གཞི་རིམ་བར་མའི་བོད་དགེ་བདེ་ཆེན་རྡོ་རྗེ། བདེ་སླར་སམ་བྷོ་ཊ་ཉིན་སློབ།
འགྲོ་བ་མི་བྱུང་བ་ནས་བཟུང་ཕན་ཚུན་གོ་བརྡ་སྤྲོད་བྱེད་དུ་ཆེས་ཐོག་མར་ལག་བརྡ་ནས་རིམ་བཞིན་མིའི་རྣམ་དཔྱོད་དང་ཕྱི་ནང་གི་མཐུན་རྐྱེན་དུ་མའི་རྐྱེན་གྱིས་སྐད་བྱུང་བ་ཚང་མས་ཤེས་གསལ་རེད། སྐད་ནམ་བྱུང་བའི་ཐད་ལ་ད་བར་ཁ་ཚོན་བཅད་ནས་གསུངས་མཁན་སུ་ཞིག་ཀྱང་བྱུང་མེད་ན་ཡང་། སྐད་ཡིག་ནམ་བྱུང་བ་དང་རྒྱ་སྐྱེད་དང་འཕེལ་རྒྱས་དང་འགྱུར་བ་ཇི་ལྟར་ཕྱིན་པའི་སྐོར་གསུངས་མཁན་མང་པོ་ཡོད། དེ་བཞིན་སྤྱིར་སྐད་ཡིག་སྦྱོང་ཚུལ་ལ་ཐབས་ལམ་སྣ་ཚོགས་ཤིག་ཡོད་ཀྱང་། དེ་རིང་ཁོ་བོས་བོད་ཀྱི་སྐད་ཡིག་སྦྱོང་དགོས་པ་དང་ཇི་ལྟར་སྦྱངས་ན་གྲུབ་འབྲས་བཟང་པོ་སྨིན་ཐུབ་པའི་སྐོར་བསམ་ཚུལ་འགའ་བརྗོད་འདོད་བྱུང་།
ཐོག་མར་བརྗོད་གཞི་དངོས་འགོ་འཛུགས་མ་བྱས་གོང་སྐད་ཡིག་སྦྱང་དགོས་པའི་རྒྱུ་མཚན་གང་ལགས་ཞེ་ན། དེ་ཡང་སྐད་ཡིག་སྦྱང་བ་ཙམ་མ་ཡིན་པར་མཐར་ཕྱིན་པ་སྦྱང་དགོས་དོན་ནི་སྨྲ་བ་པོས་གང་བརྗོད་པར་འདོད་པ་དེ་ཡིག་ཐོག་གམ་ངག་ཐོག་གང་རུང་གི་སྒོ་ནས་ཕ་རོལ་པོས་གོ་བདེ་ཞིང་ལས་སླ་པོའི་ངང་གོ་བརྡ་འཕྲོད་ཐུབ་པ་དང་། དེ་བཞིན་གཞན་གྱིས་བྲིས་པའམ་ངག་ཐོག་ནས་སྨྲས་པའི་ཚིག་དོན་རྣམས་མ་ནོར་བར་རང་ཉིད་ཀྱིས་ཤེས་ཐུབ་པའི་ཆེད་དུ་ཡིན།
སྤྱིར་སྐད་ཡིག་སྦྱོང་བར་ཐབས་ལམ་འདྲ་མིན་སྣ་ཚོགས་ཤིག་ཡོད་ངེས་ཀྱང་། སྐད་ཡིག་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་འགྲོ་ལུགས་འགྲོ་སྟངས་ཀྱང་མི་འདྲ་བ་ཡོད། དེ་བཞིན་སྐད་ཡིག་སྦྱོང་མཁན་གྱི་སློབ་གཉེར་རྣམས་ཀྱང་རང་རང་སོ་སོའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པ་ཡིན། དེས་ན་སྐད་ཡིག་སྦྱོང་སྐབས་ཐབས་ལམ་མི་འདྲ་བ་དུ་མ་ཡོད་པ་དང་ངེས་པར་ཡོད་དགོས་པ་ཞིག་ཀྱང་ཡིན།
སྐད་ཡིག་མཐར་ཕྱིན་པ་ཞིག་ཤེས་དགོས་ན། ངེས་པར་དུ་སྐད་ཡིག་གི་རྩལ་བཞི་མཐར་ཕྱིན་པར་ཤེས་དགོས། དེ་ནི་ཕྱི་ནང་གི་མཁས་པ་ཚང་མས་བཞེད་པ་གཅིག་མཐུན་དུ་གསུང་གི་ཡོད། མ་ཟད་དེང་སང་གི་སྐད་ཡིག་སློབ་ཚན་ཕལ་མོ་ཆེ་ཡང་རྩལ་བཞི་སློབ་འཁྲིད་བྱ་ཐབས་གཞི་ལ་བཞག་ནས་བཟོས་ཡོད།
སྐབས་དོན་བཤད་པར་བྱ་བ་ནི་། ཕྲན་ནས་ད་བར་སློབ་མ་རྣམས་ལ་སྐད་ཡིག་སློབ་ཁྲིད་བྱས་པའི་ཉམས་མྱོང་ཐོག་ནས་ཐབས་ལམ་བཞི་པོ་གང་དང་གང་ཡིན་པ་དང་དེ་དག་གོ་རིམ་ཇི་ལྟར་བྱས་ན་ལེགས་པ་དང་འོས་ཞིང་འཚམས་པའི་སྐོར་ཞུ་རྒྱུའི་འབད་བརྩོན་བྱ་རྒྱུ།
ཐོག་མར་སྐད་ཡིག་གི་རྩལ་བཞི་གང་དག་ཞེ་ན།
ཉན་རྩལ། ཀློག་རྩལ། ཤོད་རྩལ། འབྲི་རྩལ་བཅས་སོ།
སྐད་ཡིག་སློབ་པར་ངེས་མཁོའི་ཐབས་ལམ་མམ་རྩལ་བཞི་པོ་དེ་དག་གི་གོ་རིམ་ཐད་དགོངས་ཚུལ་དང་འགྲེལ་བརྗོད་བྱེད་སྟངས་ལའང་མི་གཅིག་པ་མང་པོ་ཡོད། རྩལ་བཞི་པོ་དེ་དག་ལས་གང་རུང་ཞིག་མེད་ན། འབྱུང་བ་བཞི་ལས་གང་རུང་ཞིག་མེད་པ་བཞིན་དུ། གཏང་འགྲོ་བཞག་སྡོད་འཕེར་བའི་སྐད་ཡིག་ཕུན་སུམ་ཚིགས་པ་ཞིག་ཤེས་ཐུབ་པ་ཧ་ཅང་ཁག་པོ་ཡིན།
འོ་ན་སྐད་ཡིག་གི་རྩལ་བཞི་པོ་འདི་དག་སློབ་པའི་གོ་རིམ་ཡོད་དམ་ཞེ་ན། ཆེད་ལས་མཁས་པ་ཀུན་གྱིས་སྐད་ཡིག་ཐོག་མར་ཉན་པའམ་ཐོས་པའི་སྒོ་ནས་སྦྱང་དགོས་པར་གསུངས། ཕལ་ཆེར་འགྲོ་བ་མིས་སྐད་ཡིག་སྦྱོང་སྟངས་ཐོག་མར་ཡང་ཉན་པའི་སྒོ་ནས་ཡིན་པར་ངེས། གཞན་གྱིས་གང་བཤད་པའི་ཚིག་དོན་རྣམས་ཐོས་མ་ཐག་གོ་དོན་མ་ནོར་བར་ཤེས་ཐུབ་ན་ཉན་པའི་རྩལ་རྫོགས་པ་ཡིན།
དེ་ནས་རིམ་བཞིན་ཡི་གེ་ངོ་ཐག་ཆོད་ནས་ཀློག་ཤེས་པ་དགོས། ཨ་ལག་ཤ་བསྟན་དར་ལྷ་རམས་ཀྱིས་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་དུ། ཀློག་ཕྱེད་གོ་བས་ཤེས། ཞེས་གསུངས་པ་ལྟར་སྒྲ་དག་གསལ་གསུམ་ལྡན་པའི་ཀློག་རྩལ་ཡག་པོ་ཞིག་ཆགས་དགོས་ན། གང་བྲིས་པའི་ཚིག་དང་ཡིག་འབྲུ་བཀླག་པའི་སྐབས་དུ་དབུགས་ཀྱི་འཇིགས་མཚམས་དེ་ཚོ་ཤེས་དགོས་པའི་ཐོག གོ་དོན་ཡང་གང་ཙམ་རྟོགས་དགོས་པ་གནད་འགགས་ཆེན་པོ་ཡིན།
དེ་ནས་འབྲི་རྩལ་ཏེ། འབྲི་རྩལ་ཕུན་སུམ་ཚོགས་པ་ཞིག་ཡོང་བར་བྱེད་པ་ལ། སྐད་ཡིག་ཤེས་པ་ཙམ་མ་ཡིན་པར། སྐད་ཡིག་དེའི་བདག་པོ་ལྟ་བུར་འགྱུར་པའི་སྐད་ཡིག་དེ་ཉིད་སྨྲ་མཁན་རྣམས་ཀྱི་བསམ་བློའི་འཁྱེར་སོ། ལོ་རྒྱུས། རིག་གཞུང་། ཡུལ་གོམས་གཤིས་ལུགས་སོགས་ཚང་མར་རྒྱུས་མངའ་ཡོད་ན་རོ་ཉམས་ཕུན་ཚོགས་པའི་རྩོམ་ཡིག་འབྲི་ཐུབ་པའི་རྩལ་འཐོབ་ནུས་པ་ཡིན། མ་ཟད་འབྲི་རྩལ་ནི་སྒྱུ་རྩལ་ཞིག་ཀྱང་ཡིན་པར་བརྟེན། མཐའ་གཅིག་ཏུ་དགེ་རྒན་གྱིས་སློབ་མར་ཨང་རྩིས་སློབ་པ་ནང་བཞིན་བསླབ་རྒྱུ་མེད་པར། རང་གི་མྱོང་ཚོར་དང་། ཁོར་ཡུག་སོགས་མང་པོ་ཞིག་ལ་རག་ལུས་ཡོད་པར་སྙམ།
དེ་ནས་ཤོད་རྩལ་ནི། ཚོགས་པ་དང་། གྲོགས་སོགས་ཀྱི་དཀྱིལ་དུ་གཏམ་སྨྲ་བའི་སྐབས་སུ་བཞད་གད་སོགས་ཉམས་འགྱུར་སྣ་ཚོགས་འདྲེན་ཐུབ་པའི་སྐད་ཆ་ཤོད་པའི་ནུས་པ་ཞིག་ཟེར་བར་སྙམ། དེ་འདྲ་ཞིག་ཡོང་བ་ལ་ཕྱོགས་གང་ཅིའི་ཐད་ནས་ཐོས་པ་གསག་དགོས་རྒྱུ་དེ་ཧ་ཅང་གལ་ཆེར་མཐོང་།
རང་ཉིད་ཀྱི་ཉམས་མྱོང་གི་ཐོག་ནས་ཞུས་ནའང་། རྩལ་བཞི་པོ་རྣམས་ཐབས་ལམ་གྱི་རྨང་གཞིར་བཞག་ནས་སློབ་འཁྲིད་བྱས་པའི་ལག་ལེན་དངོས་ཀྱི་ཐོག་ནས་ཕན་འབྲས་མི་དམན་ཙམ་བྱུང་ཞེས་ཞུ་རྒྱུའི་སྤོབས་པ་ཡོད། གང་ལགས་ཤེ་ན། ཐབས་ལམ་གང་ཞིག་དངོས་སུ་ལག་ལེན་དུ་འཁྱེར་བའི་སྐབས་གོ་རིམ་མ་འཁྲུག་པ་ཞིག་བྱེད་རྒྱུ་གལ་གནད་ཆེ་བ་དང་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཡང་དུ་མ་ལྡན་ཡོད། མ་ཟད་སྐད་ཡིག་སློབ་པའི་སྐབས་རྩལ་བཞི་པོ་དེ་དག་ལ་གོ་རིམ་མེད་པར་གང་འདོད་བཞིན་བཀོལ་སྤྱོད་བྱས་ཚེ་སློབ་གཉེར་བའི་སྐད་ཡིག་སྦྱང་འབྲས་ལ་ཕན་འབྲས་ཚབ་ལ་དོ་ཕོག་འགྲོ་སྲིད།
དེས་ན་རྩལ་བཞི་པོ་དེ་དག་གི་ཁྱད་ཆོས་དང་སྐད་ཡིག་སྦྱོང་བར་ཕན་འབྲས་ཇི་ལྟར་བྱུང་ཚུལ་གོ་རིམ་བཞིན་ཞུ་རྒྱུ་ཡིན།
༡-ཉན་རྩལ་་ནི་རྩལ་བཞི་པོ་ལས་གལ་ཆེས་ཆེ་ཤོས་ཏེ་རྒན་དར་གཞོན་གསུམ་ཚང་མས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་བེད་སྤྱོད་བྱེད་བཞིན་ཡོད། སློབ་ཕྲུག་ཅིག་ལ་མཚོན་ན་ཚོགས་ཐེངས་གཅིག་ནང་རྒན་ལགས་ཀྱིས་གང་བསླབས་པ་ཇི་ཙམ་ཤེས་ཡོད་མེད་དེ་དང་པོ་ཉན་རྩལ་ལ་རག་ལས་ཡོད། སློབ་ཕྲུག་རྣམས་ལ་སློབ་ཚན་དང་མཉམ་དུ་ཉན་རྩལ་གྱི་ནུས་པ་སྤེལ་རྒྱུ་དེའང་ཤིན་ཏུ་ནས་གལ་ཆེ་སྟེ། དཔེར་ན་ཐོས་པ་གཏི་རྨུག་མུན་སེལ་སྒྲོན་མེ་ཡིན་ཞེས་གསུངས་པ་ལྟར་ཉན་རྩལ་དེས་མཐོང་རྒྱ་ཐོས་རྒྱ་དང་དེ་བཞིན་མིང་ཚིག གསར་པ། ཚིག་སྦྱོར་བཀོལ་སྤྱོད་བྱེད་སྟངས་ཤེས་ཐུབ་པའི་ཁེ་ཕན་དུ་མ་ཡོད།
༢-ཤོད་རྩལ་ནི་རྩལ་གཉིས་པ་སྟེ། དེས་དགེ་སློབ་དབར་ལ་ཕན་ཚུལ་བསམ་ཚུལ་དང་དོགས་གནད་སོགས་བརྗེ་ལེན་བྱེད་ཐུབ་པ་ཙམ་མ་ཟད། ཕན་ཚུན་གྱི་འབྲེལ་ལམ་དེ་ཡང་སྔར་ལས་ཇེ་བཟང་དུ་འགྲོ་ཐུབ། ཤོད་རྩལ་བཟང་པོ་ཞིག་ཡོང་དང་མི་ཡོང་དེ་ཉན་རྩལ་ལ་རག་ལས་ཡོད་སྟབས། སློབ་མའི་ཉན་རྩལ་ལ་བརྟེན་ནས་ཤོད་རྩལ་ཡར་རྒྱས་འགྲོ་ཐུབ་ཐབས་སུ་དགེ་རྒན་ངོས་ནས་རང་འགན་ཁུར་ཏེ་ཉན་རྩལ་རྨང་གཞིར་བཞག་ཐོག་ཤོད་རྩལ་ལ་ཡང་ཡར་རྒྱས་ཡོང་བའི་འབད་བརྩོན་བྱ་དགོས། གལ་ཏེ་དེ་ལྟར་བྱུང་ཚེ། སློབ་མ་ཚོས་འཛིན་གྲའི་ནང་རང་གི་གང་བརྗོད་འདོད་པའི་བསམ་བློ་དེ་འཚེར་སྣང་སོགས་མེད་པར་སྨྲ་ཐུབ་པར་ཕན་ནོ།
༣- དེ་ནས་རྩལ་གསུམ་པ་ཀློག་རྩལ་ནི་གལ་ཆེ་བ་ཡིན་པ་མ་ཟད་སྐད་ཡིག་སྦྱོང་བར་ངེས་མཁོའི་ལག་ཆ་ལྟ་བུ་ཡིན། ཀློག་རྩལ་དེས་ཕྱི་ནང་གི་གནས་ཚུལ་དང་དག་ཆ་སོགས་སྔར་མ་ཤེས་པ་མང་པོ་ཞིག་གསར་དུ་ཤེས་ཐུབ་པའི་ཕན་ཐོགས་ཡོད། ཀློག་པའི་སྐབས་སུ་སྒྲ་དག་ཅིང་དོན་རྣམས་བློ་ལ་ངེས་ཐུབ་པའི་སྦྱོང་བསྡར་སྤྲད་ཐུབ་ན་བཟང། དེ་མིན་ནེ་ཙོས་མ་ཎི་འདོན་པ་བཞིན་དོན་ལ་མི་བལྟས་པར་ཀློག་ཙམ་གྱིས་ཀློག་པའི་ཕན་ཡོན་ལས་ཀློག་པའི་དགོས་དམིགས་གྲུབ་མེད།
༤-མཐའ་མ་དེར་འབྲི་རྩལ་ནི་གལ་ཆེན་ཡིན་པ་ཚང་མས་ཤེས་གསལ་པྟར། འབྲི་རྩལ་གྱིས་སློབ་མའི་ཤེས་ཡོན་ཇི་ཙམ་ཤེས་མིན་གྱི་ཚད་གཞི་ལྟ་བུ་ཡིན། འབྲི་རྩལ་ལས་སློབ་མའི་མིང་ཚིག་ཕྱུག་པོ་ཡོད་མེད་དང་དེ་བཞིག་ཚིག་སྦྱོར་སྡེབས་སྟངས་སོགས་ཇི་འདྲ་ཡོད་མེད་ཤེས་ཐུབ། འབྲི་རྩལ་ཡར་རྒྱལ་གཏོང་བའི་ཐབས་ལམ་འདྲ་མིན་འགའ་ནི། སུམ་རྟག་དག་གསུམ་གྱི་འགྲོ་ལུགས་དང་མི་འགལ་བ་རྨང་གཞིར་བྱས་པའི་ཐོག བརྗོད་པ་རིང་པོ་བཟོ་ཚུལ་སྐོར་དང་། གཏམ་དཔེ། ཡང་ན་སྒྲུང་ཐུང་རིགས། དེ་བཞིན་༸གོང་ས་མཆོག་གི་བཀའ་སློབ་དུམ་མཚམས་ཁག་སོགས་ཀྱི་ནང་དོན་རྣམས་ཀྱི་སྙིང་དོན་རགས་འབྲི། ཡང་སྐབས་རེ་སློབ་མའི་སེམས་སུ་གང་ཞིག་དྲན་པའམ་སྨྲ་འདོད་པ་རྣམས་རང་ཚིག་ཏུ་འབྲི་རུ་འཇུག་པ་སོགས་གོང་གསལ་ཐབས་ལམ་ཁག་གི་དགོས་དམིགས་ནི་འབྲི་རྩལ་ཡར་རྒྱས་སུ་གཏང་ནས་རང་གིས་གང་བཤད་འདོད་པའི་བསམ་ཚུལ་དང་། ཚོར་བ་སོགས་ཀུན་རྟོག་ཡིད་ཀྱི་མེ་ལོང་ངོས་སུ་གང་ཤར་རྣམས་ཡི་གེའི་ལམ་ནས་གསོན་ཉམས་ལྡན་པ་ཞིག་འབྲི་ཐུབ་པ་བཟོ་རྒྱུ་དེ་ཡིན།
སྐད་ཡིག་གང་ཞིག་སྦྱོང་བར་གོང་གི་རྩལ་བཞི་པོ་དེ་དག་ལས། ཉན་རྩལ་དང་ཀློག་རྩལ་ནི་གཙོ་བོ་གཞན་གྱི་བསམ་ཚུལ་དང་། ཤེས་བྱ། གནས་ཚུལ་སོགས་ཚུར་རང་གི་ཀླད་པའི་ནང་དུ་འདྲེན་པར་བྱེད་པའི་ལག་ཆ་ལྟ་བུ་ཞིག་ཡིན་ཞིང་། འབྲི་རྩལ་དང་ཤོད་རྩལ་ནི་གཙོ་བོ་རང་གི་གང་ཤེས་པ་དང་ཚོར་བ་སོགས་གཞན་ལ་སྟོན་པའི་ཆེད་དུ་མེད་དུ་མི་རུང་བའི་ལག་ཆ་ལྟ་བུ་ཞིག་ཡིན།
རྩལ་བཞི་པོ་དེ་དག་གོང་དུ་བཤད་པ་ལྟར་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་པའི་འབྲེལ་བ་དམ་ཟབ་ཡོད། དེས་ནས་རྩལ་གཅིག་ལ་བྱང་མ་ཆགས་ནས་རྩལ་གཞན་རྣམས་ཡར་རྒྱས་འགྲོ་རྒྱུར་ཁེ་ཕན་ཆེན་པོ་ཡོད། དེ་བཞིན་དུ་སྐད་ཡིག་གསར་དུ་སྦྱོང་མཁན་སུ་ཡིན་ན་ཡང་རྩལ་བཞི་པོ་དེ་དག་གི་སྒོ་ནས་ངེས་པར་སྦྱང་དགོས་ཤིང་། སྦྱང་པའི་སྐབས་སུ་གོ་རིམ་མ་ནོར་བར་བྱས་མ་ཁེ་ཕན་ཆེར་བ་སེམས།
རང་སྐྱེ་དུས་ནས་སྨྲ་ལྕེར་ཡོད་པའི་ཕ་སྐད་དང་། དེ་བཞིན་སྐད་ཡིག་གི་ཐོག་མའི་རྨང་གཞི་ཡག་པོ་ཡོད་ན། རྩལ་བཞི་པོ་དེ་དག་གོ་རིམ་བཞིན་འགྲོ་མི་དགོས་ལ་འགྲོ་བའི་དགོས་པ་མེད། དེ་བས་ན་སློབ་མ་ཚོས་སྐད་ཡིག་གི་རྩལ་བཞི་པོ་དེ་དག་གལ་ཆེན་པོ་ཡིན་པ་དང་དེ་དག་ཇི་ལྟར་ལག་ལེན་དུ་འཁྱེར་དགོས་ཚུལ་ཤེས་ཐུབ་པ་བཟོ་རྒྱུའི་ལས་འགན་ནི་དགེ་རྒན་རྣམས་ལ་ཡོད་དོ། །
ད་བར་དཔྱད་མཆན་མེད།