བདེ་སྤྱོད་བཟང་པོ་སྔར་ལྟར་སོང་ནས་ཁུར་འོངས་པར། ཡང་རོ་དངོས་གྲུབ་ཅན་གྱིས་སྒྲུང་ཞིག་བཤད། ཁོའི་བསམ་པར་ད་ཐེངས་ཁ་ནས་གཏམ་ཤོར་མི་རུང་སྙམ་ནས། མར་ཟན་ཟ་བཞིན་འོངས།
སྔར་དུད་ཁྱིམ་གཅིག་ན་བུ་ལེ་ལོ་ཅན་གཅིག་ཡོད། ཁོས་ལས་ཀ་གཅིག་ཀྱང་ལས་མི་ཤེས་པས། ཆུང་མ་ཁོ་ནར་བརྟེན་ནས་ཁྱི་ལྟར་ཟ་ཞིང་ཕག་ལྟར་ཉལ་ནས་བསྡད།
ཁོའི་ཆུང་མས་འབད་པ་བྱས་ནས་ཁ་གསོས་ཤིང་རྒྱབ་བཀབ་ན་ཡང། ཁོས་“དེ་སྐྱེས་པ་སྔོན་གྱི་ལས་ཡིན་”ཟེར་ནས་ཉལ་བསྡད། རང་གིས་སྔར་བསླབས་པའི་གཏོ་མདོས་མོ་རྩིས་སོགས་ཤེས་ན་ཡང། ས་དེའི་མི་རྣམས་ཀྱིས་ཕོའི་ཕར་རྒྱབ་ཤེས་ཡོད་པས། གྲོང་ཆོག་ལ་འབོད་མཁན་གཅིག་ཀྱང་མ་བྱུང་བས། ཉིན་རེ་བཞིན་ལྟོ་ཟ་བ་དང་གཉིད་ལྡོག་པ་དང། བཤང་གཅི་འདོར་བ་མ་གཏོགས་ལས་དོན་གཞན་མེད་པས། ལུས་ཚོན་པོ་བླ་མ་བླ་ཆེན་ཞིག་དང་འདྲ། ཆུང་མས་ཀྱང་ཁོས་ཟ་འདོད་ལ་ལས་མི་འདོད་པའི་བཟོ་སྟངས་ལ་བལྟས་ནས། སེམས་ནས་ཚིག་པ་ཟོས་ཏེ། “འདི་ལ་ཐབས་ཤིག་བྱ་དགོས། འདི་ལྟར་བྱས་ན་ཟས་གོས་གང་ཡང་མེད་པ་ཞིག་འོང་”སྙམ།
ཉིན་ཞིག་གི་སྔ་མོར་ཆུང་མས་མར་གྲོད་པུ་གཅིག་ཉེ་འཁོར་གྱི་གྲམ་པའི་རྩྭ་ཕུང་ནང་ལ་སྦས། མཐར་ཚིལ་དྲུལ་གཏོར་ནས་བཞག སླར་འོངས་ནས་ཕག་ལྟར་ཉལ་བའི་ཁྱོ་བོ་ལ། “ཝེ། ཁྱོད་སྐྱེས་པ་གོམ་གསུམ་སོང་ན་དོན་གསུམ་འགྲུབ། གར་སོང་ས་ནས་གྲོག་དང་འཕྲད་ཟེར་བའི་གཏམ་དཔེ་ཡོད་པས། ཡར་ལངས་ནས་ཁང་ཁ་ཙམ་རེ་ལ་སོང་ནས་ལྟོས་དང། གྲོག་ལ་འཕྲད་སྲིད། ‘ཕོ་ཉལ་བ་མང་ན་དགྲ་མགོ་ཤོར། མོ་ཉལ་བ་མང་ན་ལས་མགོ་ཤོར་’ཟེར་བ་མ་ཐོས་སམ་”ཟེར་བར་མི་དེ་ཡང་ཆུང་མས་བསྟོད་ར་དང་འཁང་ར་བྱས་པར་བརྟེན་ཡར་ལངས་ནས་ཁང་ཁར་བུད་ནས་བལྟས་ཚེ། གྲམ་པའི་རྩྭ་ཕུང་ཞིག་གི་ནང་ན་ཁྭ་ཏ་མང་པོས་རུབ་རུབ་བྱེད་པ་མཐོང། ཁོ་སོང་ནས་བལྟས་པས་མར་གྲོད་པུ་ཆུང་གཅིག་རྙེད་པས། “ཆུང་མས་བཤད་པ་བདེན། ཉལ་བསྡད་ན་མར་འདི་ལག་ལ་ཇི་ལྟར་ཐོབ་”སྙམ་ནས། མར་ཁྱེར་འོངས་ནས་ཁོས་ཆུང་མ་ལ་“ལྟོས་དང་ཅི་འདྲ་རེད་”ཟེར་བར། ཆུང་མ་ཧ་ལས་པ་ལྟར་བྱས་ནས། སྐྱེས་པ་ཁྱོ་ག་ཟེར་བ་དེ་འདྲ་ཡིན་དགོས་ཟེར་ནས་བསྟོད་ར་བྱས་པས། ཁོ་ཧ་ཅང་དགའ་ནས། “འདི་ཙམ་ཅི་ལ་ཡང་མི་བརྩི། ངས་ལས་ཀ་མ་བྱས་པ་མ་གཏོགས། ལས་ཀ་བྱས་ན་ཧ་ལས་པ་བྱེད། ཁྱོད་ཀྱིས་ལྟོས་དང། སང་ཉིན་ང་རི་དྭགས་རྔོན་དུ་འགྲོ། ཁྱོད་ཀྱིས་ང་ལ་རྟ་དང་འཁོར་གསུམ་ཤ་ཁྱི་བྲོ་ག་རྣམས་གྲ་སྒྲིག་གྱིས་ལ། ཁྱོད་ཀྱིས་ཡུལ་ནས་ངས་རི་དྭགས་བརྔོན་ནས་འཁྱེར་འོངས་པ་ལ་བསྒུགས་སྡོད་”ཟེར།
ཆུང་མ་དེ་སེམས་ནས་དགོད་བྲོ་བ་བྱུང་ལ། རི་དྭགས་ལ་སོང་ན་རི་དྭགས་ཆུང་བ་རེ་མི་སོད་པའི་ངེས་པ་ཡང་མེད་སྙམ་ནས་ཁོའི་བཤད་པ་ལྟར་གྲ་སྒྲིག་བྱས། ཁོ་དགོང་མོ་གཉིད་མ་ཁུག་པར། རི་དྭགས་ཅི་ཞིག་རྔོན་པ་དང། དཔའ་རྟགས་ཅི་འདྲ་སྟོན་པ་དང། རུ་སྐོར་ཁྱིམ་མཚེས་ཀྱིས་བསྟོད་ར་ཇི་འདྲ་བྱེད་པ་དང། ཆུང་མས་བརྩི་འཇོག་ཇི་འདྲ་བྱེད་པ་སོགས་བསམ་བློ་སྣ་དགུ་བཏང། ཕྱི་ཉིན་ཡར་ལངས་ནས། འཁོར་གསུམ་བསྐོན། རྟ་ལ་ཞོན། ཤ་ཁྱི་ཁྲིད་ནས་རི་དྭགས་རྔོན་དུ་སོང།
ཁོ་སྔ་དྲོ་ནས་ཉིན་གུང་བར་སོང་ན་ཡང་རི་དྭགས་རི་བོང་གཅིག་ཀྱང་མ་སོད་པས། སེམས་ནས་རེ་བ་ཆད་དེ། “རི་དྭགས་རྔོན་དུ་མ་འོངས་ན་ཅི་མ་རུང། དེ་རིང་རི་དྭགས་མི་སོད་པའི་ཉི་ནག་ཡིན་ཀྱང་སྲིད་”སྙམ། དེ་ལྟར་བསམ་བློ་བཏང་ནས་འགྲོ་བཞིན་པའི་སྐབས། ཐང་སྟོང་གི་དཀྱིལ་ན་ཝ་ཞིག་འགྲོ་བ་རིག་པས། ཤ་ཁྱི་བཏང་བར། ཝས་ཤ་ཁྱི་རིག་པ་ཙམ་གྱིས་མདའ་འཕངས་པ་ལྟར་བྲོས། ཤ་ཁྱིས་ཝ་བྲོས་པ་མཐོང་བས་བྱ་འཕུར་བ་ལྟར་བདས་སོང། ཁོས་ཀྱང་རྟ་ལ་ལྕག་ཚན་བཞུས་ནས་རྗེས་སྙེག ཝས་མི་ཁྱི་གཉིས་ཀས་འདེད་པ་མཐོང་བས་སྐྲག་ནས་ཁུང་བུ་མགོ་རྡོལ་ཞིག་ལ་འཛུལ་སོང། མི་ལེ་ལོ་ཅན་དེས་ཞྭ་ཕུད་ནས་ཁུང་སྒོ་གཅིག་བཅད། མདའ་གཞུ་རྟ་གློར་བཏགས། རྟའི་སྲབ་མདའ་ཁྱི་སྐེད་ལ་སྦྲེལ། རང་ཉིད་སོང་ནས་ཁུང་སྒོ་གཅིག་བརྐོས་པས། ཝ་དེ་སྐྲག་ནས་ཁུང་ནང་དུ་སྡོད་མ་ཚུགས་པར་ཁུང་མགོ་ནས་ཡར་ཐོན་པས། ཞྭ་མགོ་ལ་བསྐོན་ནས་བྲོས། ཤ་ཁྱིས་དེ་མཐོང་འཕྲལ། ཝའི་རྗེས་བསྙེགས་ནས་དེད། རྟ་ཡང་ཁྱིའི་སྐེད་ལ་སྦྲེལ་ཡོད་པས་ཁྱིའི་རྗེས་ལ་བང་རྩལ་གྱིས་བརྒྱུགས་སོང། ལེ་ལོ་ཅན་དེས་“ཐང་གི་རྡོ་བླངས་ནས། རུམ་གྱི་བྲོ་ལྷུང་”ཞེས་པའི་དཔེར་སོང་བས། རྐང་ཐང་མགོ་རྗེན་ལ་རྟའི་རྗེས་བསྙེགས་ནས་བརྒྱུགས། དེ་ལྟར་ཝ་སྔོན་ལ་བྲོས། ཤ་ཁྱིས་རྗེས་ནས་བདས། རྟའི་སྲབ་མདའ་ཁྱིའི་སྐེད་ལ་སྦྲེལ་ཡོད་པས་རྟ་རང་དབང་མེད་པར་ཁྱིའི་རྗེས་ལ་བརྒྱུགས། ལེ་ལོ་ཅན་དེ་ཐང་ཆད་ནས་དབུགས་ལྷེམ་ལྷེམ་ངལ་གསོ་ཅུང་ཟད་བྱས་པའི་བར་ལ། ཝ་ཁྱི་རྟ་གསུམ་གཅིག་རྗེས་གཅིག་གིས་བསྙེགས་ནས། བར་ཐག་ཇེ་རིང་ལ་སོང་བས་གར་སོང་ཆ་མེད་དུ་བོར་སོང། ཁོས་ལམ་དུ་ཐུག་ཚད་ཀུན་ལ། “ཞྭ་གོན་པའི་ཝ་ཞིག་ཨེ་རིག རྟ་འཁྲིད་པའི་ཁྱི་ཞིག་ཨེ་རིག མདའ་གཞུ་འཁུར་བའི་རྟ་ཞིག་ཨེ་རིག་”ཅེས་དྲིས་པས་ཐོས་ཚད་ཀུན་གྱིས་”འདི་ནི་སྨྱོན་པས་སྨྱོ་གཏམ་ལབ་པ་རེད་”ཅེས་གད་མོ་དགོད་པ་ལས་ལན་འདེབས་མཁན་གཅིག་ཀྱང་མ་བྱུང།
ཁོ་སོང་སོང་ནས་གྲོང་གསེབ་ཅིག་ལ་སླེབས། དེར་དུད་ཁྱིམ་ཞིག་ན་སྐྱ་སེར་མང་པོས་འདུ་ལོང་བྱེད་པ་མཐོང་བས། ཁོའི་བསམ་པར། ད་ཐེངས་སྐད་ཆ་ཡག་པོ་ཞིག་བཤད་ནས་འདྲི་དགོས་སྙམ་སྟེ། ཕར་སོང་ནས་“ལྷ་དང་འདྲ་བར་དགའ་སྐྱིད་བྱེད་པ་ཚོ། ཞྭ་གོན་པའི་ཝ་ཞིག་ཨེ་རིག རྟ་འཁྲིད་པའི་ཁྱི་ཞིག་ཨེ་རིག མདའ་གཞུ་འཁུར་བའི་རྟ་ཞིག་ཨེ་རིག་”ཅེས་དྲིས་པ་ལ་དུད་ཁྱིམ་དེར་ཁྱིམ་བདག་ཤི་བས་སྐྱ་སེར་མང་པོ་འདུས་ནས་བསྔོ་སྨོན་དགེ་རྩ་བྱེད་པ་ཡིན་སྟབས། དེ་རྣམས་ཀྱིས་ཁོའི་སྐད་ཆ་དེ་འདྲ་བཤད་པ་ཐོས་འཕྲལ་ཁོའི་གདོང་ལ་མཆིལ་མ་བཏབ། ཤི་ལ་ཁད་པ་ཞིག་རྡུང་རྡེག་བྱས་ནས། “ཁྱོད་ཅི་འདྲའི་བསམ་མེད་ཅིག་རེད། འདིར་ཤི་སྡུག་བྱུང་བ་ལ། ཁྱོད་ཀྱིས་ད་དུང་ལྷ་དང་འདྲ་བའི་དགའ་སྐྱིད་བྱེད་པ་ཚོ་ཟེར་བས་མི་ཆོག་པར་བརྙས་སྨོད་ཀྱི་འཆལ་གཏམ་ལབ་པ་ལ་ཨང་”ཟེར་ནས་སྡིགས་མོ་བྱས།
ལེ་ལོ་ཅན་དེ། སེམས་སྡུག་བཞིན་ཡོམ་ཡོམ་བྱས་ནས་སོང་སོང་སྟེ་གྲོང་གསེབ་གཞན་པ་ཞིག་ལ་སླེབས། དེར་ཡང་དུད་ཁྱིམ་ཞིག་ན་མི་མང་པོ་འདུས་ནས་འདུ་ལོང་བྱེད་ཀྱིན་ཡོད་པར། ཁོའི་བསམ་པར་“སྔར་སྐད་ཆ་འཆུགས་པས་རྡུང་རྡེག་རིན་གྱིས་ཉོས། ད་ཐེངས་སྐད་ཆ་མ་འཆུགས་པ་ཞིག་བྱེད་དགོས་”སྙམ་ནས། ཕར་སོང་སྟེ། “འདྲེ་དང་འདྲ་བར་སྡུག་གི་དོང་བརྐོ་ཚོ། ངའི་ཞྭ་གོན་པའི་ཝ་ཞིག་ཨེ་རིག ངའི་རྟ་འཁྲིད་པའི་ཁྱི་ཞིག་ཨེ་རིག ངའི་མདའ་གཞུ་འཁུར་བའི་རྟ་ཞིག་ཨེ་རིག་”ཅེས་དྲིས་པར། དུད་ཁྱིམ་དེར་བག་མ་བསུ་བའི་སྟོན་མོ་བྱེད་ཀྱིན་ཡོད་ལ། མི་རྣམས་ཀྱིས་འཚང་ཁ་ཤིག་ཤིག་བག་མ་ལ་ལྟ་བཞིན་ཡོད་པས། ཚང་མས་ཁོས་སྐད་ཆ་དེ་འདྲ་ལབ་པ་ཐོས་འཕྲལ། ཚིག་པ་ཟོས་ནས་“མི་འདི་གདོན་དང་འདྲ་བ། འདིར་བག་མ་བསུས་ནས་ཚང་མས་ཁ་གཡང་རྟེན་འབྲེལ་སྒྲིག་པ་ལ་ཁྱོད་དམྱལ་ཁམས་ནས་ཐོན་པ་ལྟར་འདིར་འོངས་ནས་སྐད་ཆ་བཀྲ་མ་ཤིས་པ་བཤད་པས། ཁྱོད་གཏོ་རྫོང་བྱེད་དགོས་”ཟེར་ནས་ལྭ་བཤུས་ཏེ་གཅེར་བུ་མར་བསྐྲད།
ལེ་ལོ་ཅན་དེ་སེམས་ཕམ་ཞིང་སྐྲག་ནས་གཅེར་བུར་བྲོས་པས། ལུས་གྲང་ནས་བཟོད་གླགས་མེད་པ་བྱུང་སྟབས། ཁ་ནས་“རླུང་མ་འོང། རླུང་མ་འོང་”ཞེས་གསོལ་བ་འདེབས་བཞིན་སོང་བས། ནས་འབྲུ་རླུང་ལ་འཕྱར་ས་ཞིག་ལ་སླེབས། དེར་ནས་འབྲུ་རླུང་ལ་འཕྱར་མཁན་ཚང་མས། མི་གཅེར་བུ་ཞིག་གིས་“རླུང་མ་འོང། རླུང་མ་འོང་”ཞེས་སྐད་རྒྱག་བཞིན་འོངས་པ་མཐོང་བས། རྣམ་རྟོག་ཟ་བཞིན། འཕྱར་ཁེམ་ཕྱར་ནས་བདའ་བྱུང་སྟེ། “ང་ཚོར་རླུང་འོང་དགོས་པ་ལ་ལྟས་ངན་བཀྲ་མི་ཤིས་པ་ཁྱོད་ཀྱིས་རླུང་མ་འོང་ཞེས་སྨོན་ལམ་ལོག་འདེབས་བྱས་”ཟེར་ནས་གཤེ་གཤེ་བཏང་བས་ཁོ་བྲོས་ནས་སོང། ཁོའི་བསམ་པར་ ”རླུང་མ་འོང་ཟེར་མི་རུང་”སྙམ་ནས་ལུས་གྲང་ནས་འདར་ན་ཡང། ཁ་ནས་ “རླུང་ཆེན་གཡུག རླུང་ཆེན་གཡུག་”ཅེས་སྐད་རྒྱག་བཞིན་སོང་བས། ཤོག་གུ་བཟོ་སར་ཤོག་གུ་རླུང་གིས་ཁུར་བ་དང་ཐུག ཤོག་གུ་བཟོ་མཁན་རྣམས་ཀྱིས་མི་གཅེར་བུ་ཞིག་གིས་རླུང་ཆེན་གཡུག་ཅེས་སྐད་རྒྱག་བཞིན་འོངས་པ་མཐོང་བས། དབྱུག་པ་བཟུང་ནས་བདས་ཏེ་ཉེ་འཁོར་ལ་ཡང་འོང་བར་མ་བཅུག
ལེ་ལོ་ཅན་དེ་བྲོས་སོང་ནས་རྒྱལ་པོ་ཞིག་གི་སྒོ་ཁར་སླེབས། ཁོ་ལུས་གྲང་ཞིག་ཕོ་བ་ལྟོགས་ལ་ཐང་ཆད་ནས་འགྲོ་ཡང་མི་ཐུབ་པ་བྱུང། ཉི་མ་ཡང་ནུབ་སོང་བས། དེར་རྩྭ་ཕུང་ཞིག་ཡོད་པའི་ནང་ལ་འཛུལ་ནས་གཉིད་ལོག དགོང་མོ་སྒོ་ན་ཕག་ཅིག་ཡོད་པ་དེ་ཡང་རྩྭའི་ནང་ལ་འཛུལ་འོངས་པས། ཁོ་སྐྲག་ནས་སྙིང་འགས་པ་ལྟ་བུ་ཞིག་བྱུང། ཕག་ཡིན་ཤེས་ནས་སླར་ཡང་བག་ཕེབས་ནས་གཉིད་ལོག
ཕྱི་ཉིན་སྔ་མོར་རྩྭ་གསེབ་ནས་ཉན་བསྡད་པར། “ཐག་”ཅེས་དངོས་པོ་ཞིག་མར་ལྷུང་བྱུང། རྩྭ་གསེབ་ནས་བལྟས་ཚེ། ཐོག་ཁང་གི་སྒེའུ་ཁུང་ནས་མར་ལྷུང་བའི་གཡུ་རྡོག་ཅིག་ཡིན་འདུག གཡོག་མོ་ཞིག་གིས་བླངས་ནས་ལྕི་བས་བཏུམས་ཏེ་གྱང་ངོས་ལ་སྦྱར། དེའི་ཐོག་ལ་རྟགས་ཤིག་བརྒྱབ། ཁོས་དེ་དག་གསལ་བར་མཐོང།
ཡུད་ཙམ་འགོར་ནས་ཕོ་བྲང་གི་ཕྱི་ནང་ཀུན་ཏུ་ཟིང་ཟིང་ལང་ལོང་བྱས་ཏེ། “རྒྱལ་མོ་བླ་གཡུ་བོར་སོང་”ཞེས་བཤད་པ་ཐོས་པས། དེའི་དུས་ཁོས་རྩྭ་གསེབ་ནས་མགོ་ཡར་བུད་དེ་བཤད་པ། “ངས་མོ་རྩིས་བྱས་ན་ཤེས་ཡོང་”ཟེར་བར། ཕོ་བྲང་ནང་གི་མི་རྣམས་ཀྱིས་ཁོ་ལ་དར་གྱི་ལྭ་བ་བསྐོན་ནས་ཕོ་བྲང་ལ་ཁྲིད་པ་རེད།
རྒྱལ་བོས་ཁོ་རང་བཟའ་བཏུང་གིས་ཚིམས་པར་བྱས་རྗེས་“ཁྱོད་ཀྱིས་མོ་བདར་བྱེད་པར་མཆོད་ཆ་ཅི་དགོས་”ཞེས་དྲིས་པར། ཁོས་སྔར་ཕག་གིས་འཇིགས་སྐྲག་བསླངས་པ་དེ་དྲན་ནས། “ཕག་མགོ་ཞིག་དགོས། དར་མཚོན་སྣ་ལྔ་དང། གཏོར་རྩམ་དགོས་”ཟེར་བ་ལྟར་མཆོད་ཆ་རྣམས་ཁྱེར་འོངས་པར། ལེ་ལོ་ཅན་དེས་ཕག་མགོ་ལ་དར་མཚོན་སྣ་ལྔ་བཏགས། རྩམ་པས་གཏོར་མ་མང་པོ་བཅོས་ནས། དབྱངས་ལ་གྱེར་ནས་མོ་བདར་བྱས་ཤིང་ཡུད་ཙམ་ལ་མིག་བཙུམ་བསྡད་དེ། གློ་བུར་དུ་མིག་ཕྱེ་ནས་ཕག་མགོ་བཟུང་ནས་སྒོར་ཐོན་ཏེ་ལྕི་ལེབ་དེ་ལ་བརྒྱབ་ནས་“འདིའི་ནང་ན་ཡོད་”ཟེར་བ་ལྟར། ལྕི་ལེབ་བཀོག་ནས་བལྟས་ཚེ། བླ་གཡུ་དེ་ངོ་མ་དེར་ཡོད་པ་རྙེད་འདུག་པས། རྒྱལ་པོ་མོ་སྟོན་དེ་ལ་དད་པ་སྐྱེས་ནས། ཉིན་གསུམ་ལ་བསྙེན་བཀུར་རྒྱ་ཆེན་པོ་བྱས་ཏེ། རྒྱལ་པོས་ཁོ་ལ་“ཁྱེད་ལ་འབུལ་བ་ཅི་ཞིག་དགོས་”ཞེས་དྲིས་པར། ཁོས་“ང་ལ་རྟ་གཅིག ཤ་ཁྱི་གཅིག འཁོར་གསུམ་ཆ་ཚང་ཞིག ཝ་པགས་གཅིག་དགོས་”ཞེས་བཤད་པར། རྒྱལ་པོས་དེ་དག་བྱིན་སྟེང། ད་དུང་ཤ་མར་ཐུད་གསུམ་གྱི་འབུལ་བ་ཕུལ་ཞིང་མངགས་ནས་ཁོའི་ཡུལ་ལ་བསྐྱལ་བས། ཁོའི་ཆུང་མ་ཤིན་ཏུ་དགའ་ཞིང། ཁོ་ལ་སྔར་ལས་ལྷག་པའི་འདང་རྩིས་བྱས། དེ་ནས་བཟུང་ཁོས་“ང་ནི་མངོན་ཤེས་ཅན་གྱི་མོ་སྟོན་ཕག་མགོ་ཡིན་”ཞེས་འུད་བརྒྱབ་པས། ཡུལ་དེར་“མོ་སྟོན་ཕག་མགོ་”ཞེས་གྲགས་པ་རེད།
ཡང་ཉིན་ཞིག རྒྱལ་པོའི་མཛོད་ལ་རྐུན་མ་འཛུལ་ནས་རིན་པོ་ཆེ་མང་པོ་ཁྱེར་བར། རྒྱལ་པོས་མི་མངགས་ནས་མོ་སྟོན་གདན་འདྲེན་ལ་བྱུང་བར། ཁོས་རྐུན་མ་ཇི་ལྟར་བྱུང་བ་གཏན་ནས་མི་ཤེས་པས་འགྲོ་མི་ཕོད་མོད། མ་སོང་ན་རྒྱལ་པོས་ཆད་པ་གཅོད་པས། སྐྲག་བཞིན་རྟ་ལ་ཞོན་ནས་ཕག་མགོ་ཁུར་ཏེ་སོང་བས། གཡོག་འཁོར་རྣམས་ཀྱིས་མོ་སྟོན་ཕག་མགོ་ལ་བསུ་བ་བྱས། ཁོས་རྒྱལ་པོ་ལ་“ད་ཐེངས་རྐུན་མ་ངོས་འཛིན་གྱི་མངོན་ཤེས་བསྒྲུབ་དགོས་པས་མཚམས་ལ་འདུག་དགོས་”ཟེར་ནས་ཁང་པ་ཞིག་ལ་འཛུལ་ནས་མཚམས་ལ་བསྡད། ཁོ་སྐྲག་ཅིང་སེམས་ཚིག་ནས་ཟས་ལ་ཡི་ག་ཆད། མཚན་མོ་གཉིད་མ་ཁུག་པས། ལུས་པོ་སྐྱ་ཞིང་སྔོ་ལ། ཤ་ཟད་རུས་སྐམ་ལ་སོང་བ་མཐོང་བས། ཁོས་“ཨ་སྔོ་ནི་སྔོ། ཨ་སྐྱ་ནི་སྐྱ། ཤ་སྐམ་རུས་ཟད་”ཅེས་སྡུག་སྐད་ཡང་ཡང་ཤོར། རྐུན་མ་གཉིས་ཀྱིས་མོ་སྟོན་ཕག་མགོས་རྐུན་མ་ངོས་འཛིན་གྱི་མངོན་ཤེས་སྒྲུབ་པ་ཐོས་པས། འཇབ་ཉན་བྱེད་དུ་འོངས་པ་སྟབས་ལེགས་ཀྱིས་རྐུན་མ་གཅིག་གི་མིང་ལ་ཨ་སྔོ་དང་གཅིག་གི་མིང་ལ་ཨ་སྐྱ་ཟེར་བ་ཡིན་པས། རྐུན་མས་མོ་སྟོན་ཕག་མགོས་“ཨ་སྐྱ། ཨ་སྔོ་”ཞེས་འདོན་གྱིན་ཡོད་པ་ཐོས་པས། ཤིན་ཏུ་སྐྲག་ནས་བརྐུས་པའི་རིན་པོ་ཆེ་རྣམས་མོ་སྟོན་ཕག་མགོ་ལ་ཕུལ་ནས་ཞུ་བ་ཕུལ་བས། མོ་སྟོན་ཕག་མགོས་རྒྱལ་པོ་ལ་ཕུལ་བས། རྒྱལ་པོ་ལྷག་པར་དགའ་སྟེ་མོ་སྟོན་ཕག་མགོ་ལ་འབུལ་བ་གྱ་ནོམ་པ་དང་བཅས་ཡུལ་ལ་བསྐྱལ་བས་“མོ་སྟོན་ཕག་མགོ་”ཞེས་ལྷག་པར་གྲགས་ཆེ་བར་གྱུར།
ཡང་ས་དེར་དཔོན་པོ་ཞིག་ལ་བུ་གཅིག་ཡོད་པར་ནད་གཞི་དྲག་པོ་ཐེབས་པས་རིམ་གྲོ་མང་པོ་བསྒྲུབས་ན་ཡང་ཕན་པ་མ་བྱུང་བར་འཆི་ལ་ཁད་ཡོད་པས། དཔོན་པོའི་ལག་འོག་གི་མི་ཞིག་གིས། “ཡུལ་འདི་ན་མིང་ལ་མོ་སྟོན་ཕག་མགོ་ཟེར་བ་མངོན་ཤེེས་ལ་ཐོགས་པ་མེད་པ་ཞིག་ཡོད་པས། དེ་གདན་འདྲེན་བྱས་ན་ཅི་འདྲ་”ཞེས་བཤད་པར། དཔོན་པོས་“དེ་ལྟར་གྱིས་”ཟེར་ནས། མོ་སྟོན་ཕག་མགོ་དེ་ལ་གདན་དྲངས་ནས། “ཁྱོད་ཀྱིས་ངའི་བུའི་ནད་ངེས་པར་གསོ་དགོས་“ཟེར་ནས། བུའི་ཁང་པར་འདུག་ཏུ་བཅུག ཁོ་སེམས་ནས་ཤིན་ཏུ་སྐྲག་མོད། གཡོ་བྱས་ཏེ་གཏོར་མ་མི་ཚད་ཙམ་ཞིག་བཅོས། དེའི་མདུན་ལ་ཕག་མགོ་བཞག ཁོ་རང་གིས་ཀྲོང་ཀྲོང་པོ་བྱས་ནས་བསྲུངས་བསྡད། དཔོན་པོའི་བུ་དེ་གཉིད་ལོག་ནས་ཤི་བ་ལྟར་གྱུར་པས། ལེ་ལོ་ཅན་དེས། “དཔོན་ཕྲུག དཔོན་ཕྲུག་”ཅེས་ཐེངས་གསུམ་བོས་ཀྱང་ཁ་མ་གྲགས་པས། ཁོས་རྒྱལ་བོའི་བུ་ཤི་སོང་སྙམ་ནས་ཕག་མགོ་ཁུར་ཏེ་བྲོས་པས་གཉེར་ཁང་གི་སྒོར་སླེབས་པ་དང། གཉེར་པས་“རྐུན་མ་འོངས་སོ། སོད་སོད་རྒྱོབ་རྒྱོབ་”ཟེར་བ་ལ་ཁོ་སྐྲག་ནས་ཁང་ཁ་ནས་ནོར་གྲྭར་མཆོངས་པས། ནོར་གྲྭར་མཛོ་དམར་པོ་ཞིག་གིས་ཟིང་གཟེངས་བྱས་པ་ལ་ཕག་མགོས་འགའ་བརྒྱབ་ནས། ནོར་གྲྭའི་ཕུག་ལ་སྦས་ནས་བསྡད། ནམ་ཕྱེད་ཙམ་ན་འཇབ་ནས་བལྟས་པས། ཁང་པ་ཞིག་ན་མེ་འོད་ཡོད་པ་མཐོང། དེར་སོང་ནས་ཉན་ཚེ་མི་འགའ་ཞིག་གིས་གླེང་མོ་བྱེད་ཀྱིན་ཡོད་པར། གཅིག་ན་རེ། “དཔོན་པོའི་བུ་སྔར་འདྲེ་ལ་སྐྲག་ནས་གཉིད་མི་ཁུག་པར་ན་བ་ཡིན་ལ། དོ་ནུབ་མོ་སྟོན་ཕེབས་པས་གཉིད་ཀུག་སོང་”ཟེར་བ་ཐོས་འཕྲལ་ཁོ་ལ་སྙིང་སྟོབས་འཛོམས་ཏེ། སླར་འཇབ་ནས་དཔོན་པོའི་བུའི་ཁང་པར་སོང་ནས་ཀྲོང་ཀྲོང་པོ་བྱས་ནས་བསྡད།
ཕྱི་ཉིན་ལེ་ལོ་ཅན་དེས་དཔོན་པོའི་བུ་ཁམས་དྭངས་པོ་ཡོད་པ་མཐོང་བས། ཁོ་ན་རེ་“ནོར་ར་ན་མཛོ་དམར་པོ་ཞིག་ཡོད་པ་དེ་ནི་ཁྱེད་ལ་གནོད་པའི་འདྲེ་ཡིན་པས་བཤའ་དགོས་”ཟེར་བ་ལྟར་མཛོ་དེ་བཤས་པས། དཔོན་པོའི་བུ་དེ་ནས་བཟུང་འདྲེ་ལ་མི་སྐྲག་པས། གཉིད་ཁུག་པ་བྱུང་བས་ནད་གཞི་ཡང་སངས་དྭངས་སུ་སོང། དཔོན་དེས་དགའ་ནས་མོ་སྟོན་ལ་འབུལ་བ་རྒྱ་ཆེན་པོ་ཕུལ་ནས་ཡུལ་ལ་བསྐྱལ་བས། ཁོ་ལྷག་པར་སྙན་གྲགས་ཇེ་ཆེར་སོང།
ཡང་ཉིན་ཞིག་དུད་ཁྱིམ་ཞིག་གི་ཁྱོ་བོ་རི་དྭགས་བཤོར་དུ་སོང་ནས་ཉིན་འགར་སླར་མ་འོངས། མི་འགའ་རེས་“གཅན་གཟན་གྱིས་ཟོས་སོང་བ་ཡིན་”ཟེར། ཆུང་མ་དེ་སེམས་ཚིག་ནས་མོ་སྟོན་ལ་མོ་འདེབས་སུ་འོང་ལ། ལེ་ལོ་ཅན་དེས་མིག་བཙུམ་ནས་ཡུད་ཙམ་བསྡད་དེ་“འོ། ཁྱོད་ཀྱི་ཁྱོ་བོ་དེ་ལུང་པ་ཁ་བྱང་བལྟ་ནགས་སྟུག་པོ་ཡོད་པ་ཞིག་ན་གཅན་གཟན་གྱིས་ཟོས་པས་དགེ་རྩ་རྒྱ་ཆེན་པོ་སྒྲུབས་”ཞེས་ལུང་བསྟན་པས། ཆུང་མ་དེ་སེམས་སྡུག་ནས་ངུ་བཞིན་རྒྱན་ཆ་རྣམས་ལེ་ལོ་ཅན་དེ་ལ་བྱིན། ལེ་ལོ་ཅན་དེ་ཁྱིམ་ལ་གདན་དྲངས་ནས། བསྔོ་སྨོན་བྱེད་བཞིན་ཡོད་སྐབས། ཁྱོ་བོས་རི་དྭགས་ཤ་བ་ཞིག་བསད། ཤ་རྭ་ཁྱེར་ནས་བདེ་འཚམས་སུ་ཡུལ་དུ་སླེབས།
སྒྲུང་བཤད་ནས་མཚམས་དེར་སླེབས་པ་དང། བདེ་སྤྱོད་བཟང་པོས་“ལྷ་པ། མོ་པ། སྒྱུ་མ་གསུམ། འཇིག་རྟེན་ཁམས་ན་རྫུན་རྐྱལ་གསུམ་ཟེར་བ་ཅི་མི་བདེན།”ཞེས་ཁ་ནས་གཏམ་ཤོར་བས། རོ་དངོས་གྲུབ་ཅན་དེ་“ཕ་ལ་”ཞེས་སླར་དུར་ཁྲོད་བསིལ་བ་ཚལ་ལ་འཕུར་སོང་ངོ་། །

<<མི་རོ་རྩེ་སྒྲུང་>>ལས་བཏུས།