྱབ་སྟེ་སེམས་པ་བཟང་པོ་གྱིས་ཞེས་ལབ་པ་ཡིན་ན་ཡང༌། དེ་ཙམ་ཕན་ཐོགས་ཡོང་རྒྱུ་ཁག་པོ་རེད།

དངོས་གནས་ཆོས་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། དགེ་རྒན་གྱི་ལས་ཀ་འདི་དཔེ་མི་སྲིད་པའི་རླབས་ཆེན་པོ་རེད། གཅིག་ནས་རང་ཉིད་བསོད་ནམས་གསོག་པ་དང༌། མིའི་ཞབས་འདེགས་སྒྲུབ་པ། གཞན་ཕན་སྒྲུབ་པའི་ཐབས་ལམ་ཤིན་ཏུ་བཟང་པོ་རེད་ལ། གཉིས་ནས་དེས་ང་རང་ཚོ་བོད་མི་རིགས་ཀྱི་ཞབས་འདེགས་སྒྲུབ་ཀྱི་ཡོད་པ་རེད། ད་ལྟ་བོད་མི་རིགས་ཟེར་བ་འདི་ཁ་ཐབས་གང་འདྲ་ཞིག་ལ་གྱར་བ་དང༌། བཟོ་ལྟ་གང་འདྲ་ཞིག་གི་སྒང་ལ་བསྡད་ཡོད་པ་རེད། ང་རང་ཚོས་རྟག་པར་མ་འོངས་པའི་གནས་ཚུལ་དེ་མ་འོངས་པའི་མི་རབས་ལ་འགན་འཁྲི་ཡོད་ཅེས་ཟེར་གྱི་ཡོད། ཡིན་ཐག་ཆོད་རེད།

སྔོན་མ་ངས་པཎྜི་ཏ་ནེ་ཧེ་རུ་མཇལ་སྐབས་བོད་དོན་སྐོར་འཛམ་གླིང་རྒྱལ་ཚོགས་ལ་ཞུ་རྒྱུའི་སྐོར་སོགས་བཀའ་མོལ་ཞུས་པའི་སྐབས་ལ་བཀའ་མོལ་ཞུ་ས་ལྡི་ལིར་ཧ་རི་རྡར་བྷ་རྡི་ཧའོ་སི་ནང་ལ་ཡིན། དེ་དུས་ནེ་ཧེ་རུས། མ་འོངས་པའི་བོད་ཀྱི་རྩ་དོན་ཟིན་རྒྱུ་དེ་འཛམ་གླིང་རྒྱལ་ཚོགས་ལ་ཐུག་ཡོད་པ་མ་རེད། གང་ལ་ཐུག་ཡོད་དམ་ཟེར་ན། རྒྱ་གར་ནང་ལ་ཡོད་པའི་བོད་པའི་གཞོན་ནུ་འདི་ཚོའི་སློབ་སྦྱོང་ལ་ཐུག་བསྡད་ཡོད་པ་རེད་ཅེས་དེ་དུས་དེ་འདྲ་གསུངས་མྱོང༌། དེ་དངོས་གནས་བདེན་པ་རེད། བོད་སྤྱི་པའི་དོན་དག་ལ་ཆ་བཞག་ན། ཁ་ནས་བོད་རང་བཙན། བོད་ནས་རྒྱ་མི་ཕུད་དགོས་ཞེས་སྐད་འབོད་བྱས་པ་ཡག་པོ་རེད། སྐད་འབོད་དེའི་སེམས་ཤུགས་དེ་འཛིན་གྲྭའི་ནང་ལ་འཁྱེར་ཏེ་ཕྲུ་གུ་གཅིག་ཡིན་ཀྱང༌། དེ་མ་འོངས་པའི་བོད་རང་བཙན་སྒྲུབ་མཁན་ཞིག་དང༌། བོད་ཀྱི་ཐོབ་ཐང་རྩོད་མཁན་ཞིག ཐོབ་ཐང་རྩོད་རྒྱུའི་སེམས་ཤུགས་ཡོད་པ་ཞིག ཐོབ་ཐང་རྩོད་པའི་ནུས་པ་ལྡན་པ་ཞིག་བཟོ་བསམ་པའི་བསམ་བློ་དེ་འདྲ་ཞིག་འཁྱེར་ནས་སློབ་སྦྱོང་སྤྲོད་དགོས་ཀྱི་འདུག

ཕྲུ་གུ་མི་རེ་ངོ་རེའི་མི་ཚེ་བསྐྱལ་རྒྱུའི་ཆ་ནས་ཡིན་ན་ཡང་དགེ་རྒན་ཚོར་འགན་ཞིག་འཁྲི་ཡོད། དེ་བཞིན་བོད་རང་བཙན་གྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་ཡང་ཁྱེད་རང་ཚོར་འགན་ཞིག་སླེབས་ཡོང་གི་ཡོད་པ་རེད། དེ་འདྲའི་འགན་ཆེན་པོ་ཞིག་ཡོད་བསམ་པའི་སྒོ་ནས་འཛིན་གྲྭའི་ནང་སློབ་སྦྱོང་སྤྲོད་དགོས་པ་མ་གཏོགས། སོ་སོ་དགེ་རྒན་གྱི་སློབ་སྦྱོང་བྱས་ཏེ་ཕོགས་ཐོབ་གང་འཚམ་ཡོད་ས་ཞིག་ལ་སླེབས་སོང་ན། སོ་སོའི་ནང་གི་དངུལ་འདང་མི་འདང་ལ་རྩིས་བརྒྱབ་ནས་བསྡད་ན་དགོས་པ་གང་ཡང་བྱུང་མ་སོང༌། ཁ་ཐུག་ཁ་ཐུག་གི་ཕོགས་དེ་བླངས་ནས་འཛིན་གྲྭའི་ནང་སློབ་སྦྱོང་སྤྲོད་རྒྱུ་དེ་ཉི་མ་གང་འཁྱོལ་དང༌། སོ་སོའི་གོང་རིམ་ནས་རྩད་གཅོད་མ་བྱུང་ན་འགྲིགས་པ་ལྟ་བུའི་བསམ་བློ་བཏང་ན་ནམ་ཡང་མི་འགྲིགས།

བདེན་པ་ཡིན་མིན་མི་ཤེས་ཀྱང༌། ངས་གོ་ཐོས་ལ་སྔོན་མ་ཡིན་ན། དགེ་རྒན་ཁ་ཤས་ནས་སློབ་གྲྭའི་འཛིན་གྲྭ་གྲོལ་རྗེས་སླར་ཡང་ཕྲུ་གུ་ཚོར་བོད་ཡིག་རང་སྦྱོང་བྱེད་རྒྱུར་འབོད་སྐུལ་བྱས་ཏེ། བོད་རིགས་དགེ་རྒན་ཚོས་དམིགས་བསལ་གྱི་འགན་ཁུར་བླངས་ནས་རང་སྦྱོང་བྱེད་འཇུག་གི་ཡོད་པ་རེད། དེང་སང་སྤྱི་ཡོངས་ཀྱི་རང་སྦྱོང་ཐོག་ཤུགས་སྣོན་རྒྱག་རྒྱུ་མེད་པ་ཆགས། དགེ་རྒན་འགའ་ཤས་ནས་སོ་སོའི་སར་སྒེར་གྱི་སློབ་གཉེར་བ་ཉར། ཕྲུ་གུའི་ས་ནས་གླ་ཆ་ཡང་ཕྲན་བུ་བླངས་ཏེ་ཟུར་སྦྱོང་གི་སློབ་སྦྱོང་སྤྲོད་ཀྱི་ཡོད་ཚོད་འདུག དེ་ནི་དངུལ་ལ་བལྟས་ནས་བྱས་པ་ཞིག་རེད། དངོས་གནས་བོད་པའི་ཕྲུ་གུའི་ཤེས་ཡོན་ལ་ཁུར་བླངས་ནས་བྱས་པ་ཞིག་ཡིན་ན། ཕྲུ་གུ་རེ་གཉིས་ས་ནས་དངུལ་བླངས་ཏེ་སློབ་སྦྱོང་སྤྲོད་དགོས་དོན་མེད། འཛིན་གྲྭ་དེའི་ནང་ལ་ཡོད་པའི་ཕྲུ་གུ་ཡོངས་རྫོགས་ལ་བར་སེང་ཡོད་ཚད་ལ་སོ་སོས་ཁུར་བླངས་ནས་བསླབ་ཆོག་གི་རེད། གོང་གི་དེས་ག་རེའི་རྟགས་སྟོན་གྱི་ཡོད་དམ་ཟེར་ན། དངུལ་གྱི་ཐོག་ལ་སེམས་ཤུགས་སྒྲིལ་གྱི་ཡོད་པའི་རྟགས་སྟོན་གྱི་འདུག དེ་ཡག་པོ་མ་རེད།

སྣ་ལ་མཛུབ་མོ་བཙུགས་ནས་བསམ་འཆར་འདོན་མཁན་བྱུང་རུང་མ་བྱུང་རུང། རང་ཉིད་གནོང་འགྱོད་མི་དགོས་པ་ཞིག་བྱེད་དགོས།

དེ་བཞིན་ང་ཚོའི་སློབ་གྲྭའི་ནང་ལ་སློབ་སྦྱོང་སྤྲོད་སྟངས་འཐུས་ཤོར་བའི་རྐྱེན་གྱིས་སྐབས་རེར་དཔེར་ན། སློབ་གྲྭ་ཁག་ནས་ཐོན་པའི་ཕྲུ་གུ་ཁ་ཤས་ཁ་བསླུས་རྒྱག་མཁན་དང༌། རྐུན་མ་ཙག་ཙིག་རྐུ་མཁན་དེ་འདྲ་ཡང་ཡོང་གྲབས་བྱེད་ཀྱི་འདུག མ་གཞི་མི་ཡོངས་རྫོགས་བརྒྱ་ཆ་བརྒྱ་ཐམ་པའི་སྤུས་དག་པོ་ཡོང་ཐུབ་རྒྱུ་དེ་མི་སྲིད་པ་ལྟ་བུ་ཡིན་ན་ཡང༌། དེ་ཚོའི་གྲས་ཕྲན་བུ་འཐུས་ཤོར་བའི་རྟགས་རེད། ད་ཕན་གཞི་རྩ་ཚུགས་ནས་ཡོད་པ་འདི་སྤུས་དག་ཏུ་གཏོང་རྒྱུ་དང༌། ཚགས་ཚུད་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་འདི་ད་ལྟ་སྐབས་བབ་དུས་བབ་ཀྱི་ལས་འགན་ཞིག་རེད། ཤུགས་རྒྱོབས་ཟེར་བ་དེ་གྲོས་ཆོད་བཞག་པ་དང༌། ཚོགས་འདུ་འདྲ་འཚོགས་ནས་སྐད་ཆ་འདྲ་མི་འདྲ་མང་པོ་ཞིག་བཤད་པས་ནུས་པ་ཐོན་རྒྱུ་ཁག་པོ་རེད། སོ་སོའི་ཉིན་རེའི་ལས་ཀ་བྱེད་སའི་ནང་ལ་དཔང་པོ་གཉིས་ཀྱི་གཙོ་བོར་བཟུང་ཟེར་བ་བཞིན། མིས་བསམ་འཆར་བཏོན་ནས་སྣ་ལ་མཛུབ་མོ་འཛུགས་མཁན་ཞིག་བྱུང་རུང་མ་བྱུང་རུང༌། རང་ཉིད་གནོང་འགྱོད་མི་དགོས་པ་ཞིག་བྱེད་དགོས། སོ་སོས་བསམ་བློ་གཏོང་སྐབས་ངས་ཡག་པོ་བྱུང་མ་སོང༌། ཀོ་ཐག་གང་འཚམ་གློད་ཡོད་ཀྱང་མིས་ཤེས་མ་སོང༌། ཤེས་རིག་ལས་ཁུངས་ནས་ཀྱང་རྩད་གཅོད་ཐོན་མ་སོང༌། ཤེས་རིག་ལས་ཁུངས་ལ་ངས་མགོ་སྐོར་བཏང་ཡོད་བསམ་པ་བྱས་ན་དངོས་གནས་ནོར་བ་རེད། སོ་སོས་བསམ་བློ་གཏོང་དུས་ངས་དངོས་གནས་ཧུར་ཐག་བྱས་པ་ཡིན། འགྱོད་པ་རྩ་བ་ནས་མེད་བསམ་པ་ཞིག་དང༌། བསམ་བློའི་ནང་གདེང་འཁེལ་བ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད།

བོད་མི་སྤྱི་ཡོངས་ཐོག་ནས་བཤད་པ་ཡིན་ན། ད་ལྟ་ཕན་ཆད་འཛམ་གླིང་ཐོག་ང་ཚོ་བོད་པ་བཙན་བྱོལ་བར་མཐོང་ཚུལ་ཡག་པོ་ཞིག་ཆགས་བསྡད་ཡོད། མཐོང་ཚུལ་ཡག་པོ་དེ་གང་ནས་བྱུང་བ་རེད་ཟེར་ན། དེ་སྔ་བོད་ནང་རྩ་བའི་སྤྱི་ཚོགས་ཀྱི་ལམ་ལུགས་ཞིང་བྲན་ལམ་ལུགས་རེད་ཟེར་བ་བཞིན་དོན་སྙིང་ལམ་ལུགས་ག་རེ་ཡིན་རུང་མིན་རུང༌། སྤྱི་ཚོགས་དེའི་ནང་བསམ་བློའི་ཐོག་ཞི་བདེ་ཡོད་པ་ཞིག་དང༌། སྤྱིར་བཏང་མི་དང་མིའི་དབར་བརྩེ་བའི་གནས་ཚད་མཐོ་པོ་ཡོད་པའི་སྤྱི་ཚོགས་ཤིག་ཡིན། སྤྱི་ཚོགས་དེའི་ནང་འཚར་ལོངས་བྱས་པའི་མི་དེ་ཚོ་རང་བཞིན་གྱིས་བསམ་བློ་གུ་ཡངས་པོ་དང༌། སེམས་པ་བག་ཕེབས་པོ། སེམས་པ་བཟང་པོ་བཅས་ཡོད་པ་རེད། གནས་ཚུལ་དེས་ང་ཚོ་མིའི་ལུང་པར་སླེབས་ཏེ་ལོ་ཉི་ཤུ་རྩ་གྲངས་ཕྱིན་པའི་རྗེས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། མ་གཞི་རྫུན་ཤོད་མཁན་དང༌། ཁྲམ་པ་བྱེད་མཁན་ཡོད་ཀྱང༌། སྤྱི་ཡོངས་ཀྱི་ཐོག་ནས་བཤད་པ་ཡིན་ན། བོད་པར་རོགས་བྱས་པ་ཡིན་ན། རོགས་བྱས་པ་དེ་བྱེ་མ་ཆུ་སིམ་ལྟ་བུ་མིན་པར་ལོ་བཅུ་བཅོ་ལྔའི་གོང་ལ་རོགས་བྱས་པ་དེ་ལོ་བཅུ་བཅོ་ལྔའི་རྗེས་ལ་འབྲས་བུ་སྨིན་ནས་མཐོང་རྒྱུ་དང༌། སྟོན་རྒྱུ་འདུག་ཟེར་ནས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ང་ཚོའི་ངོ་ཤེས་རོགས་རམ་ཚོགས་པའི་མི་རྒན་པ་དེ་འདྲ་ཐུག་པའི་སྐབས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ད་ལྟ་བར་ང་རང་ཚོ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བའི་མིང་ཚིག་ཆགས་བསྡད་ཡོད། ད་ཆ་ང་ཚོའི་མི་ཐོག་གསར་པ་འདིའི་ཐོག་ནས་ཡག་པོ་ཞིག་བྱེད་མ་ཐུབ་པར། ག་ལེ་ག་ལེར་སླ་རུ་སླ་རུ་དང༌། སྡུག་ཏུ་སྡུག་ཏུ་ཕྱིན་ན། རྗེས་སུ་འདི་འདྲའི་སྙན་གྲགས་བཟང་པོ་དང༌། མཐོང་ཚུལ་ཡག་པོ། མིས་བསྟོད་བསྔགས་བྱེད་པའི་རིན་ཐང་ཡོད་པ་དེ་ཚོ་བརླག་པ་ལས་སླ་པོ་རེད། དེ་འདྲ་ཞིག་གསར་དུ་བཟོ་རྒྱུ་ཧ་ཅང་ཁག་པོ་རེད། འཛམ་བུ་གླིང་འདིའི་སྒང་ལ་ང་ཚོར་སྙན་གྲགས་དང༌། ཆེ་མཐོང་ཡོད་པ་འདི་ང་ཚོས་མ་བརླག་པ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད།

བོད་ཀྱི་རིག་གཞུང་དང་རྣམ་པ་སྲུང་སྐྱོབ་བྱེད་རྒྱུའི་དོན་ལ་སྐད་ཡིག་དེ་ཕྱུག་པོ་ཞིག་བཟོ་དགོས།

བར་ལམ་སྐད་ཆ་ཐེངས་ཁ་ཤས་བྱུང་ཚར་བ་རེད། ཡིན་ནའང་དེ་རིང་ང་ཚོ་མང་ཙམ་འཛོམས་པའི་སར་བསྐྱར་ཟློས་ཡང་ཟློས་ཤིག་བྱས་ན། སྔོན་མ་ང་ཚོ་མིའི་ལུང་པར་སླེབས་འཕྲལ་དུ་སྐད་དང། འགྲོ་སྟངས་མ་ཤེས་པའི་སྐབས་ལ་ལག་ཐོགས་ཤོས་སྐད་ཡིག་མ་ཤེས་པ་དེའི་ཐོག་ནས་ཆགས་ཏེ་སྐབས་དེར་སྐད་ཡིག་སློབ་སྦྱོང་བྱེད་རྒྱུས་མཚོན་པས་ཕྱིའི་གནས་ཚུལ་ཤེས་པའི་དོན་ལ་དམིགས་བསལ་གྱིས་ཤུགས་བརྒྱབ་ནས་འབད་བརྩོན་བྱས་པ་རེད། ད་ཆ་ལོ་གང་འཚམ་ཕྱིན་པའི་སྐབས་ལ་ཕྲུ་གུ་འཚར་ལོངས་བྱུང་བ་ཚོས་བོད་ཡིག་ལེགས་པ་ཤེས་ཀྱི་ཡོད་དམ། ཨིན་ཇི་ལེགས་པ་ཤེས་ཀྱི་ཡོད་ཅེས་ལབ་ན། ཨིན་ཇི་ལེགས་པ་ཤེས་པའི་བཟོ་འདྲ་ཞིག་དང༌། ནང་པའི་ཆོས་ཀྱི་གོ་དོན་བོད་ཡིག་གི་ཐོག་ནས་རྟོགས་མ་ཐུབ་པར་ཨིན་ཇིའི་ནང་ནང་པའི་ཆོས་ཀྱི་འགྲེལ་བཤད་ཐེབས་ཆག་ཅིག་ལས་མེད་ཀྱང་དེ་ལ་བརྟེན་ནས་ནང་པའི་ཆོས་ཤེས་ཐབས་བྱེད་དགོས་པ་དེ་འདྲའི་གནས་ཚུལ་ཞིག་ཆགས་ཡོང་གྲབས་བྱེད་ཀྱི་འདུག

ང་རང་ཚོ་མིའི་ལུང་པར་སླེབས་པའི་རྗེས་ལ་ཕྱིའི་གནས་ཚུལ་རྟོགས་ཐབས་དང༌། ཕྱིའི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུར་དམིགས་བསལ་གྱི་ཤུགས་སྣོན་རྒྱག་དགོས་པའི་བསྒྲུབ་བྱ་དེ་ག་རེ་རེད་ཅེས་ལབ་ན། བསྒྲུབ་བྱ་བོད་སྤྱི་པའི་དོན་དག་ལ་དམིགས་ཏེ་དེའི་ཆེད་དུ་ང་ཚོས་དེང་དུས་ཀྱི་སློབ་སྦྱོང་བྱེད་སྒོ་དེ་ཚོ་ལག་ལེན་བཀལ་བ་རེད་མ་གཏོགས། བོད་སྤྱི་པའི་བསྒྲུབ་བྱ་དེ་ཕར་བརྗེད་དེ། དེང་དུས་ཀྱི་སྤྱིར་བཏང་ཤེས་ཡོན་ཞིག་སློབ་སྦྱོང་བྱས་ནས་བོད་པ་ཚོ་འཛམ་གླིང་ཕྱི་ལོགས་ལ་སིམ་ནས་སྡོད་རྒྱུའི་དམིགས་ཡུལ་དེ་མ་རེད། བསྒྲུབ་བྱ་དེ་མ་རེད། ང་ཚོས་དང་པོའི་བསྒྲུབ་བྱ་དེ་དང་ཁ་མ་བྲལ་བ་ཞིག་བྱེད་དགོས།

བོད་སྤྱི་པའི་དོན་དག་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དང༌། བོད་མི་རིགས་ཀྱི་རྣམ་པ་སྲུང་སྐྱོབ་བྱེད་རྒྱུའི་དོན་ལ་ཤེས་ཡོན་གནས་ཚད་ལྡན་པ་ཞིག་དགོས་ཀྱི་འདུག་ཅེས་དེ་འདྲའི་ཐོག་ནས་སློབ་སྦྱོང་སྤྲད་པ་ཡིན་སྟབས་ཤེས་ཡོན་དེ་སྦྱངས་པའི་འབྲས་བུ་དམིགས་ས་དེ་ཡང་བོད་ཀྱི་རྣམ་འགྱུར་ཤུགས་ཆེ་བ་ཐོན་པ་དང༌། བོད་ཀྱི་བསམ་བློ་ཤུགས་ཆེ་བ་ཐོན་པ་ལ་ཕན་པ་ཞིག་དགོས་ཀྱི་ཡོད་པ་རེད། དེའི་ཐོག་ལ་དམིགས་བསལ་ཀྱི་ཤུགས་སྣོན་རྒྱག་རྒྱུར་དོ་སྣང་མ་བྱས་ན་ཡག་པོ་མི་འདུག

དེ་ནས་ང་རང་ཚོ་མང་པོ་ཞིག་གིས་བོད་ཡིག་ཡར་རྒྱས་གཏོང་དགོས་ཞེས་ཟེར། བོད་ཀྱི་རྩ་དོན་ཐུག་ས་གཅིག་བོད་ཀྱི་ཤེས་རིག་ལ་ཐུག་ཡོད། ཤེས་རིག་གི་རྩ་དོན་སྐད་ཡིག་ལ་ཐུག་ཡོད་སྟབས་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་དགོས་ཀྱི་འདུག ཡིན་ན་ཡང་སྐད་ཡིག་དེ་ཉིད་ཕྱུག་པོ་ཞིག་བཟོ་མ་ཐུབ་ན་མི་འགྲིགས། དཔེར་ན། དགོས་མཁོ་ཡོད་པའི་དངོས་པོ་ཞིག་ཡིན་ན་དེ་སྲུང་སྐྱོབ་བྱེད་འདོད་དང༌། བདག་གཅེས་བྱེད་འདོད་ཡོང་གི་རེད། དགོས་མཁོ་མེད་པ་དང༌། ཕན་མ་ཐོགས་པའི་དངོས་པོ་ཞིག་ཡིན་ན། བདག་གཅེས་བྱེད་འདོད་བྱས་ནའང༌། བསམ་བློའི་ནང་ལ་དེས་ཕན་ཐོགས་དེ་ཙམ་མེད་བསམ་པ་ཞིག་དྲན་གྱི་རེད། དེ་བཞིན་དུ་ང་ཚོ་བོད་ཀྱི་རིག་གཞུང་དང༌། བོད་ཀྱི་སྐད་ཡིག་གཅེས་སྐྱོང་བྱེད་དགོས་ན་དེ་རིན་ཐང་ཡོད་པ་ཞིག་དགོས་ཀྱི་རེད།

བོད་ཀྱི་སྐད་ཡིག་ངོ་མ་དེ་རང་གི་ངོས་ནས་ཆ་བཞག་ན། དངོས་གནས་བཏང་འགྲོ་བཞག་སྡོད་འཕེར་བའི་སྐད་ཅིག་ཏན་ཏན་རེད། དེ་ཡིན་པའི་རྟགས་ག་རེ་ཡོད་ཟེར་ན། དེང་སང་འཛམ་བུ་གླིང་འདིར་ལེགས་སྦྱར་གྱི་སྐད་ཡིག་ཟེར་བ་དེ་རྩ་བ་ཕྱུག་པོའི་སྐད་ཡིག་ཅིག་ཡིན་པ་རེད། རྩ་བ་ཧ་ཅང་གི་ཕྱུག་པོ་ཡོད་པའི་སྐད་ཡིག་དེའི་བརྗོད་བྱར་བྱས་པའི་ནང་པའི་ཆོས་ཀྱི་སྐོར་རྒྱ་ཆེན་པོ་ཡོད་པ་རྣམས་ཆ་ཚང་བ་བོད་ཡིག་ནང་དུ་བརྗོད་ཐུབ་ཀྱི་ཡོད། དེས་བོད་ཡིག་རྩ་བ་ཕྱུག་པོ་ཡོད་པའི་རྟགས་བསྟན་པ་རེད།

བོད་ཡིག་གི་རྩ་བ་ཕྱུག་པོ་ཡོད་ཀྱང༌། བོད་ཡིག་བེད་སྤྱོད་བྱེད་ཡུལ་ང་རང་ཚོས་ད་ལྟ་བར་དུ་ནང་པ་སངས་རྒྱས་པའི་ཆོས་གཙོ་བོར་གྱུར་པའི་རིག་གཞུང་ཞིག་གི་ནང་དུ་བེད་སྤྱོད་བྱས་པ་མ་གཏོགས། དེང་སང་འཛམ་བུ་གླིང་རྒྱལ་སྤྱིའི་སྤྱིར་བཏང་གི་ཤེས་ཡོན་དཔེར་ན། ཚན་རིག་སྨོས་ཅི། སྤྱིར་བཏང་ཆབ་སྲིད་སྐོར་དང༌། ཁྲིམས་ལུགས་སྐོར་སོགས་དེ་འདྲའི་ནང་ལ་བོད་ཡིག་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་མ་བྱུང་བ་ཡིན་སྟབས༌། བོད་ཡིག་གི་མིང་ཚིག་བྱེ་བྲག་པ་འགའ་ཞིག་གཏན་འབེབས་བྱེད་རྒྱུ་མ་བྱུང་བ་རེད། དེང་སང་བེད་སྤྱོད་བྱེད་པའི་སྐབས་ལ་བོད་ཡིག་གི་མིང་ཚིག་གཏན་འབེབས་ཤིག་མེད་པ་ཡིན་སྟབས་མི་འདང་བའི་དཀའ་ངལ་འཕྲད་ཀྱི་འདུག དེ་རྣམས་སེལ་དགོས་ཀྱི་འདུག དེ་རྣམས་སེལ་ཐབས་ང་རང་ཚོ་རང་གིས་རིམ་པས་རིམ་པས་ལག་ལེན་བྱེད་དགོས།

སློབ་ཚན་རྣམས་རིམ་པས་བོད་ཡིག་ཐོག་བསླབ་ན་རྒྱ་གར་ནང་རྒྱུགས་སྤྲོད་ཐོག་དཀའ་ངལ་ཡོང་ཡང། དེ་ལ་ཐབས་ཤེས་བྱེད་དགོས།

སྔོན་མ་༦༡-༦༢ ཙམ་ཡིན་པ་ཡོད། དེ་དུས་སྤོ་བོ་ལགས་ཁོང་ཚོས་དེ་སྐོར་བསམ་འཆར་ཤུགས་ཆེན་པོ་བཏོན་ཡོད། ང་ཚོས་མཐོ་རིམ་སློབ་གྲྭའི་གནས་ཚད་བར་དུ། སློབ་ཚན་ཚང་མ་བོད་ཡིག་ནང་ལ་བསླབ་ཐུབ་པ་བྱེད་དགོས། སློབ་ཚན་རྣམས་སྔོན་ལ་བོད་ཡིག་ཐོག་བསྒྱུར་ཏེ་གཏན་འབེབས་བྱས་ནས། སློབ་དེབ་འདྲ་ཆགས་པོ་མ་དགོས་པར། སང་ཉིན་སློབ་ཚན་སྤྲོད་རྒྱུ་དེ་རིང་དགོང་དྲོ་སྒྱུར་གྱིན་སྒྱུར་གྱིན་བྱས། སྔོན་ལ་སྣུམ་དཔར་ཞིག་ལས་མ་བྱུང་ནའང་བརྒྱབ་སྟེ་བེད་སྤྱོད་བྱེད་ཀྱིན་བྱེད་ཀྱིན་ཉམས་མྱོང་གསོག་གིན་གསོག་གིན་བྱེད་དགོས། སྤུས་དག་ཏུ་ག་ལེར་ལ་བཏང་ཆོག་གི་རེད། དང་པོ་རང་ནས་སྒོ་གང་ས་ནས་ནོར་འཁྲུལ་མེད་པ་གཅིག་བསྒྱུར། སྒོ་གང་ས་ནས་སྤུས་དག་གི་སློབ་དེབ་དཔར་འདེབས་སྔོན་ལ་བྱས། དེ་མཚམས་གཞི་ནས་སློབ་དགོས་བྱུང་ན་དུས་ཚོད་མང་པོ་འགོར་གྱི་རེད་ལ། ཁག་པོ་རེད་ཅེས་བཤད་ཡོད། ད་ཆ་ལོ་དེ་རྣམས་ཕྱིན་པའི་རྗེས་ལ་ང་ཚོར་ལག་ལེན་མ་འཁེལ་བའི་སྐྱོན་ལྷགས་ཡོད། རྒྱ་གར་ནང་ལ་ལྷགས་ཡོད་པ་རེད་ལ། བོད་ནང་ལ་ཡང་ལྷགས་ཡོང་གི་འདུག

ལོ་གཅིག་ང་སོག་ཡུལ་ལ་སླེབས་པའི་སྐབས་ལ་སོག་ཡུལ་གྱི་མཐོ་རིམ་སློབ་གྲྭ་ཞིག་འདུག མཐོ་རིམ་སློབ་གྲྭ་དེ་སྔོན་མ་དང་པོ་ཚུགས་སྐབས་སློབ་ཕྲུག་ལྔ་བཅུ་ཙམ་ཡོད་པའི་མི་ཉུང་ཉུང་ཞིག་གི་སློབ་གྲྭ་དེ་བཙུགས་འདུག དེ་དུས་སློབ་སྦྱོང་སྤྲོད་སྟངས་དེ་སོག་པོ་རང་གི་སྐད་ཡིག་ཐོག་ནས་བསླབ་ཐུབ་པའི་རིགས། དཔེར་ན། སུམ་རྟགས་ཀྱི་བཟོ་འདྲ་པོ་དང༌། ཡི་གེའི་བརྡ་དག་སྐོར། སྨན་གྱི་སྐོར་དེ་འདྲ་ཁ་ཤས་སོག་པོ་རང་གི་སྐད་ཡིག་ཐོག་ནས་བསླབ་ཐུབ་པ་དེ་རྣམས་རང་སྐྱ་འཕེར་བའི་སྒོ་ནས་སོག་པོའི་སྐད་བེད་སྤྱོད་བྱས། དེ་མིན་རྣམས་སློབ་ཚན་གྱི་ནང་ལ་སྒྱུར་གྱིན་སྒྱུར་གྱིན་བྱས་ཏེ་ཕྱིན་པའི་སྐད་ཆ་ཞིག་བཤད་ཡོང་གི་འདུག སྔོན་མ་ཕི་རི་མན་གྱིས་ང་ཚོར་བསམ་འཆར་བཤད་པ་དེ་ལག་ལེན་བཀལ་བ་འདྲ་པོ་ཞིག་གི་མཐོང་ཚུལ་བྱུང༌།

དུས་སྐབས་བྱུང་ན་དེང་སང་ང་ཚོ་ཕྱི་སོག་ལ་འགྲུལ་བཞུད་ནི་ཡོད་པ་རེད། དཔེར་ན་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཞིག་ང་ཚོའི་ཝཱ་རཱ་ཎ་སཱིའི་མཐོ་རིམ་སློབ་གྲྭའི་འགན་བླངས་ནས་ལས་ཀ་བྱས་དང་བྱེད་མུས་རེད། སོག་ཡུལ་ལ་འགྲོ་ཐུབ་ན་ཁྱད་མཚར་འདུག ཕྱིན་ནས་ཁོང་ཚོས་ཉམས་མྱོང་ཅི་འདྲ་ཅི་འདྲ་བསགས་འདུག ཞིབ་འཇུག་བྱེད་དགོས་ཀྱི་འདུག ངས་དེ་དུས་ཡུད་ཙམ་ཞིག་མཐོང་བ་མ་གཏོགས་ཞིབ་ཚགས་བྱས་ནས་སྐད་ཆ་བྱུང་ཡོད་པ་མ་རེད། དེ་དུས་ངས་རྗེས་སུ་མི་ཁ་ཤས་ཤིག་བཏང་ཡོང་གི་ཡིན། ཁྱེད་རང་ཚོས་འདིར་མཐོ་སློབ་བཙུགས་པའི་ཉམས་མྱོང་གང་འདྲ་གང་འདྲ་བྱུང་བ་རྣམས་ང་ཚོས་ངེས་པར་དུ་སློབ་སྦྱོང་བྱེད་དགོས་ཀྱི་འདུག་ཅེས་སྐད་ཆ་བྱུང༌། ཡིན་ན་ཡང༌། ད་བར་དེ་མུར་ལུས་པ་རེད། ད་ལྟ་དྲན་པ་ཡིན་སྟབས་བཤད་པ་ཡིན། བལྟ་བར་ཕྱིན་ན་ཡག་པོ་ཡོང་བ་འདུག ཟམ་གདོང་རིན་པོ་ཆེ་འགྲོ་རྒྱུའི་འཆར་གཞི་ཞིག་བཟོས། མི་རེ་གཉིས་ཤིག་མཉམ་དུ་ཕྱིན་ན་སྔོན་མ་ང་དང་སྐད་ཆ་ཞིག་ནི་བྱུང་ཚར་བ་རེད། དེའི་མཇུག་མནན་ནས་ཕྱིན་ཏེ་ཉི་མ་ཁ་ཤས་ཞིབ་འཇུག་དང་སློབ་སྦྱོང་བྱས་ནས་ཁོང་ཚོའི་ཉམས་མྱོང་དེ་ལེན་གྱི་ཡིན་ན་ཡག་པོ་འདུག

ལུང་པ་ཁ་ཤས་ལ་སྐད་གཅིག་ཡོད་པ་མ་གཏོགས། ཡི་གེ་མེད་པར་ཡི་གེ་གཞི་ནས་རི་མོའི་ཐོག་ནས་བཟོ་དགོས་ཀྱི་ཡོད་པ་རེད། ང་རང་ཚོ་བོད་ལ་སོ་སོའི་ཡི་གེ་ཆ་ཚང་གཅིག་ཡོད་ཡོད་པ་རེད། དེ་འདྲ་ཡིན་སྟབས་བོད་པའི་ཡི་གེ་ཕྱུག་པོ་བཟོ་བ་ལ་བོད་པའི་ཡི་གེ་བེད་སྤྱོད་གང་སར་བྱེད་ཐུབ་པ་ཞིག་ང་ཚོས་བཟོ་ཐུབ་པ་མ་བྱུང་ན། དཀའ་ངལ་མུ་མཐུད་ནས་འཕྲད་རྒྱུ་རེད། རིམ་པས་རིམ་པས་བོད་ཡིག་གི་ཆེ་མཐོང་བརླག་རྒྱུའི་ཉེན་ཁ་ཡང་ཡོད། གནད་དོན་འདི་ལ་ང་ཚོས་སྤམ་ཤོར་དགོས་པ་དང༌། ངོ་ཚ་དགོས་པ་གང་ཡང་མེད། ཤེས་བྱའི་རྣམ་གྲངས་གཞན་དག་ཐོག་ལ་བོད་ཡིག་བེད་སྤྱོད་བྱེད་རྒྱུ་མ་བྱུང་སྟབས་བོད་ཡིག་གི་མིང་ཚིག་ཡར་རྒྱས་འགྲོ་མ་ཐུབ་པ་རེད།

དཔེར་ན། ནང་པའི་ཆོས་ཀྱི་ཐོག་ལ་ད་ལྟ་ཕན་ཆད་བེད་སྤྱོད་མ་ཐུབ་པའི་ཨིན་ཇིའི་སྐད་དང༌། ཕ་རན་སི། འཇར་མན་ལ་སོགས་པ་དེ་ཚོའི་གྲས་ནས་ནང་པའི་ཆོས་བཤད་ཡོང་དུས་དཀའ་ངལ་ཤིན་ཏུ་ཆེན་པོ་འདུག གཞི་ནས་ཆོས་ཀྱི་མིང་ཚིག་གསར་པ་བཟོས་ཏེ་ག་ལེ་ག་ལེར་གཏན་འབེབས་བྱ་རྒྱུ་ཞིག་མ་གཏོགས་མི་འདུག ང་རང་ཚོ་བོད་པའི་ཡི་གེ་འདི་ཉིད་བརྗོད་བྱ་གསར་པ་དེ་དག་སྔར་ཕན་འཕྲད་མ་མྱོང་བ་ཡིན་སྟབས་བེད་སྤྱོད་བྱེད་རྒྱུ་མ་བྱུང་བ་མ་གཏོགས། བོད་ཡིག་སྐྱོ་དྲགས་ནས་བེད་སྤྱོད་བྱེད་མ་ཐུབ་པ་དང༌། བོད་ཡིག་གི་ནུས་པས་མ་འདང་བ་གང་ཡང་མ་རེད། དེ་ལ་ང་ཚོས་ཏན་ཏན་བསམ་བློ་གཏོང་དགོས་ཀྱི་འདུག ལོ་གཅིག་ང་ཚོ་སྐད་ཆ་བྱུང༌། གཞན་དག་གང་ཡིན་རུང་མིན་རུང༌། སྔོན་ལ་དམའ་རིམ་འཛིན་གྲྭ་ལྔ་པ་དྲུག་པ་ཙམ་གྱི་སློབ་ཚན་ཚང་མ་བོད་ཡིག་ཁེ་གཙང་ནས་བསླབ། རིམ་པས་རིམ་པས་བོད་ཡིག་སློབ་ཚན་གྱི་རིམ་པ་སྤར་གྱིན་སྤར་གྱིན་བྱས་ན་ཡག་པོ་འདུག

རྒྱ་གར་ནང་གི་རྒྱུགས་སྤྲོད་ཀྱི་ཐོག་ལ་དཀའ་ངལ་ཡོང་མདོག་ཁ་པོ་ཡོད་ཀྱང། དེ་ལ་ཐབས་ཤེས་བྱེད་དགོས། ང་ཚོ་ལས་དོན་མང་པོ་ཞིག་ལ་འདི་འདྲ་བྱས་ནས་དཀའ་ངལ་འདི་འཕྲད་ཀྱི་རེད་ཟེར་ནས་གཡུགས་ཞོག་ཅེས་ལབ་ན། གཡུག་བཞག་པ་རང་རེད། ལས་ཀ་འདི་བྱས་ན་དཀའ་ངལ་འདི་འཕྲད་ཀྱི་རེད་ཅེས་སྐད་ཆ་ཡོང་རྒྱུ་དེ་ཏན་ཏན་རེད། དཀའ་ངལ་དེ་འཕྲད་སོང་ན་སེལ་ཐབས་ག་རེ་འདུག་གམ་ཞེས་ལམ་སང་རིམ་པ་གཉིས་པ་དེར་བསམ་བློ་བཏང་ནས་འགྲོ་དགོས་ཀྱི་འདུག རྩ་བ་ནས་སེལ་ཐབས་མེད་པ་ཞིག་དང༌། འགྲོ་ཐབས་མེད་པ་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད། མ་གཞི་ནས་ཁ་སང་ལས་བསྡོམས་སྐབས་ལའང་སྐད་ཆ་བྱུང༌། གལ་ཆེན་པོ་ཞིག་མཐོང་ཡོང་གི་འདུག

གང་ལྟར་སློབ་གྲྭའི་དགེ་རྒན་ཚོ་ལ་དངོས་གནས་ཀྱི་འགན་ཆེན་པོ་ཞིག་སླེབས་ཡོང་གི་ཡོད་པ་རེད། མ་འོངས་པའི་བོད་ཀྱི་གནས་སྟངས་ཅི་འདྲ་ཞིག་ཡོང་དང་མི་ཡོང་གི་གནས་ཚུལ་ང་ཚོས་སྲིད་བྱུས་ཀྱི་ཐོག་ནས་བསམ་བློ་བཏང༌། གོ་རིམ་བསྒྲིགས་ནས་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་དེ་རྣམས་ལག་ལེན་འགེལ་མཁན་མི་ལ་ཐུག་གི་ཡོད་པ་དང༌། དེ་ཡང་མ་འོངས་པར་འཚར་ལོངས་བྱེད་མཁན་གྱི་ཕྲུ་གུ་ཚོ་ལ་ཐུག་ཡོང་བ་ཡིན་སྟབས། དེ་ཚོས་ལག་ལེན་སྒང་ལ་འགྲོ་ཐུབ་པ་བྱ་རྒྱུ་འདི་ང་ཚོའི་རྩ་དོན་ལ་ཐུག་པས་ཤིན་ཏུ་གལ་ཆེན་པོ་འདུག ཚང་མས་ལས་འགན་ཆེན་པོ་ཞིག་སྒྲུབ་ཀྱི་ཡོད་བསམ་པའི་ཐོག་ནས་ཉིན་རེ་ཉིན་རེའི་ལས་ཀའི་ནང་ལ་ལྷོད་ཡངས་དང༌། སྒྱིད་ལུག་མ་བྱས་པར་གཟབ་གཟབ་བྱེད་རྒྱུ་དེ་ཤིན་གལ་ཆེན་པོ་རེད།

བོད་ནང་ལ་རྒྱ་མིས་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ལ་ཤུགས་སྣོན་བརྒྱབ་པ་ནང་བཞིན་ཡར་རྒྱས་ཕྱིན་ན་ང་ཚོ་བཙན་བྱོལ་བ་ཚོས་འགྲན་སྡུར་བྱེད་དགོས་པའི་མཚམས་ལ་སླེབས་པ་རེད།

སྤྱིར་བཏང་གི་གནས་ཚུལ་བཤད་པ་ཡིན་ན། དེང་སང་བོད་ནང་གི་ཤེས་ཡོན་གྱི་གནས་ཚད་དེ་དང༌། ང་རང་ཚོ་བཙན་བྱོལ་བའི་མིང་འཁྱེར་བའི་ཤེས་ཡོན་གྱི་གནས་ཚད་གཉིས་བསྡུར་བ་ཡིན་ན། ད་ལྟ་ཕན་ཆད་ལ་ང་ཚོ་མིའི་ལུང་པར་ཡོད་པ་ཚོ་ལགས་པ་ཡོད་པ་རེད། རྒྱ་མིས་ཀྱང་མོས་མཐུན་བྱེད་ཀྱི་ཡོད་བཟོ་འདུག དེ་རྣམས་ནི་ང་ཚོ་དངོས་གནས་སྤོབས་པ་སྐྱེ་འོས་པ་ཞིག་རེད། ང་ཚོས་ད་ལྟ་ཕན་ཆད་ལ་སྤོབས་པ་སྐྱེ་འོས་པ་ཞིག་བསྒྲུབས་ཐུབ་ཡོད་པ་ལྟར། མ་འོངས་པར་ཡིན་ན་ཡང་ང་ཚོས་རིག་པ་བསྒྲིམས་ན་སྒྲུབ་མི་ཐུབ་པ་རྩ་བ་ཉིད་ནས་ཡོད་པ་མ་རེད།

དེང་སང་བོད་ནང་ལ་རྒྱ་མིས་སྲིད་བྱུས་གསར་པ་ཞིག་བཏིང་ནས་ཤེས་ཡོན་ཐོག་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་བློ་ཤུགས་ཆེན་པོ་གཏོང་གི་འདུག དཔེར་ན་ཀྲུང་དབྱང་གི་ཡིག་ཆ་ཨང་དྲུག་པ་ཟེར་བའི་ནང་ལ་བོད་ཀྱི་ས་ཁུལ་ཡོངས་རྫོགས་ལ་བོད་ཡིག་གཙོ་བོར་བྱས་ཏེ་བསླབ་དགོས་པ་དང༌། བོད་ཡིག་ཡར་རྒྱས་གཏོང་རྒྱུའི་ཐོག་ལ་ནན་པོ་བྱས་ཏེ་བཤད་འདུག དེ་ལག་ལེན་འཁེལ་ཐུབ་མིན་མི་ཤེས། རྒྱ་མིས་ཁ་ནས་བཤད་པ་དེ་ལག་ལེན་འགེལ་རྒྱུ་ཧ་ཅང་ཁག་པོ་རེད། ཡང་ལག་ལེན་བཀལ་ཡོང་དུས་གཡས་གཡོན་གང་ས་ནས་འཁོན་འཁོན་ཐོགས་ཐོགས་ཡོང་བ་ཡང་ཕལ་ཆེར་ཆོས་ཉིད་རེད། ཡིན་ན་ཡང་གལ་ཏེ་ངེས་མེད་ཀྱི་བོད་ནང་ལ་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ལ་དངོས་གནས་ཤུགས་སྣོན་བརྒྱབ་པ་ནང་བཞིན་གྱི་ཡར་རྒྱས་ཡག་པོ་ཞིག་ཕྱིན་པ་ཡིན་ན་ང་ཚོ་བཙན་བྱོལ་བ་ཚོས་འགྲན་སྡུར་བྱེད་དགོས་པའི་མཚམས་ལ་སླེབས་པ་རེད།

རྒྱ་མིས་འགྲོ་སོང་གཏོང་རྒྱུར་ཆ་བཞག་ན། བོད་ལུང་པའི་སློབ་སྦྱོང་ཐོག་ལ་རྒྱ་མིས་འགྲོ་སོང་གཏོང་འདོད་བྱུང་ན་འགྲོ་སོང་དངོས་གནས་ཤུགས་ཆེན་པོ་གཏོང་ཐུབ་ཀྱི་རེད། དེ་འདྲ་གཏོང་དགོས་པ་ཞིག་ཀྱང་རེད། བོད་ཀྱི་པགས་པ་ཆ་ཚང་རྒྱ་མིས་བཤུས་ཟིན་པ་རེད། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་རྒྱ་མིར་དབང་སྟེ་གསོད་དགོས་སར་བསད། གཏུབ་དགོས་སར་གཏུབས། འཇིབ་དགོས་སར་འཇིབས་ནས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཀྱི་དྭངས་མའི་བཅུད་དེ་རྒྱ་མིས་འཐེན་ཚར་བ་རེད། གནས་ཚུལ་དེ་ལྟ་བུའི་འོག་ནས་ཚུར་འགྲོ་སོང་གཏོང་དགོས་པ་ཞིག་བཏང་བ་ལ་བྱས་ཡུས་ཤོད་པ་དང༌། ངོམ་སོ་བྱེད་དགོས་དོན་གང་ཡང་མེད་པ་རེད།

བར་ལམ་རྒྱ་མི་ཁ་ཤས་ཀྱིས་བོད་ནང་རྒྱ་ནག་དབུས་གཞུང་གིས་ཐུགས་ཁུར་ཆེན་པོ་བཞེས་ནས་མི་དམངས་ཤོག་དངུལ་དུང་ཕྱུར་གསུམ་བཏང་ཡོད་པ་རེད་ཟེར་ནས་འུད་སྒྲོག་བྱེད་ཀྱི་ཡོད་པ་རེད། ངོམ་སོ་ག་རེ་བྱས་ནས་བྱེད་དགོས་པ་རེད། ཁྱེད་རང་ཚོ་བོད་ནང་ལ་འགྲོ་མཁན་ཚོས་ཤེས་གསལ་རེད། དགོན་པ་ཆེ་ཁག་ཕར་ཞོག དགོན་པ་འབྲིང་ཚད་གཅིག་ལ་ཆ་བཞག་ན་ཡང་དེའི་ནང་གི་སྐུ་གསུང་ཐུགས་རྟེན། ཁྱིམ་ཚང་མི་རེ་ངོ་རེའི་ནང་གི་མི་ཐོག་ནས་མི་ཐོག་བསགས་པའི་དངོས་ཆས་ཚང་མ་རྒྱ་མིས་འཕྲོག་པ་རེད། རྒྱ་མིས་ཟོས་པ་རེད། འདམ་གྱིས་བཟོས་པའི་སྐུ་འདྲ་དེ་ཚོའི་གྲས་ལུད་སྦྱོར་བྱེད་རྒྱུའི་དོན་ལ་གཏོར་བ་མ་གཏོགས། དེ་མིན་གསེར་ཟངས་ཀྱི་སྐུ་འདྲ། དཔེར་ན། གསལ་ཤོས་ཤིག་ལ་ང་རང་ཚོའི་ར་མོ་ཆེའི་གཙུག་ལག་ཁང་གི་ཇོ་བོའི་སྐུ་བརྙན་དེ་སྟོད་གླིང་སྨད་གླིང་ཕྲལ་ཏེ། སྐུ་སྨད་དེ་ལྷ་སའི་འབུད་རྫས་མཁོ་འདོན་ཁང་ཞིག་ནས་ཐོན་པ་དང༌། སྐུ་སྟོད་དེ་རྒྱ་ནག་གི་བཟོ་གྲྭ་ཞིག་ཏུ་དབོར་ཏེ། བཟོ་གྲྭའི་ཅ་ལག་གི་མཛོད་ཁང་ཞིག་ནས་རྙེད་པ་རེད། དེ་དང་དེས་མཚོན་པའི་བོད་ཀྱི་དངོས་རིགས་ཤིན་ཏུ་མང་པོ་རྒྱ་མིར་བེད་སྤྱོད་ཡོད་པ་དེ་དག་ཡོངས་རྫོགས་རྒྱ་ནག་ལ་དབོར་བ་རེད།

དཔེར་ན། ངས་ངོ་ཤེས་པའི་ཨ་མདོ་བ་གཅིག་སྔོན་མ་ལོ་གཉིས་གསུམ་གོང་ལ་ཐུག་འཕྲད་སྐབས་ཟེར་དོན། ཁོ་རང་ཡོད་སའི་གྲོང་སྡེ་དེའི་ནང་ལ་སྔོན་མ་ཡིན་ན་རག་སྐྱོགས་མེད་པ་གཅིག་ཀྱང་མེད། མི་ཚང་རེ་རེའི་ནང་ལ་རག་སྐྱོགས་ཆེན་པོ་གཅིག་དང༌། ཆུ་ར་མ་རེ་ཡོད་ཀྱང༌། ཁོ་རང་ལོ་གཉིས་གསུམ་གོང་དེར་ཕྱིན་པའི་སྐབས་ལ་རག་སྐྱོགས་རྡོག་པོ་གཅིག་མཐོང་རྒྱུ་མི་འདུག་ཟེར་གྱི་འདུག རག་སྐྱོགས་དེ་ཚོ་ས་ལ་སྦས་པ་མ་རེད། ཆུ་ལ་གཡུགས་པ་ཡང་མ་རེད། རྒྱ་མིས་དབོར་བ་རེད། དེ་འདྲ་ཡིན་སྟབས། གང་ལྟར་རྒྱ་མིས་ཚུར་བོད་ལ་ཐུགས་རྗེ་དང༌། བཀའ་དྲིན་ཆེའི་རྣམ་འགྱུར་སྟོན་དགོས་ཀྱང། དེ་ལྟར་བྱ་རྒྱུ་ཧ་ཅང་ཁག་པོ་རེད། གང་ལྟར་ཡང་ད་ལྟ་བར་དུ་རྒྱ་མིས་འགྲོ་སོང་གང་འཚམ་བཏང་ཡོད་ལ་ད་དུང་གཅིག་བྱས་ན་འགྲོ་སོང་ཤུགས་ཆེན་པོ་གཏོང་མདོག་ཁ་པོ་རེད། བོད་ནང་ལ་རྒྱ་མིས་ཤུགས་བསྒྲིལ་ཏེ་ཡར་རྒྱས་བཏང་བ་ཡིན་ན། ང་ཚོས་དེ་ཚོའི་རིགས་ཁ་ཤས་ལ་འགྲན་སྡུར་བྱེད་ཐུབ་མདོག་ཁ་པོ་མ་རེད།

ཡིན་ན་ཡང༌། ཤེས་ཡོན་ཡར་རྒྱས་འགྲོ་བའི་ནུས་ཤུགས་གཅིག་དངུལ་ཡིན་ན་ཡང༌། གཙོ་ཆ་ཤོས་མིའི་བསམ་བློ་རེད། རྒྱ་མིས་དགེ་རྒན་བྱས་ཏེ་འཕག་འཚག་ག་ཚོད་བརྒྱབ་རུང་མ་བརྒྱབ་རུང༌། རྒྱ་མིའི་ལག་པའི་འོག་ཏུ་གནས་པའི་ཕྲུ་གུ་དེ་ཚོའི་བསམ་བློའི་རང་དབང་དང༌། ང་ཚོ་འདིར་སྡོད་ས་མིའི་ལུང་པ་ཡིན་ན་ཡང་རང་དབང་གཙང་མ་ཡོད་པའི་སྤྱི་ཚོགས་ཤིག་ཡིན་པས་ཕྲུ་གུའི་རང་བཞིན་གྱི་བསམ་བློའི་ནུས་པ་དེ་ལ་ཏན་ཏན་ཁྱད་པར་ཡོང་གི་རེད་བསམ་གྱི་འདུག མ་གཞི་རྒྱ་མི་འགྱུར་བ་ཆེན་པོ་ཞིག་འགྲོ་གི་ཡོད་ཀྱང༌། དམར་པོའི་ལྟ་བ་སྤྱིའི་འགྲོ་སྟངས་དེས་ཁོང་ཚོར་གཅིག་སྡུད་ཀྱི་བསམ་བློ་ཤུགས་ཆེན་པོ་ཡོད་སྟབས། ལག་ལེན་བསྟར་ཡོང་དུས་ག་རེ་བྱས་ན་ཡང་མིའི་རྣ་ཅོག་གཉིས་དང༌། མིག་གཉིས་ཀ་བེད་སྤྱོད་བྱེད་ཐབས་མེད་པ་ཞིག་དེའི་ཆོས་ཉིད་རེད།

རྒྱ་མིས་དེ་རིང་ཁ་སང་སྲིད་བྱུས་འགྱུར་བ་བཏང་སྟེ་གུ་ཡངས་པོ་ཞིག་བཟོ་གི་ཡོད་ན་ཡང༌། མིའི་རྣ་བ་ཡ་གཅིག་ཕལ་ཆེར་ཁྲོག་པོ་བྱས་ཏེ་སྡོད་པ་མ་གཏོགས་ཇི་བཞིན་གོ་ཐུབ་ཀྱི་མ་རེད་བསམ་གྱི་འདུག རྣ་བ་ཡ་གཅིག་རྦད་དེ་འོན་པ་མིན་ནའང་ཁྲོག་པོ་བྱས་ཏེ་ཇི་བཞིན་མ་གོ་བའི་ངང་ནས་འཚར་ལོངས་བྱས་པའི་ཕྲུ་གུ་དེ་དང༌། ང་ཚོ་འདིར་རང་དབང་ལུང་པའི་ནང་ལ་རྣ་བ་གཉིས་ཀ་གསང་ཐག་ཆོད་ཀྱི་ཐོག་ནས་སློབ་སྦྱོང་བྱས་པ་དེ་གཉིས་ནམ་ཡང་འདྲ་གི་མ་རེད། མི་ལ་རང་དབང་ཡོད་ན་གསར་གཏོད་ཀྱི་ནུས་པ་འདོན་ཐུབ་ལ། མི་ལ་རང་དབང་མེད་པར་བསམ་བློ་བཅིངས་བསྡད་ན་གསར་གཏོད་ཀྱི་ནུས་པ་འདོན་ཐུབ་ཀྱི་མ་རེད། སློབ་སྦྱོང་བྱེད་དུས་གསར་གཏོད་བྱེད་པའི་ནུས་པ་ཆ་ཚང་བེད་སྤྱོད་བྱས་པ་ཡིན་ན་སློབ་སྦྱོང་དངོས་གནས་ཡག་པོ་ཡོང་ཐུབ། གསར་གཏོད་བྱེད་པའི་ནུས་པ་ཆ་ཚང་བེད་སྤྱོད་བྱེད་མ་ཐུབ་ན་སྒྲ་འཛིན་འཕྲུལ་འཁོར་ནང་བླུགས་པ་ལྟར་ལས། དེས་ནུས་པ་གང་ཡང་འདོན་ཐུབ་ཐབས་མེད།

འགྲོ་སོང་གི་ཆ་ནས་བོད་ནང་ལ་རྒྱ་མིས་ཤུགས་བརྒྱབ་པ་ཡིན་ན་ང་ཚོས་དེར་འགྲན་སྡུར་བྱེད་མི་ཐུབ་པའི་ཉེན་ཁ་ཡོད་ན་ཡང༌། རིགས་ཁ་ཤས་ལ་ང་ཚོར་ཆ་རྐྱེན་བཟང་བ་ཡོད་པས། ང་ཚོས་རིག་པ་བསྒྲིམ་དགོས་ཀྱི་འདུག

དུས་རྒྱུན་དུ་སྤྱོད་པའི་ཟས་བཅུད་ཀྱིས་མ་འདང་ན། ཉི་མ་གཅིག་གཉིས་ལྟོ་ཆས་བཅུད་ཆེན་པོ་ཟོས་པས་ཇི་ལྟར་ཕན།

ད་ལྟའི་དུས་ཚོད་འདིར་བོད་ནང་ལ་ཆོས་དད་རང་མོས་ཡོད་ལུགས་བཤད་པ་ཙམ་ལས། སྤྱིར་བཏང་མིའི་ཤེས་ཡོན་ཡར་རྒྱས་འགྲོ་བའི་ཐོག་ལ་ཆོས་ཀྱི་བསླབ་བྱའི་ནང་ནས་ཨ་ར་པ་ཙ་འདྲ་བགྲངས་ནས་རིག་པ་ཡར་རྒྱས་འགྲོ་ཐབས་འདྲ་བྱེད་ཀྱི་ཡོད་ན་མ་གཏོགས་དེ་མིན་སྤྱིར་བཏང་གི་ཤེས་ཡོན་ཡར་རྒྱས་འགྲོ་བ་ལ་ཆོས་དང་འབྲེལ་བ་དམིགས་བསལ་ཡོད་མེད་མི་ཤེས། ཚུར་ཕྱོགས་འདིར་སློབ་སྦྱོང་ཡོད་པའི་མི་སྤུས་དག་པོ་ཞིག་ཡོང་དང་མི་ཡོང་དེ་ཆོས་དང་འབྲེལ་བ་ཆེན་པོ་ཡོད་ཅིང། དེའི་ཆ་རྐྱེན་ང་ཚོར་ཡོད་པ་ལྟར་བོད་ནང་ལ་མེད་པ་རེད། རྒྱ་མིས་ག་རེ་བཤད་རུང་མ་བཤད་རུང༌། གང་ལྟར་ཆོས་ཟེར་བ་དེ་ཕན་ཐོགས་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དཔེར་ན། ཀྲུང་དབྱང་གི་གསང་བའི་ཡིག་ཆ་ཨང་བཅུ་དགུ་པའམ། ཉི་ཤུ་པ་དེ་འདྲ་ཞིག་གི་ནང་ལ་ཆོས་ཟེར་མཁན་དེ་རྩ་བ་ཉིད་ནས་ཕན་ཐོགས་མེད་པ་ཞིག་ཡིན་ཚུལ་དང༌། རིམ་པས་རིམ་པས་ཆོས་དེ་རང་བཞིན་གྱི་མེད་པ་ཆགས་འགྲོ་གི་རེད། དེ་ཡང་མིའི་ཤེས་ཚད་ཡར་རྒྱས་ཕྱིན་པ་ཡིན་ན་ཆོས་དགོས་མཁོ་མེད་པ་ཞིག་རང་བཞིན་གྱིས་མཐོང་སྟེ། ཆོས་དེ་རང་བཞིན་གྱིས་ཡལ་འགྲོ་གི་རེད་ཅེས་བཤད་འདུག དེ་འདྲ་ཡིན་སྟབས་སློབ་གྲྭའི་ནང་ལ་ཆོས་ཀྱི་སློབ་ཚན་འཇུག་རྒྱུ་རྩ་བ་ཉིད་ནས་ལག་ལེན་འགེལ་གྱི་མ་རེད། དེ་མ་བཀལ་ན་ག་རེ་བྱས་ཀྱང་མིའི་བསམ་བློའི་ནང་ལ་ཡ་རབས་ཀྱི་བསམ་བློ་ཡོང་རྒྱུ་ཤིན་ཏུ་ཁག་པོ་རེད། དཔེར་ན། རྒྱ་མིས་ཁོ་རང་ཚོའི་སྲིད་བྱུས་ནང་ལ་མི་གསོད་རྒྱུ་དང༌། སྡུག་སྦྱོང་གཏོང་རྒྱུའི་ལྟ་བ་གཙོ་བོར་སློབ་སྦྱོང་བྱས་ནས་དུས་ཚོད་བསྐྱལ་ཏེ་མི་མ་རབས་ཀྱི་སྤྱི་ཚོགས་ཤིག་ཆགས་ཡོང་དུས། ད་ཆ་ཡ་རབས་སྤྱོད་བཟང་སྤེལ་དགོས་ཀྱི་འདུག ཡ་རབས་སྤྱོད་བཟང་སྤེལ་བའི་ལས་འགུལ་ཡིན་ཟེར་ནས་བོད་ནང་ཟླ་བ་གཅིག་གཉིས་ཚོགས་འདུ་འཚོགས་ཀྱི་འདུག དུས་རྒྱུན་དུ་སྤྱོད་པའི་ཟས་བཅུད་ཀྱིས་མ་འདང་ན། ཉི་མ་གཅིག་གཉིས་ལྟོ་ཆས་བཅུད་ཆེན་པོ་ཟོས་པས་ག་རེ་ཕན་གྱི་རེད་དམ། དུས་རྒྱུན་ལྡན་གྱི་བསམ་བློ་གཏོང་སྟངས་ལ། གསོད་གཏུབ་ཟེར་བ་སོགས་དང༌། ཆགས་སྡང་ལ་ཉམས་ལེན་གྱི་མཐིལ་བྱེད་དགོས་པའི་སློབ་སྦྱོང་སྤྲད་པའི་རྗེས་སུ། དུས་དུས་ལ་ཡ་རབས་སྤྱོད་བཟང་སྤེལ་དགོས་ཞེས་ལབ་ན་གད་མོ་ཤོར་གཞི་རེད།

དཔེར་ན། ཉེ་ཆར་ང་ལ་ཨ་མི་རི་ཀའི་གསར་འགོད་པ་ཞིག་ཐུག་བྱུང༌། ཁོང་བར་ལམ་རྒྱ་ནག་ལ་བསྡད་པ་ཡིན་ཟེར་གྱི་འདུག དེས་བོད་པའི་གཤིས་ཀ་དང་སྤྱོད་པ་རྒྱ་མི་དང་མི་འདྲ་བ་ཡོད་པའི་བསྔགས་བརྗོད་རང་བཞིན་གྱིས་བྱས་ཡོང་གི་འདུག དེ་བཞིན་མི་གཞན་ཞིག་ཐུག་བྱུང༌། ཁོང་ལ་གནས་ཚུལ་གསལ་པོ་ཞིག་མཐོང་སྣང་བྱུང་དོན། བོད་པ་དང་རྒྱ་མི་གཉིས་སྤྱོད་པ་མི་འདྲ་བ་དང༌། བསམ་བློ་གཏོང་སྟངས་དང༌། ཡ་རབས་ཀྱི་ཐོག་ལ་ཁྱད་པར་ཡོད་པ་ལྟ་ཅི་སྨོས། རྒྱ་ནག་སྐམ་ས་ཆེན་པོའི་གུང་ཁྲན་གྱི་འོག་ལ་འཚར་ལོངས་བྱས་པའི་རྒྱ་མི་དེ་ཚོ་དང༌། ཐེ་ཝན་དང༌། སིང་ག་པུར་ལ་ཡོད་པའི་རྒྱ་མི་དེ་ཚོའི་བསམ་བློ་གཏོང་སྟངས་ལ་ཡང་ཁྱད་པར་ཆེན་པོ་འདུག་ཅེས་བཤད་བྱུང༌། རྒྱ་མི་གཅིག་པ་རེད། རྒྱ་སྐད་རྒྱག་མཁན་གཅིག་པ་རེད། རྒྱ་མིའི་ཁ་ཟས་ཟ་མཁན་གཅིག་པ་རེད། ཁོང་ཚོ་འབུ་ཟ་མཁན་གཅིག་པ་དང༌། རྒྱ་མིའི་རིག་གཞུང་གཅིག་པ་རེད། ཡིན་ནའང་ཀུན་སྤྱོད་བཟང་ངན་གྱི་ཁྱད་པར་ཡོད་པ་དེ་ག་རེའི་ཐོག་ནས་བྱུང་བ་རེད་དམ།

ཕར་ཕྱོགས་དེར་ཕྱོགས་གཅིག་ནས་ཆོས་འདྲ་མིན་དེ་ཚོའི་ལྟ་བའི་ནང་ལ་རྒན་གཞོན་གོ་རིམ་བརྩི་དགོས་པ་དང༌། ཡ་རབས་བྱེད་དགོས་པ། དེ་འདྲའི་སྐད་ཆ་ཤུགས་ཆེན་པོ་བཤད་ཡོད་པ་རེད། ཚུར་ཕྱོགས་འདིར་གུང་ཁྲན་གྱིས་ད་ལྟ་བར་དུ་སློབ་སྦྱོང་སྤྲད་པའི་ནང་ལ་སྤྱིར་བཏང་སྤྱི་ཚོགས་རིང་ལུགས་ཟེར་ནས་རང་དོན་བློས་བཏང་ནས་སྤྱིའི་བདེ་རྩར་བསམ་བློ་གཏོང་དགོས་ཟེར་བ་དེ་ཡ་རབས་ཀྱི་མཐར་ཐུག་པ་ཞིག་རེད། ཡིན་ནའང་དེ་ལག་ལེན་བཀལ་ཡོང་དུས་ཁ་ནས་ག་ཚོད་བཤད་རུང་མ་བཤད་རུང་བསྒྲུབ་བྱ་དེ་འདྲ་ཞིག་དམིགས་ཡུལ་ལ་བཞག་ནས་དེ་སྒྲུབ་པའི་ཐབས་ཤེས་དེ་ཆགས་སྡང་ལམ་དུ་བྱས་པ་དང༌། ལྷག་དོན་འཁོན་འཛིན་ལམ་དུ་བྱས་པ་ཞིག་ཡིན་པས་ཡག་པོ་ཡོང་ཐབས་རྩ་བ་ནས་མི་འདུག

བོད་ནང་ལ་རྒྱ་མིས་སློབ་སྦྱོང་གི་སློབ་ཚན་བསྒྲིགས་ཏེ་ཁོང་ཚོས་ཆོག་མཆན་སྤྲད་པའི་སློབ་ཚན་གྱི་འོག་ནས་འཚར་ལོངས་བྱས་པའི་ཕྲུ་གུའི་བསམ་བློའི་ནང་ལ་དོན་དམ་པའི་ཡ་རབས་ཀྱི་བསམ་བློ་གཏོང་རྒྱུ་ཧ་ཅང་ཉུང་ཉུང་རེད། ང་ཚོ་འདིར་མིའི་ལུང་པར་ཡོད་པ་ཚོ་ལ་འདིའི་ཆ་རྐྱེན་ཆ་ཚང་ཡོད་པ་རེད། གནས་ཚུལ་འདིའི་ཐོག་ནས་ཡིན་ནའང་ང་ཚོས་ཏན་ཏན་འགྲན་སྡུར་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག ངས་ང་ཚོའི་སློབ་གྲྭའི་ནང་ལ་ཡོད་པའི་ཕྲུ་གུ་ཚང་མ་ཁ་ཏོན་བྱེད་མཁན་ཞིག་ཆེད་མངགས་བཟོ་དགོས་ཟེར་གྱི་མེད། གང་ལྟར་མི་ཡ་རབས་ཤིིག་བཟོ་དགོས་ཟེར་གྱི་ཡོད།

སྐྱེ་བ་ཕྱི་མ་དང༌། ལས་རྒྱུ་འབྲས། དཀོན་མཆོག་གསུམ་བཅས་ཁས་བླངས་ནའང་རུང༌། མ་བླངས་ནའང་རུང་ཁྱད་གང་ཡང་མི་འདུག མི་དེ་མ་ཤི་བར་དུ་རྫུན་མི་ཤོད་མཁན་ཞིག་དང༌། རྐུན་མ་མི་བྱེད་མཁན་ཞིག དངོས་གནས་སེམས་པ་བཟང་པོའི་མི་ཡ་རབས་ཤིག་བྱུང་ན་འགྲིགས་པ་ཡིན། དེས་སྐྱེ་བ་ཕྱི་མར་ཕན་གྱི་རེད། དོན་ངོ་མར་མི་ཡ་རབས་དང༌། དངོས་གནས་མི་སེམས་པ་བཟང་པོ་ལྷག་བསམ་ལྡན་པ་ཞིག་མ་བྱུང་ན། ཁ་ནས་ལས་རྒྱུ་འབྲས་དང༌། སྐྱབས་འགྲོ་བརྒྱ་བཤད་སྟོང་བཤད་བྱས་ནའང༌། དེས་ཡོང་རྒྱུ་གང་ཡང་མེད་པ་ཤེས་གསལ་རེད། ང་ཚོར་དོན་དག་བྱུང་ན་ཕྱི་ལ་འདྲ་ཆགས་པོ་ཤོད་དགོས་དོན་གང་ཡང་མེད།

ང་ཚོར་སློབ་སྦྱོང་གི་ཆ་རྐྱེན་ཡོད་པ་རྣམས་བེད་སྤྱོད་ཡག་པོ་བྱས་ཏེ་ནུས་པ་འདོན་ཐུབ་ན་ཚུར་དཔེ་བལྟ་ཡུལ་ཞིག་ཡོང་སྲིད་ཀྱི་རེད།

ངའི་དམིགས་ཡུལ་ནི་ང་ཚོའི་མི་ཐོག་འདི་དངོས་གནས་མི་ཡ་རབས་འབའ་ཞིག་བྱུང་རོགས་བྱས་ན་བསམ་པ་དེ་ཡིན། དེ་བྱུང་ན་འགྲིགས་པ་རེད། སྐྱེ་བ་ཕྱི་མར་དེས་ཕན་པ་རེད། ང་ཚོར་དེའི་ཆ་ནས་ཆ་རྐྱེན་བཟང་པོ་ཞིག་ཡོད་བསམ་གྱི་འདུག དེ་རྒྱ་མིས་བྱེད་མི་ཐུབ་པ་ཞིག་རེད། དེ་འདྲའི་བསམ་བློ་བཏང་བ་ཡིན་ན། ད་ལྟ་ང་ཚོ་བཙན་བྱོལ་བ་བྱས་ཏེ་ཁ་ཐབས་སྐྱོ་པོ་ཞིག་ཡོད་ན་ཡང༌། ང་ཚོར་བོད་ཕྲུག་རྣམས་ལ་སློབ་སྦྱོང་སྤྲོད་རྒྱུའི་ཆ་རྐྱེན་ཞིག་ཡོད་བསམ་གྱི་འདུག ཆ་རྐྱེན་དེ་ང་ཚོས་བེད་སྤྱོད་ཡག་པོ་བྱས་ཏེ་ནུས་པ་འདོན་ཐུབ་ན་འཛམ་བུ་གླིང་གི་མི་གཞན་དག་ཚོས་ང་ཚོའི་སློབ་སྦྱོང་བྱེད་སྟངས་ལ་ཚུར་དཔེ་བལྟ་ཡུལ་ཞིག་ཡོང་སྲིད་ཀྱི་རེད་བསམ་གྱི་འདུག

ད་ལྟ་འཛམ་བུ་གླིང་འདིའི་སྒང་གི་དཔེར་ན། ཡུ་རོབ་ནང་གི་རྒྱལ་ཁབ་འདྲ་མིན་ཚོའི་ནང་སློབ་གྲྭའི་འགྲོ་སྟངས་ཀྱིས་འགྲིག་གི་མི་འདུག་ཅེས་སྐད་ལུང་པ་གང་རྒྱག་གི་འདུག་ལ། ཨ་རིའི་ནང་ལ་ཡིན་ནའང་སྐད་ཆ་དེ་འདྲ་ཟེར་མཁན་འདུག

ཤར་ཕྱོགས་རྒྱལ་ཁབ་ནང་ལ་སྤྱིར་བཏང་མིའི་ཤེས་ཚད་ཆ་སྙོམས་བྱས་ན་སློབ་སྦྱོང་ཚད་མཐོ་ཤོས་དང༌། དྲག་ཤོས་ཤིག་ཉི་ཧོང་ཡིན་པ་རེད། སིང་ག་པུར་ཟེར་བའི་རྒྱལ་ཁབ་ཆུང་ཆུང་དེ་ཧ་ཅང་ཚགས་ཚུད་པོ་ཞིག་ལ་བརྩི་གི་འདུག དེའི་ནང་ལ་ཉེ་དུས་ལོ་གཅིག་གཉིས་ཀྱི་ནང་ནས་སྤྱིར་ཆོས་ཀྱི་ཐོག་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་ཞིག་དང༌། ལྷག་དོན་ནང་པའི་ཆོས་ཀྱི་ཐོག་ལ་དོ་སྣང་ཆེན་པོ་ཞིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་ཐོས་རྒྱུ་འདུག དེ་རྣམས་ནང་པའི་ཆོས་ལ་དགའ་ཞེན་གུས་བརྩི་བྱས་པ་གང་ཡང་མ་རེད། ཕན་ཐོགས་ཤིག་དང་དགོས་པ་ཞིག་མཐོང་ནས་བྱས་པའི་གནས་ཚུལ་ཡིན་གྱི་རེད།

ང་རང་ཚོ་བོད་པ་ལ་འདི་འདྲའི་ཐོག་ནས་ཆ་རྐྱེན་ཞིག་ཡོད་ངེས་ཡིན་པས། ང་ཚོས་ཡག་པོ་ཞིག་བྱེད་ཐུབ་ན་ཤེས་ཡོན་ཡོད་པ་ལྷག་བསམ་ལྡན་པ་ཞིག་ངེས་པར་དུ་ཡོང་ཐུབ་ཀྱི་རེད། རྒྱ་མིས་ཕར་ཕྱོགས་དེར་དམར་པོ་ཡིན་ལ་ཤེས་ཡོན་ཅན་ཡིན་པ་ཟེར་གྱི་ཡོད་པ་རེད། དེ་བཞིན་ང་ཚོས་ཚུར་ཕྱོགས་འདིར་ཤེས་ཡོན་ཅན་ཡིན་ལ་ལྷག་བསམ་ལྡན་པ་ཞིག་བྱེད་དགོས།

ལྷག་བསམ་ཞེས་པ་དེ་གང་ཡིན་ཞེ་ན། གཞན་ཕན་གྱི་བསམ་བློ་ཡོད་པ་ཞིག་སྟེ། ལྷག་བསམ་གྱི་རྩ་བ་གཞན་ཕན་རེད། ཕན་པའི་བསམ་པ་ཡོད་པའི་མི་ཞིག་བྱུང་ན། མིའི་སྤྱི་ཚོགས་ནང་ང་ཚོ་མཉམ་དུ་རུབ་རུབ་བྱས་ནས་སྡོད་དགོས་པ་ཞིག་རེད། མཉམ་དུ་སྡོད་དགོས་པའི་སྤྱི་ཚོགས་དེའི་ནང་ལ་ཅི་ཙམ་ཕན་པའི་བསམ་བློ་ཡོད་པ་དེ་ཙམ་གྱིས་སྤྱི་ཚོགས་དེ་སྐྱིད་པ་ཞིག་ཡོང་གི་རེད། དེ་ལ་ང་ཚོས་འགྲེལ་བཤད་རྒྱག་དགོས་པ་མི་འདུག མིག་མཐོང་ལག་ཟིན་བྱས་ནས་ང་ཚོས་མཐོང་གསལ་རེད།

མི་ཚང་མ་བསེ་རུ་ལྟ་བུའི་རང་སངས་རྒྱས་ཀྱི་བཟོ་འདྲ་པོ་བྱས་ནས་སྡོད་མཁན་ཞིག་དང༌། ཡང་ན། རང་དོན་འབའ་ཞིག་བསམས་ནས་མི་མཐོང་ཚད་ཀྱི་མགོ་ལ་མགོ་བརྡུང་སྤྲོད་སྙམ་མཁན་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད། དེ་འདྲ་མ་རེད། མི་ཡི་རང་བཞིན་ལྷན་སྐྱེས་ཀྱི་གནས་སྟངས་ནི་མཉམ་དུ་སྡོད་མཁན་ཞིག་དང༌། རོགས་པ་མེད་པར་བསྡད་ན་སྐྱོ་སྣང་སླེབས་པ་ཞིག མི་ཞིག་མཐོང་ན་དགའ་པོ་ཡོང་བ་བཅས་ནི་རང་བཞིན་གྱི་གནས་སྟངས་རང་རེད། གནས་སྟངས་འདིའི་འོག་ནས་གཅིག་གིས་གཅིག་ལ་སེམས་པ་བཟང་པོ་དང། ཤ་ཚའི་བསམ་བློ་ཞིག་ཡོད་ན་སྐྱིད་པོ་གང་འདྲ་ཡོང་གི་མ་རེད་དམ། གནས་སྟངས་མཉམ་དུ་སྡོད་དགོས་པ་ཞིག་ལ་སྡོད་སྟངས་འཁྲུག་པ་ཤ་སྟག་བརྒྱབ། མགོ་སྐོར་ཤ་སྟག་བཏང་སྟེ་བསྡད་པ་ཡིན་ན་རང་བཞིན་གྱིས་མིའི་གནས་སྟངས་དང་རྒྱབ་འགལ་ལྟ་བུ་ཆགས་ཡོང་གི་འདུག མི་འདུག་གམ། ངའི་ལྟ་ཚུལ་དེ་འདྲ་ཞིག་ཡོད།

སེམས་པ་བཟང་པོ་བྱེད་པ་དང༌། ཕན་སེམས་བྱེད་པ་དེ་ཆོས་ཀྱི་སྐད་ཆ་གཅིག་པུ་མ་ཡིན་པར། དེ་ནི་དངོས་གནས་མིའི་སྤྱི་ཚོགས་ནང་གི་གཞི་རྩའི་འཚོ་བའི་གནད་དོན་གལ་ཆེན་པོ་ཞིག་རེད། ང་ཚོ་འདིར་བོད་པའི་ཕྲུ་གུ་ཁྲི་ཁ་ཤས་ཤིག་མ་གཏོགས་མེད། ངས་འདི་རྣམས་ལ་སློབ་སྦྱོང་སྤྲོད་རྒྱུའི་རྩ་བའི་སྡོང་པོ་དེ་ཕན་པའི་བསམ་པ་ཟེར་བ་འདི་རྩ་བར་བཟུང་དགོས། དེའི་རྩ་བ་ཚུགས་ཐུབ་པ་ཞིག་བྱུང་ན། འདི་རྣམས་ཕ་མ་ཆགས་ཏེ་སོ་སོར་ཕྲུ་གུ་ཡོང་དུས་དེ་ག་ནང་བཞིན་གྱི་གཤིས་རྒྱུད་བཟང་པོ་ཞིག་དང༌། མིག་ལྟོས་བཟང་པོ་ཞིག་འཇགས་ཐུབ་ནས་རིམ་པས་རིམ་པས་ང་ཚོའི་མི་འབུམ་གཅིག་གཉིས་ཅི་བྱུང་དངོས་གནས་མི་སྡེའི་མཚན་ཉིད་ཚང་བ་ཞིག་བཟོ་ཐུབ་ཀྱི་རེད།

ད་ལྟ་ལོ་ཉི་ཤུ་རྩ་གྲངས་མ་གཏོགས་ཕྱིན་མེད་ཀྱང་བོད་པའི་སྤྱི་ཚོགས་ནང༌། བོད་མིའི་བསམ་བློ་གཏོང་སྟངས་དང༌། བོད་པའི་གོམས་གཤིས། བོད་པའི་གཉེན་སྒྲིག་བྱེད་སྟངས། བོད་པའི་སྤྱིར་བཏང་གི་ཉིན་རེ་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་གྱི་འཚོ་བ་སྤྱོད་སྟངས་དེ་ཚོའི་ཐོག་ལ་བརྟག་དཔྱད་བྱེད་མཁན་ཕྱི་རྒྱལ་བ་མང་པོ་ཞིག་ཡོང་གི་འདུག ད་དུང་ཡང་ཡོང་གི་རེད། ང་ཚོས་ཤེས་ཡོན་སྤྲོད་སྟངས་དེ་དངོས་གནས་ཁ་ནས་ཤོད་རྒྱུ་མང་པོ་ཡོད་པ་ཞིག་དང༌། ལས་ཀ་འཇོན་པོ་རྒོད་པོ་ཡོད་པ་ཙམ་མ་ཡིན་པར། དངོས་གནས་མི་ཚེ་སྐྱེལ་སྟངས་ཀྱི་གནས་ལུགས་ཤེས་པའི་སྒོ་ནས་མི་ཚེ་ཞི་ཞིང་དུལ་བའི་ཐོག་ནས་སྐྱེལ་ཐུབ་པའི་མི་སྡེའི་སྤྱི་ཚོགས་ཤིག་བཟོ་ཐུབ་ན། འཛམ་བུ་གླིང་གི་སྒང་ལ་མིག་དཔེ་སྟོན་ཐུབ་པ་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག

ང་ཚོ་བོད་ཀྱི་སྤྱི་ཚོགས་རྙིང་པའི་ནང་ལ་འཚར་ལོངས་བྱས་པའི་མི་འདི་རྣམས་ཀྱིས་འཛམ་གླིང་འདིའི་སྒང་ལ་གང་ལ་གང་འཚམ་གྱིས་ཡ་རབས་ཀྱི་ཚད་ཟིན་ས་ཞིག་ཡོང་ཐུབ་ཀྱི་ཡོད་ན། ད་དུང་ང་ཚོས་ཆེད་དུ་གཉེར་ནས་འབད་བརྩོན་བྱས་ན་ཤེས་ཡོན་ཡོད་ལ་ཡ་རབས་ལྡན་པའི་མིག་དཔེར་འོས་པའི་བོད་རིགས་མི་སྡེ་ཞིག་ངེས་པར་དུ་བཟོ་ཐུབ་ཀྱི་རེད་བསམ་གྱི་འདུག དེ་ཆོས་རེད།

ངས་སྐབས་རེ་ཁ་ཤས་ལ་རྩེད་མོ་རྩེས་ཏེ། ང་ཚོས་བདེན་པ་བཞི་ཤོད་པའི་སྐབས་ཀྱི་ཐར་པ་ཟེར་བ་དེ། མི་སྒེར་རེ་རེ་ལ་དབང་བའི་ཐར་པ་རེད། ང་རང་ཚོས་རྫོགས་ལྡན་ཞེས་བཤད་བཞིན་པ་ལྟར་དངོས་གནས་གནོད་འཚེའི་བསམ་སྦྱོར་མེད་པར་ཕན་པའི་བསམ་པ་དང༌། ཡ་རབས་ཀྱི་ཐོག་ནས་མི་ཚེ་སྐྱེལ་མཁན་གྱི་མི་སྡེ་ཞིག་བཟོ་ཐུབ་ན་དེ་ནི་དངོས་གནས་སྤྱི་ཚོགས་ཀྱི་ཐར་པ་རེད། དེར་བརྟེན། ངས་ཐར་པ་ལ་སྤྱི་ལ་དབང་བའི་ཐར་པ་ཞིག་དང༌། སྒེར་ལ་དབང་བའི་ཐར་པ་ཞིག་གཉིས་ཡོང་སྲིད་ཀྱི་རེད་ཅེས་བཤད་ཀྱི་ཡོད། ང་ཚོས་དེ་འདྲ་ཞིག་གི་བསམ་བློ་གཏོང་དགོས་ཀྱི་འདུག ཁྱེད་རང་ཚོ་ཚང་མས་འདི་རྣམས་བློ་ལ་བཞག་ནས་བྱས་རྗེས་འཇོག་ཐུབ་པའི་བསམ་བློ་གཏོང་དགོས། གཞན་དག་ཤོད་རྒྱུ་མེད།

དེ་རྣམས་སེམས་ལ་ངེས་པར་བྱས། ཤེས་སོང་ངམ། གང་ལྟར་ལས་ཀ་བྱེད་པའི་སྐབས་ལ་རིག་པ་བསྒྲིམ་དགོས་པ་མ་གཏོགས། ཉི་མ་གང་འཁྱོལ་བྱེད་རྒྱུ་མེད། གཟབ་གཟབ་བྱེད་དགོས། སྡུག་ཏུ་སྡུག་ཏུ་ཕྱིན་ན་ཡག་པོ་མ་རེད། ཕྱི་རྒྱལ་གྱི་མི་ངས་ངོ་ཤེས་པ་དེ་འདྲ་སློབ་གྲྭ་ཁག་ལ་ལྟ་སྐོར་ལ་ཕྱིན་ནས། ང་ལ་ཡི་གེ་གཏོང་མཁན་ཁ་ཤས་བྱུང༌། སློབ་གྲྭ་དེ་འདྲ་ལ་ཕྱིན་པ་ཡིན། སེམས་པ་སྐྱོ་པོ་བྱུང༌། ཡག་པོ་མི་འདུག་ཅེས་ཤོད་ཀྱི་འདུག དེ་ཚོའི་གྲས་ཤེས་བཞིན་ཁྱད་གསོད་བྱས་པ་ག་ནས་ཡིན་ཏེ། མ་ཤེས་པ་དང༌། ལྷོད་ཡངས་ཤོར་ནས་སྐྱོན་ལྷགས་པ་དེ་འདྲ་ཡོང་སྲིད་ཀྱི་རེད། ཕྱིན་ཆད་དེ་འདྲའི་མཐོང་ཚུལ་མ་ལྷག་པའི་ཡར་རྒྱས་ཡོང་ཐབས་ལ་རིག་པ་བསྒྲིམ་དགོས་ཀྱི་འདུག ཚང་མས་གཟབ་གཟབ་བྱེད་དགོས། ཞེས་བཀའ་སྩལ།། །།