གཞི་རིམ་འོག་མའི་བོད་དགེ་བསྟན་འཛིན་སྒྲོལ་མ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།
སྔོན་གླེང་།
བོད་མི་རིགས་ངོ་མ་ཞིག་ཡིན་ཕྱིན། བོད་ཀྱི་སྐད་ཡིག་དག་མ་ཞིག་ངེས་པར་དུ་ཤེས་དགོས། ཤེས་པ་དེ་སྤྱད་དགོས། བོད་རང་གི་ཆས་ཀྱང་གོས་སུ་མ་བྱེད། སྐད་ཡིག་དག་ཀྱང་མ་སྤྱོད་ན། དེའི་ཚེ་བོད་ཅེས་པའི་མིང་བོར་ཚར་བ་རེད། ཅེས་པ་ལྟར་མི་རིགས་ཤིག་སོན་པོ་གནས་པར་སྐད་ཡིག་ནི་སྲོག་གི་རྩ་བ་ཡིན། དེ་ཡང་རྒྱ་མིས་བོད་བཙན་འཛུལ་བྱས་པ་ལ་བརྟེན་ནས་ཏན་ཏན་ང་ཚོའི་ལག་ནས་བོད་ལུང་པ་ཤོར་བ་རེད། འོན་ཀྱང་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ནི་རང་ཉིད་ཀྱི་རྒྱུད་ལ་འཇགས་ནས་ཡོད་སྟབས་དེ་དག་སུས་བཙན་འཕྲོག་བྱེད་ཐུབ་བམ། སུས་ཀྱང་བཙན་འཕྲོག་བྱེད་མི་ཐུབ། འོན་ཀྱང་ད་ཆ་བོད་པའི་མི་ལ་བོད་ཡིག་སྦྱོང་དགོས་པའི་སློབ་གསོ་དང་སྐུལ་མ་ཡང་ཡང་བྱ་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་ཚེ། དེ་ནི་ང་རང་ཚོ་བོད་པའི་མི་ཅུང་མགོ་སླ་དྲགས་པའི་རྐྱེན་གྱིས་ཕྱི་རྒྱལ་བའི་སྐད་དང་རིག་གཞུང་ཅུང་ཤེས་པ་དང་རང་མི་རིགས་ཀྱི་སྐད་ཡིག་དྲན་པ་བརྗེད་ཁུལ་བྱས་པས་རེད། ང་ཚོས་དུས་རྟག་ཏུ་སྐད་འབོད་དང་ཕྱི་རྒྱལ་སྡིངས་ཆ་ཁག་གང་ལའང་བོད་ཀྱི་བདག་པོ་བོད་པ་ཡིན་པ་དང་རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཅེས་འབོད་སྒྲ་སྒྲོག་བཞིན་ཡོད། དེ་ལ་བརྟེན་ནས་ང་ཚོར་བོད་ཀྱི་ལུང་པ་ཐོབ་པའི་དབང་དུ་བཏང་ཡང་དེའི་ནང་གནས་པའི་མི་དེ་ཚོས་རྒྱ་སྐད་དང་ཨིན་སྐད། ཧིན་སྐད་སོགས་ར་མ་ལུག་གི་སྐད་བེད་སྤྱོད་བྱས་པ་མ་ཟད་ཆ་ལུགས་ཀྱང་རྒྱལ་ཁབ་གཞན་གྱི་མི་བཞིན་ཡོད་པས་ན་མི་དེ་ཚོ་བོད་པ་རེད་ཅེས་ཇི་ལྟར་བརྗོད་ཐུབ་བམ། མི་རིགས་ཤིག་གནས་པར་སྐད་ཡིག་སྲོག་རྩ་ཡིན་པས་སྲོག་དེ་དང་ཁ་བྲལ་ཚེ་མི་རིགས་དེ་ཤི་ཚར་བ་རེད། ཤི་ཚར་བའི་མི་རིགས་ཤིག་ལ་ས་དང་ལུང་པ་ཞིག་ཅིའི་ཕྱིར་དགོས་སམ། གལ་ཏེ་དགོས་ཚེ། རང་མི་རིགས་ཀྱི་སྐད་ཡིག་ལ་བརྩོན་དགོས། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་ཤེས་པར་བྱ་རྒྱུ་ཧ་ཅང་གལ་ཆེ། སྤྱིར་བོད་པ་ཞིག་ཡིན་པའི་ཆ་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་བྱ་དགོས་པ་བརྗོད་མི་དགོས་ཀྱང་། དེང་གི་ཆར་དེ་དག་ཡང་ནས་ཡང་དུ་དྲན་སྐུལ་བྱ་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་ང་ཚོས་ངེས་པར་དུ་ཤེས་ཏེ་ཉམས་པ་སླར་གསོ་ཡོང་བར་འབད་བརྩོན་བྱེད་དགོས། སྐད་ཡིག་ཅི་འདྲ་ཞིག་ཡིན་རུང་དེ་དག་ཡར་རྒྱས་ཡོང་བར་རྩལ་བཞི་སྟེ། ཉན་རྩལ། བཤད་རྩལ། ཀློག་རྩལ་དང་འབྲི་རྩལ་བཅས་ཡིན། མཁས་པ་དང་སློབ་གསོའི་ལས་དོན་པ་མང་པོ་ཞིག་གིས་ཀློག་རྩལ་དང་འབྲི་རྩལ་ཡར་རྒྱས་གཏོང་ཐབས་ཐད་བཀའ་སློབ་ལམ་སྟོན་རབ་དང་རིམ་པ་གནང་ཡོད་ལ་དཔེ་དེབ་ཀྱང་མང་པོ་བརྩམས་ཡོད། བོད་མི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཀྱང་ཀློག་རྩལ་ཐོག་ཐུགས་ཁུར་ཆེན་པོས་དམའ་རིམ་དགེ་རྒན་ཡོངས་ལ་བྱིས་པའི་ཀློག་རྩལ་ཟབ་སྦྱོང་ཡང་ཐེངས་མང་གནང་ཡོད། འོན་ཀྱང་ཉན་རྩལ་དང་བཤད་རྩལ་ཐོག་གསུངས་མཁན་ཅུང་ཉུང་བ་ཚོར། དེར་སོང་ད་ལན་གུས་མོས་རང་ཉིད་ཀྱི་སློབ་ཁྲིད་ཉམས་མྱོང་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞིགས་ཏེ་བཤད་རྩལ་ཡར་རྒྱས་གཏོང་ཐབས་སྐོར་མདོར་བསྡུས་ཤིག་བྲིས་ན་བསམས། ཐོག་མར་ང་ཚོས་བཤད་རྩལ་ཡར་རྒྱས་ཡོང་བར་འགོག་རྐྱེན་བྱེད་མཁན་གྱི་རྒྱུ་ངོས་བཟུང་པའི་ཐོག་ནས་ཐབས་ལམ་འཚོལ་དགོས།
བཤད་རྩལ།
སློབ་སྦྱོང་གྱི་བརྒྱུད་རིམ་ནང་ང་ཚོས་དུས་རྟག་ཏུ་ཐོས་བསམ་སྒོམ་གསུམ་ཞེས་པའི་ཐ་སྙད་ཅིག་ཐོས་ཡོད། དེ་ཡང་ཕྲུ་གུ་ཨ་མའི་མངལ་ནང་འཁོར་བ་ནས་བཟུང་ཨ་མས་བཤད་པའི་སྐད་ཆ་དང་སྙན་པའི་རོལ་དབྱངས་ལ་རོལ་བ་ཆ་ཚང་ཐོས་པ་དང་ཚོར་ཐུབ་ཀྱི་ཡོད་ཅེས་ང་ཚོར་བཤད་སྲོལ་དེ་འདྲ་ཞིག་ཡོད། ཕྲུ་གུ་མ་འབྱར་ལོ་གཉིས་ལ་ལོན་དུས་སྐད་ཆ་བཤད་འགོ་བརྩམས་པ་དེ་ཡང་ཁོས་སྐྱེས་ནས་བཟུང་ཐོས་པའི་ཚིག་དེ་རྣ་བར་གོམས་པ་དང་ཡིད་ལ་འཇགས་ཏེ་ཁ་ནས་བཏོན་པ་ཞིག་རེད་མ་གཏོགས་ཕྲུ་གུ་ལོ་གཉིས་ཟིན་མ་ཐག་དང་ཚིག་གསར་པ་ཞིག་ཤེས་ཏེ་ཁ་ནས་བཏོན་པ་ཞིག་མ་རེད། དེར་སོང་། ཕྲུ་གུའི་བཤད་རྩལ་ཡར་རྒྱས་ཡོང་བར་ང་ཚོ་སུ་འདྲ་ཞིག་ཡིན་རུང་ཐོག་མར་རང་ཉིད་ཀྱི་ཕྲུ་གུ་འཚར་ལོངས་བྱུང་སའི་ཁོར་ཡུག་( ཁྱིམ་ཚང་དང་སློབ་གྲྭ། ) ནང་བོད་སྐད་གཙང་མའམ་སྐད་ཆ་ཚིག་སྦྱོར་ལེགས་པོའི་ནང་བཤད་རྒྱུ་འབད་བརྩོན་གནང་དགོས་པ་གལ་ཆེར་མཐོང་། དེ་ཡང་ཐོས་བསམ་སྒོམ་གསུམ་གྱི་སྐོར་ལ་ཞུས་པ་ན། ང་ཚོས་བརྒྱུད་ལམ་ཅི་འདྲ་ཞིག་གི་ཐོག་ནས་གང་ཐོས་པ་དེར་དཔྱད་པ་བྱས་རྗེས་ཡང་ཡང་ལག་བསྟར་གྱིས་གོམས་པ་བྱེད་ཀྱི་ཡོད། འོན་ཀྱང་འཚར་ལོངས་བྱུང་བཞིན་པའི་ཕྲུ་གུ་ཆུང་ཆུང་ཞིག་ལ་མཚོན་ན་ཐོས་བསམ་སྒོམ་གསུམ་ལས་ཐོས་པའིནུས་པ་ལྡན་ཡང་བསམ་བློ་གཏང་རྒྱུའམ་དཔྱད་པ་བྱ་རྒྱུའི་ནུས་པ་ལྡན་མེད་སྟབས་གཞན་ནས་གང་ཐོས་པ་དེ་ཡང་དག་ཅིག་ལ་ངོས་འཛིན་ཏེ་དེ་དག་ལག་བསྟར་བྱེད་ཀྱི་རེད། དེ་དག་ཁྱིམ་ཚང་དང་སློབ་གྲྭའི་ཁོར་ཡུག་ལ་དཔེ་བླངས་ཏེ་བརྗོད་པ་ན།
༡། ཁྱིམ་ཚང་། ཕྲུ་གུ་ཆུང་དུས་སྐབས་ཕ་མས་ཕྲུ་གུ་ལ་གཅིན་པ་ཡོད་པས་ཡང་ན་གཅིན་པ་ཐོངས་ཞེས་མ་ལབ་པར་དེའི་ཚབ་ཏུ་ཆུའི་ཡོད་པས། ཡང་ན་ཆུའི་བྱས་ཞེས་ཟེར་བ་དང་། གྲང་མོ་ལ་ཨ་ཆུའུའུ་འདུག ཡར་ལོངས་ཤིག་ལ་ཨཱཔ་བྱས། ལྷམ་ལ་ཏོ་ཏོ་དང་། ཚ་པོ་ལ་ཨ་ཚ་ཞེས་སྐད་ཆ་གཙང་མ་མ་བཤད་པར་མིང་ཚབ་བེད་སྤྱོད་བྱས་པར་བརྟེན་ཕྲུ་གུས་ཀྱང་གྲང་གི་འདུག་ལ་ཨ་ཆུ་བྱེད་ཀྱི་འདུག ཚ་པོ་འདུག་ལ་ཨ་ཚ་འདུག གཅིན་པ་ཡོད་ལབ་རྒྱུའི་ཚབ་ལ་ཆུའི་ཡོད་ཅེས་སྐད་ཆ་གཙང་མ་བཤད་རྒྱུར་འགོག་རྐྱེན་བྱེད་ཀྱི་ཡོད། དེ་བཞིན། སྐད་ཆའི་ནང་ཁ་སྐད་ཉུང་ཙམ་དང་ཡིག་སྐད་མང་ཙམ་བེད་སྤྱོད་གནང་དགོས་འདུག དཔེར་ན། རྔན་པ་དཔེ་ཞིམ་པོ་འདུག ཧོབ་ད་མེ་ལ་ཆར་པ་བབས་སོང་། ཤི་མ་ཤི་བཟས་པ་ཡིན། ཞེས་མ་ལབ་པར་དེའི་ཚབ་ཏུ། རྔན་པ་ཞིམ་པོ་ཞེ་དྲག་འདུག གློ་བུར་དུ་ཆར་པ་བབས་སོང་། རྒྱགས་ཚད་བཟས་པ་ཡིན། ཞེས་བཤད་པ་ན། ཕྲུ་གུ་ཚོས་ཀྱང་དེ་ལྟར་ཁ་ནས་བརྗོད་ཀྱི་རེད་ལ་འབྲི་དེབ་སྟེང་དུ་ཡང་ཚིག་དེ་ལྟར་འབྲི་ཡི་རེད། སྐད་ཆའི་ནང་ཡིག་སྐད་ཇི་ཙམ་མང་བ་བེད་སྤྱོད་གནང་པ་དེས་བོད་སྐད་གཙང་མའི་ཐོག་བཤད་རྩལ་དང་འབྲི་རྩལ་ཡར་རྒྱས་ཡོང་བར་ཕན་ཐོགས་བྱེད།
དེ་དང་མཚུངས། སློབ་གྲྭ་ཁག་གི་ནང་ཧིན་སྐད་འཛིན་གྲྭ་དྲུག་པ་ནས་སློབ་ཁྲིད་འགོ་བཙུགས་ཀྱང་ཁོ་ཚོས་ཆུང་དུས་ནས་ཧིན་སྐད་གཙང་མ་བཤད་ཐུབ་པ་དེ་བརྙན་འཕྲིན་ནང་གི་རྒྱ་གར་གྱི་འགུལ་བརྙན་རིགས་བལྟས་ཏེ་ཤེས་པ་ཞིག་ཡིན་པ་ང་ཚོས་ཁས་མི་ལེན་པ་བྱེད་མི་ཐུབ། དེ་ལ་བརྟེན་ནས་ང་ཚོས་བརྙན་འཕྲིན་ནི་སྐད་ཆ་འཆད་སྟངས་སྦྱོང་བརྡར་བྱ་རྒྱུའི་བརྒྱུད་ལམ་བཟང་པོ་ཞིག་ཡིན་པ་ངོས་འཛིན་བྱེད་ཐུབ། དེང་གི་ཆར་བརྙན་འཕྲིན་ནང་ཨིན་སྐད་དང་ཧིན་སྐད་ཀྱི་ལྟད་མོ་དང་གློག་བརྙན་ཙམ་མིན་པར་བོད་སྐད་གློག་བརྙན་དང་གསར་འགྱུར་ཁག་མང་པོ་གསན་གཟིགས་བྱ་རྒྱུ་འདུག ང་ཚོས་བོད་ཀྱི་ལྟད་མོ་མ་བལྟས་ཚེ་དེར་དབྱིངས་བཞུགས་རྒྱུ་ཧ་ཅང་ཁག་པོ་རེད། དབྱིངས་མ་བཞུགས་པ་ཡིན་ན་བོད་སྐད་གཙང་མ་འཆད་སྟངས་སྦྱོང་བརྡར་བྱེད་སའི་བརྒྱུད་ལམ་བཟང་པོ་ཞིག་མེད་པ་ཆགས་པ་རེད། དཔེ་མཚོན་ཞིག་ཞུས་པ་ན། རྒྱ་གར་ནང་སྐྱེས་ཏེ་གཞི་རིམ་སློབ་སྦྱོང་བོད་པའི་སློབ་གྲྭ་ཁག་ནང་འགྲིམས་པའི་ཕྲུ་གུ་ཚོའི་བོད་སྐད་རྒྱག་སྟངས་ག་འདྲ་ཞིག་ཡོད་པ་ངས་བཤད་མི་དགོས་པར་ཚང་མས་མཁྱེན་གསལ་རེད། ཁོ་ཚོའི་བོད་སྐད་གཙང་མ་མེད་པའི་ཐོག་དེའི་སྟེང་སྐད་ཆའི་ཚིག་རེ་རེའི་རྗེས་ར་བེད་སྤྱོད་བྱས་ཏེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་སྐད་གསར་བཅད་སྐབས་འ་ཡིག་མཐའ་རྟེན་སྦྱར་བ་མེད་པ་བཟོས་ཀྱང་དེང་དུས་ཕྲུ་གུས་ཡང་བསྐྱར་སྐད་གསར་བཅད་ཀྱིས་ཚིག་རེ་རེའི་རྗེས་ར་བཅུག་པ་རེད། དཔེར་ན། ང་/ ར་/ཆུ་/ལེན་ཀ་/འགྲོ་དུས་/ར་/ཕྲུ་གུ་/ ཞིག་གིས་/ ར་/ཁྲུས་ཁང་/གློག་/བསད་སོང་/དང་/ར་/ང་/ཞེད་ནས་/ ར་/རྒྱུག་ཤར་/གློད་/ཡིན་ད་/ར་/ཨ་ནི་/ཁོ་དང་/བརྡུང་ཁ་/ཐེབས་སོང་/དང་/ར་/ངས་/ཁོ་ལ་/ར་/དགོངས་དག་/ལབ་ཡིན་/ད་/ར་/ཡིན་ནས་/ར་/ཁོ་/རླུང་/ལངས་ནས་/ར་/ང་ལ་/གཞུས་སོང་། ཞེས་སྐད་ཆ་བཤད་ཀྱི་རེད། སྐད་ཆ་དེ་འདྲ་ཞིག་ཡིག་ཐོག་ཏུ་བཀོད་ན་ག་འདྲ་འདུག་གམ། སྐད་ཆ་འཆད་སྟངས་ཀྱི་སྦྱོང་བརྡར་མེད་པས་རེད། དེ་ངེས་པར་དུ་སྦྱང་དགོས་རེད། ལོ་མང་སྔོན་བུ་མོ་ངས་ཀྱང་སྐད་ཆ་དེ་འདྲ་བཤད་ཀྱི་ཡོད། འོན་ཀྱང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འགྲིམ་པའི་སྐབས། བོད་སྐད་ལྟད་མོ་ལ་ཐེངས་མང་རོལ་བའི་རྐྱེན་བོད་སྐད་གཙང་མ་བཤད་རྒྱུའི་སྦྱོང་བརྡར་བཟང་པོ་ཞིག་ཐོབ། དེ་ལ་བརྟེན་ནས་མཐར་ས་རཱ་ནས་འཐོན་ཏེ་སྤྱི་ཚོགས་ནང་ལས་ཀ་འགོ་བཙུགས་དུས་དམངས་ཀྱི་མདུན་ལ་ལངས་ཏེ་གནད་དོན་ཅི་འདྲ་ཞིག་གི་སྐོར་ལ་བཤད་དགོས་ཀྱང་བོད་སྐད་གཙང་མའི་ཐོག་བཤད་ཐུབ་པའི་གདེངས་ཚོད་ཅིག་རྙེད་བྱུང་། དེར་སོང་ང་ཚོས་བརྙན་འཕྲིན་བཟང་བའི་ཕྱོགས་སུ་བེད་སྤྱོད་བྱས་ཏེ་བོད་སྐད་གཙང་མ་འཆད་སྟངས་སྦྱོང་སའི་ཐབས་ལམ་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཆོག
༢། སློབ་གྲྭ། སློབ་གྲྭའི་ནང་སློབ་མ་ཚོའི་ཨིན་ཇིའི་བཤད་རྩལ་ཡར་རྒྱས་ཡོང་སླད་ཨིན་ཇི་སློབ་དགེ་ཚོ་ལ་འཛིན་གྲྭའི་ནང་སློབ་ཁྲིད་གནང་སྐབས་ཨིན་ཇི་སྐད་བེད་སྤྱོད་གནང་དགོས་རེད་ཅེས་ལམ་སྟོན་གནང་མཁན་ཧ་ཅང་མང་ཡང་བོད་ཡིག་སློབ་ཁྲིད་དགེ་རྒན་ཞིག་ལ་བོད་སྐད་གཙང་མ་བརྒྱབ་དགོས་རེད་ཅེས་དོ་འཁུར་གནང་མཁན་ཅུང་ཉུང་བ་མཐོང་། བོད་ཡིག་དགེ་རྒན་གྱིས་བོད་སྐད་བརྒྱབ་པར་གདོན་མི་ཟ། འོན་ཀྱང་བོད་སྐད་གཙང་མ་ལྷས་མེད་པ། ཁ་སྐད་མང་པོ་མེད་པ། སྐད་ཆའི་ནང་གི་ཚིག་མགོ་མཇུག་མ་ནོར་བ་འཆད་མཁན་ཞིག་དགོས་གལ་ཆེ། དམིགས་བསལ་དེང་གི་ཆར་སློབ་ཚན་ཕལ་མོ་ཆེ་ཞིག་བོད་ཡིག་བརྒྱུད་ལམ་ནས་སློབ་ཁྲིད་བྱེད་དགོས་དུས་སློབ་ཚན་ཞིག་བོད་སྐད་དྭངས་མའི་ནང་འགྲེལ་བཤད་བརྒྱབ་མ་ཐུབ་ཚེ། སྐད་ཆའི་ནང་བསྲེ་ལྷས་མང་པོ་ཡོང་གི་རེད། དེས་སློབ་མའི་བོད་སྐད་བཤད་སྟངས་ལ་ཡར་རྒྱས་ཡོང་བར་འགོག་རྐྱེན་བྱེད་ཀྱི་རེད།
དགེ་རྒན། བོད་ཡིག་དགེ་རྒན་གཅིག་པོ་མིན་པར་དགེ་རྒན་གཞན་ཚོས་ཀྱང་བོད་སྐད་གཙང་མ་བརྒྱབ་རྒྱུའི་འབད་བརྩོན་གནང་དགོས། ད་ཆ་ཤེས་ཡོན་སྲིད་བྱུས་ཀྱི་ལམ་ལུགས་འོག་སློབ་གྲྭའི་ནང་གི་སློབ་ཚན་ཁག་སོ་སོའི་སྐད་ཡིག་ནང་སློབ་ཁྲིད་བྱ་རྒྱུ་གཏན་ལ་ཕབ་པར་བརྟེན། སློབ་ཚན་མང་དག་ཅིག་བོད་ཡིག་ཏུ་བསྒྱུར་ཏེ་སློབ་ཁྲིད་བྱེད་ཀྱི་ཡོད་རེད། འོན་ཀྱང་སློབ་ཁྲིད་བྱེད་མཁན་གྱི་བོད་པའི་དགེ་རྒན་ཚོ་ནི་རྒྱ་གར་མཐོ་སློབ་ནས་འགྲིམས་ཏེ་དགེ་རྒན་གྱི་ལས་གནས་ལ་ཞུགས་ཀྱི་ཡོད་སྟབས་ཁོ་ཚོའི་སློབ་ཁྲིད་ཐབས་ལམ་དེང་དུས་དང་བསྟུན་ཏེ་ཧ་ཅང་བཟང་ཡང་སློབ་ཁྲིད་བྱ་རྒྱུའི་སྐད་དང་ཡི་གེ་ཡི་བརྒྱུད་ལམ་བོད་སྐད་འདང་བའམ་འོས་པ་ཞིག་ཡོད་མེད་སོགས་བོད་ཡིག་གི་གནས་ཚད་ལ་དགོངས་བཞེས་ཀྱིས་དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེ་བ་མཐོང་། ཁོ་ཚོས་ནག་པང་མདུན་ནས་བོད་སྐད་གཙང་མ་མེད་པའི་ཁར། བོད་ཡིག་གི་དག་ཆ་དང་ཡིག་གཟུགས། དྲི་བར་ལན་འདེབས་བྱེད་སྟངས་ཀྱི་ཚིག་སྦྱོར་གང་ཡང་གདེངས་ཚོད་ཀྱིས་སློབ་མར་སློབ་ཁྲིད་བྱེད་ཐུབ་ཀྱི་མེད་པས་ན། དེ་ནི་སློབ་མའི་བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་རྒྱུའི་རྒྱུ་ཞིག་ཏུ་འགྱུར་བར་ངེས་པ་རེད།
སྒྲུང་བཤད་པ། དགེ་རྒན་དང་ཕ་མས་སློབ་མ་ཚོ་ལ་ཆུང་དུས་ནས་སྒྲུང་མང་པོ་བཤད་དགོས། སྒྲུང་བཤད་པའི་སྐབས་སྐད་ཀྱི་གདངས་དང་ཚིག་སྦྱོར་ཁག་གོ་བདེ་པོ་དང་གོ་རིམ་མ་ནོར་བ་བེད་སྤྱོད་བྱེད་དགོས། དེ་ནི་ཉན་རྩལ་གྱི་ལམ་ནས་བཤད་རྩལ་ཡར་རྒྱས་གཏང་རྒྱུའི་ཐབས་ལམ་བཟང་པོ་ཞིག་རེད།
སྒྲུང་རྩོམ་ཀློག་སྟངས། ཕྱི་རྒྱལ་བ་ཚོའི་དཔེ་དེབ་ཀློག་སྟངས་དང་སྐད་ཆ་བཤད་དུས་ཀྱི་སྐད་ཀྱི་གདངས་དང་བཅད་མཚམས་གཉིས་ལ་ཁྱད་པར་མེད་པར། ཇི་ལྟར་ཀློག་པ་བཞིན་སྐད་ཆ་ཡང་དེ་ལྟར་བཤད་ཀྱི་རེད། འོན་ཀྱང་བོད་པའི་སློབ་གྲྭ་རུ་དཔེ་དེབ་ཀློག་དུས་དགོན་པའི་ནང་དཔེ་ཆ་ཀློག་པ་བཞིན་གདངས་བཏང་སྟེ་ཀློག་པ་དང་སྐད་ཆ་བཤད་དུས་གདངས་གཞན་ཞིག་བེད་སྤྱོད་བྱེད་ཀྱི་རེད། དེ་ཡིས་བཤད་རྩལ་ཡར་རྒྱས་ལ་འགོག་རྐྱེན་བྱེད་ཀྱི་ཡོད་པས། ང་ཚོས་མི་གཞན་དང་ཇི་ལྟར་སྐད་ཆ་བཤད་ཀྱི་ཡོད་པ་བཞིན་དཔེ་དེབ་ཀྱང་བཅད་མཚམས་བཞག་སྟེ་སྐད་ཆའི་གདངས་དེ་དག་ནང་བཀླག་ཐུབ་རྒྱུའི་འབད་བརྩོན་བྱེད་དགོས།
ཐ་སྙད་ཀྱིས་མ་འདང་བ། ཤེས་ཡོན་དང་འབྲེལ་བའི་ཚོགས་པ་ཁག་མང་པོ་ཞིག་གིས་སྲོག་ཆགས་དང་ལུས་ཀྱི་དབང་པོ་སོགས་ཀྱི་དབྱིན་བོད་ཐ་སྙད་རིགས་གྱང་སྦྱར་སྟེང་སྒྲིག་སྦྱོར་གནང་པ་དཔེ་དེབ་ཁང་དང་ངོ་དེབ་ནང་མཐོང་རྒྱུ་འདུག འོན་ཀྱང་ཐ་སྙད་མང་པོ་ཞིག་སྔ་མོ་ནས་ཤེས་བསྡད་པའི་ཐ་སྙད་ཁག་ལ་དཔེ་རིས་གསར་པ་སྦྱར་ཏེ་འགྲེམས་སྤེལ་བྱས་པ་ལས་བོད་བསྒྱུར་བྱས་མེད་པའི་ཐ་སྙད་ཁག་སྒྲིག་སྦྱོར་གནང་པ་ན་ཧ་ཅང་ཕན་རླབས་ཆེ་བ་ཚོར། སློབ་མ་ཚོས་བོད་སྐད་གཙང་མ་བརྒྱབ་མ་ཐུབ་པའི་རྒྱུ་རྐྱེན་གཅིག་ནི་ཐ་སྙད་ཞན་པས་རེད། བོད་ཀྱི་ཡི་གེ་ཕྱུག་པོ་ཡིན་ཡང་དེང་སང་ཚན་རིག་དང་འཕྲུལ་རིག་ཡར་རྒྱས་ཀྱིས་དངོས་པོ་མང་པོ་ཞིག་གསར་གཏོད་དང་གསར་རྙེད་བྱུང་གི་ཡོད། དངོས་པོ་དེ་དག་གི་ཐ་སྙད་བོད་ཡིག་ནང་གོ་བདེ་ཞིག་བསྒྱུར་དགོས་གལ་ཆེ། དེ་ཡང་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་རྒྱུན་གཏན་འཚོ་བ་དང་འབྲེལ་བ་ཡོད་པའི་ཐག་ཉེ་བའི་ཐ་སྙད། དཔེར་ན། བཟའ་ཆས་རིགས། གློག་གི་རྩེད་ཆས་རིགས། སྔོན་ལ་བསྒྱུར་ཐུབ་ཚེ་དེ་དག་བེད་སྤྱོད་ཆེ་བ་མཐོང་། གང་ལགས་ཤེ་ན། དུས་རབས་ཉི་ཤུ་རྩ་གཅིག་པའི་ཕྲུ་གུས་རྒྱུན་གཏན་གྱི་སྐད་ཆ་དང་ཚིག་སྒྲུབ་ནང་ད་ལྟ་ཁོ་རང་ཚོས་མཐོང་ཐོས་མྱོང་གསུམ་གྱི་དངོས་པོའི་ཐ་སྙད་བེད་སྤྱོད་མང་བ་བྱེད་ཀྱི་འདུག སྐབས་དེར་ཐ་སྙད་དེ་དག་བོད་བསྒྱུར་གནང་མེད་ཚེ། ཁོ་ཚོས་ར་མ་ལུག་གི་སྐད་ཆ་བཤད་ཀྱི་རེད་ལ་ཚིག་སྒྲུབ་ཀྱང་སྤུས་དག་པོ་ཞིག་འབྲི་ཐུབ་ཀྱི་མ་རེད། སྐབས་དེར་དགེ་རྒན་གྱིས་ཀྱང་ཐ་སྙད་གསར་པ་མང་པོ་ཞིག་ཤེས་ཀྱི་མེད་པ་ན། སློབ་མ་ཚོ་ལ་ཐ་སྙད་ཁག་སྒྲ་བསྒྱུར་བྱས་པ་ཙམ་ལས་དོན་བསྒྱུར་གྱིས་ཚིག་གི་ཐ་སྙད་གསལ་པོ་ཞིག་བཤད་ཐུབ་ཀྱི་མ་རེད། དེས་སློབ་མ་ཚོས་བོད་སྐད་བསྲེ་ལྷས་མེད་པར་གཙང་མ་ཞིག་བརྒྱབ་ཐུབ་ཀྱི་མ་རེད།
ཕྲད་ཀྱི་སྦྱོང་ཚན། བོད་ཡིག་སློབ་དེབ་ནང་བརྗོད་གཞི་འདྲ་མིན་ཐོག་སྐད་ཆ་བཤད་སྟངས་ཡར་རྒྱས་ཡོང་སླད་མི་ཕན་ཚུན་བར་གླེང་མོལ་བྱེད་སྟངས་ཀྱི་སློབ་ཚན་འཁོད་ཡོད་རེད། དེས་སྐད་ཆ་འཆད་སྟངས་ཀྱི་སྦྱོང་བརྡར་ཞིག་ཡོང་བ་གདོན་མི་ཟ། འོན་ཀྱང་བོད་ཡིག་སློབ་དེབ་ཀྱི་བསླབ་གཞི་ནང་དམའ་རིམ་ནས་གཞི་རིམ་བར་སུམ་རྟགས་ཀྱི་ཕྲད་ཀྱི་སློབ་ཚན་རྒྱུན་མི་ཆད་པར་འཁོད་ཡོད། སྐབས་དེ་དུས་སུམ་རྟགས་ཀྱི་ཕྲད་སྦྱོང་ཚན་དུ་བཀོད་པའི་སྐབས་ཕྲད་ཀྱི་སྒྲ་ཡི་སྦྱོར་ཚུལ་བེད་སྤྱོད་བྱེད་སྟངས་གཅིག་པུ་དམིགས་སུ་མ་འཛིན་པར་གཙོ་བོ་རྒྱུན་གཏན་སྐད་ཆའི་འགྲོས་དང་བསྟུན་ནས་ཕྲད་བེད་སྤྱོད་སྟངས་ཀྱི་སྦྱོང་ཚན་ཞིག་བཀོད་སྒྲིག་བྱས་ཐུབ་པ་ན་དེ་ཡིས་ཕྲད་བེད་སྤྱོད་བྱེད་སྟངས་ཤེས་པ་དང་མཉམ་དུ་སྐད་ཆ་གོ་རིམ་དང་ལྡན་པ་བཤད་སྟངས་ཀྱང་ཤེས་པར་གདེང་ཚོད་ཀྱིས་བཤད་ཐུབ། དཔེར་ན། སྐྱ་རེངས་ཀྱི་ཞོགས་པ། བདེ་ཞིང་ཐང་། ཞེས་ཕྲད་ཀྱི་སྦྱོང་ཚན་དེ་འདྲ་བཀོད་པ་ལས། སྐྱ་རེངས་ཀྱི་ཞོགས་པ་ང་ཚོས་སྔ་པོ་ལངས་ཏེ་ལུས་རྩལ་རྩེས་པ་དང་དཔེ་དེབ་ཀློག་གི་ཡོད། ལུས་རྩལ་རྩེས་ན་ལུས་པོ་བདེ་ཞིང་ཐང་བར་འགྱུར་གྱི་རེད། ཅེས་ཚིག་སྒྲུབ་ཆ་ཚང་བ་ཞིག་བྲིས་ཏེ་ཕྲད་སྐོང་སྟངས་ཀྱི་སྦྱོང་ཚན་ཞིག་དཔེར་བཀོད་ན་ཕྲད་སྦྱོར་སྟངས་ཤེས་པ་དང་མཉམ་དུ་སྐད་ཆ་གོ་རིམ་ལྡན་པའི་སྒོ་ནས་འབྲི་སྟངས་དང་བཤད་སྟངས་ཀྱང་ཤེས་ཀྱི་རེད།
མཇུག་གི་གཏམ། བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་རྒྱུའི་ཉག་ཕྲ་བའི་དུས་ལ་ཐུག་ཡོད་ན་ཡང་ད་དུང་གོ་མེད་ཚོར་མེད་ངང་། རང་བདེ་གཅེས་འཛིན་དང་རང་འདོད་རང་ཁེའི་ངང་རྒྱབ་བཅོལ་སྐྱབས་རེ་སོགས་ལ་བརྟེན་ནས་བསྡད་ན་ནམ་ཞིག་བོད་པ་ཞེས་པའི་མི་རིགས་རྩ་སྟོང་དུ་འགྲོ་བར་ངེས་སོ། དེར་བརྟེན། གུས་མོས་འགན་ཞིག་གིས་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་གནས་སྟངས་ཐོག་མཐོང་ཐོས་མྱོང་གསུམ་གང་བྱུང་བ་ལས་གཙོ་བོ་སྐད་ཡིག་གི་སྒྱུ་རྩལ་བཞི་ལས་བཤད་རྩལ་ཡར་རྒྱས་གཏོང་ཐབས་ཐད་རྩོམ་ཐུང་ཞིག་འབྲི་རྒྱུའི་འབད་བརྩོན་བྱས་པ་ཡིན། ལྷན་རྒྱས་ཚོ་ལ་ཡང་དགོངས་ཚུལ་འདྲ་ཡོད་ཀྱི་རེད། དེར་ཕ་མ་དང་སློབ་གསོ་བ་ཚང་མས་དགོངས་པ་ཆེ་བཞེས་ཀྱིས་རང་ཉིད་ཀྱི་བུ་ཕྲུག་གམ་བོད་ཀྱི་མ་འོངས་སོན་རྩ་ཚོས་རང་མི་རིགས་ཀྱི་སྲོག་རྩ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཡོང་སླད་ཐབས་ལམ་མི་འདྲ་བ་བཙལ་ཏེ་ཕྱག་བསྟར་བྱ་རྒྱུའི་ཛ་དྲག་གི་དུས་ལ་བབས་འདུག བོད་མི་ཚོ།
རྒྱལ་ཁབ་རེ་ལ་སྐད་ཡིག་རེ། སྐད་ཡིག་སྲོག་གི་རྩ་བ་སྟེ། རྩ་ཆེའི་སྲོག་དང་བྲལ་བས་ན། མི་རིགས་སྲོག་མེད་བེམ་པོར་གྱུར། དུར་སར་འགྱུར་ངེས་རྒྱལ་ཁབ་ཅིག གསོན་པོ་གནས་དང་མི་གནས་ནི། བོད་པ་རྒན་གཞོན་དར་གསུམ་ལ། འོས་འགན་ཡོད་པས་དགོངས་པར་མཛོད།
ད་བར་དཔྱད་མཆན་མེད།