ད་ལྟ་སློབ་སྦྱོང་བྱེད་པའི་དུས་སྐབས་ཡིན་པས། སྐྲ་ནག་པོའི་དུས་སུ་མ་བསྒྲུབ་ན། མགོ་དཀར་པོའི་དུས་སུ་གང་ནས་འགྲུབ་ཟེར་བ་ལྟར། ཞོགས་སྔ་ལངས་དང། དགོང་ཕྱི་ཉལ་གྱིས་འབྲེལ་ཡོད་སློབ་ཚན་ཁག་ལ་སྦྱང་བརྩོན་ལྷོད་མེད་བྱེད་དགོས་པ་སྨོས་མེད་ཐོག རང་ཉིད་ནང་པ་ཡིན་པའི་ཆ་ནས་དམ་པའི་ཆོས་ཀྱི་ནང་དོན་གཏིང་ཟབ་པོ་མ་ཤེས་ཀྱང་། ནང་ཆོས་ཀྱི་གཞི་རྩའི་གོ་བ་དང་འགྲོ་སྟངས། དེ་བཞིན་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང། བོད་དང་བོད་མི་དང་འབྲེལ་བ་ཡོད་པའི་རྩོམ་ཡིག་ཁག་ལ་དོ་སྣང་། དེ་འབྲེལ་རྒྱལ་སྤྱིའི་གནས་ཚུལ་དང་། ཕྱིའི་ལམ་ལུགས་འདྲ་མིན་གྱི་འགྲོ་སྟངས་སོགས་ཤེས་ཐབས་བྱེད་ན་དཔལ་དང་རྒྱན་ཡིན། དེས་ན་ཆུང་དུས་རིག་པ་མ་སྦྱང་ན། རྒས་དུས་འགྱོད་ཀྱང་ཅི་ལ་ཕན།
བོད་ཕྲུག་གི་འོས་འགན་གསུམ་ནི།
༡། སློབ་མ་ཞིག་ཡིན་པའི་ཆ་ནས་སློབ་སྦྱོང་ལ་སྦྱང་བརྩོན་ལྷོད་མེད་བྱེད་དགོས་པ།
༢། ནང་པ་ཡིན་པའི་ཆ་ནས་ནང་ཆོས་ཀྱི་གཞི་རྩའི་གོ་བ་དང་འགྲོ་སྟངས་ངེས་པར་དུ་ཤེས་དགོས་པ།
༣། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། བོད་དོན་དང་འབྲེལ་བའི་རྩོམ་ཡིག རྒྱལ་སྤྱིའི་གནས་ཚུལ་དང་ཕྱིའི་ལམ་ལུགས་ཁག་ལ་དོ་སྣང་བྱེད་དགོས།