ཚིག་ཕྲད།
དང་པོ། ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བརྒྱད་བཤད་པ།
༡༽ སླར་བསྡུ།
རྩ་ཚིག
གོ་ངོ་དོ་ནོ་བོ་མོ་འོ། །
རོ་ལོ་སོ་ཏོ་སླར་བསྡུ་ཏེ། །
རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །
དྲག་ཡོད་ཏོ་དང་མཐའ་མེད་འོ། །
གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །
གོ་དོན།
༡། སྐབས་བབ་ཀྱི་བརྗོད་བྱའི་དོན་དེ་ཙམ་གྱི་རེ་ཞིག་མཇུག་བསྡུ་བར་སྟོན་པའི་ཕྲད་ལ་སླར་བསྡུ་ཟེར།
༢། བཤད་རྒྱུའི་དོན་དེ་ཙམ་གྱིས་རྫོགས་པར་སྟོན་པས་རྫོགས་ཚིག་ཟེར།
༣། སྐབས་ཐོབ་ཀྱི་མིང་ཚིག་གང་ཡིན་གྱི་ཟླ་བོ་སྡུད་པར་སོང་བས་ཟླ་སྡུད་ཟེར།
སླར་བསྡུའི་རེའུ་མིག
སྒྲ་སྦྱོར།
རྗེས་འཇུག | ཕྲད། | དཔེར་བརྗོད། |
ག ང། ད། ན། བ། མ། འ། ར། ལ། ས། ད་དྲག མཐའ་མེད། |
གོ། ངོ་། དོ། ནོ། བོ། མོ། འོ། རོ། ལོ། སོ། ཏོ། འོ། |
སྤྱང་གི་འདུག་གོ། ། དེས་མཆོང་ངོ་། ། ངས་བསད་དོ། ། གསོད་མཁན་ང་ཡིན་ནོ། ། ངས་ཐུབ་བོ། ། དོན་དེ་བསམ་མོ། ། རབ་ཏུ་དགའོ། ། སྲོག་ལས་ཐར་རོ། ། ཉེན་ཁ་ལས་གྲོལ་ལོ། ། རྒྱ་དམར་བོད་ལ་བསླེབས་སོ། ། བླ་མས་ཆོས་བསྟནད་ཏོ། ། ཡོན་ཏན་མཆོག་ཏུ་གྱུར་པའོ། ། |
༢༽ ལ་དོན།
རྩ་ཚིག
སུ་ར་རུ་དུ་ན་ལ་ཏུ། །
ལ་དོན་རྣམ་པ་བདུན་ཡིན་ཏེ། །
རྣམ་དབྱེ་གཉིས་བཞི་བདུན་པ་དང་། །
དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །
ས་སུ་ག་བ་དྲག་མཐར་ཏུ། །
ང་ད་ན་མ་ར་ལ་དུ། །
འ་དང་མཐའ་མེད་ར་དང་རུ། །
གོ་དོན། སུ་ལ་སོགས་པའི་ཕྲད་བདུན་པོ་དེ་རྣམས་རྣམ་དབྱེར་སྦྱར་བས་བརྗོད་བྱའི་དོན་སྟོན་སྟངས་ཕལ་ཆེར་ལའི་སྒྲ་དང་མཐུན་པ་ན་ལ་དོན་ནམ་ལ་སྒྲ་ཟེར།
ལ་དོན་གྱི་སྒྲ་སྦྱོར་དང་དོན་སྦྱོར་གྱི་རེའུ་མིག
སྒྲ་སྦྱོར།
|
དོན་སྦྱོར།
|
||
རྗེས་འཇུག | ཕྲད། | འཇུག་ཡུལ། | དཔེར་བརྗོད། |
ས་ ག་བ་ད་དྲག། ང་ད་ན་མ་ར་ལ། འ་དང་མཐའ་མེད་གང་རུང་། |
སུ། ཏུ། དུ། ར་ /རུ། ན་/ ལ། |
༡། རྣམ་དབྱེ་གཉིས་པ་ལ་འཇུག་པ། ༢། རྣམ་དབྱེ་བཞི་པ་ལ་འཇུག་པ། ༣། རྣམ་དབྱེ་བདུན་པ་ལ་འཇུག་པ། ༤། དེ་ཉིད་ལ་འཇུག་པ། ༥། ཚེ་སྐབས་ལ་འཇུག་པ། |
བཀྲ་ཤིས་སློབ་གྲྭར་ཕྱིན་སོང་། བཀྲ་ཤིས་བོད་ཡིག་སྦྱང་དུ་ཕྱིན། བཀྲ་ཤིས་ལ་སྨྱུག་གུ་མང་པོ་འདུག བཀྲ་ཤིས་ཀྱི་བོད་ཡིག་གནས་ཚད་ཡག་ཏུ་ཕྱིན། ས་རུབ་པ་ན་བཀྲ་ཤིས་གཉིད་ཉལ། |
རྣམ་དབྱེ་གཉིས་པ་དང་བཞི་པའི་ཁྱད་པར།
རྣམ་དབྱེ་གཉིས་པ་ནི་བྱ་བའི་ཡུལ་ལ་བྱ་བ་བྱས་པ་ཙམ་སྟོན་པ་ཡིན་ལ། རྣམ་དབྱེ་བཞི་པའི་སྐབས་བྱ་བ་དེ་དགོས་པ་ཞིག་གི་ཆེད་དུ་ཡིན་པ་བསྟན་དགོས།
རྣམ་དབྱེ་གཉིས་པ་དང་དེ་ཉིད་ཀྱི་ཁྱད་པར།
རྣམ་དབྱེ་གཉིས་པའི་སྐབས་བྱ་བའི་ཡུལ་དང་བྱ་བ་གཉིས་སོ་སོར་བསྟན་རྒྱུ་ཡོད་ཀྱང་། དེ་ཉིད་སྐབས་དེ་གཉིས་སོ་སོར་འབྱེད་རྒྱུ་མེད།
རྣམ་དབྱེ་བདུན་པ་རྟེན་གནས་དང་ཚེ་སྐབས་ཀྱི་ཁྱད་པར།
རྣམ་དབྱེ་བདུན་པ་རྟེན་གནས་ནི་རྟེན་སའི་གཞི་ཡུལ་ལ་བརྟེན་པ་དང་། ཚེ་སྐབས་ནི་རྟེན་སའི་གཞི་དུས་ཚོད་ལ་བརྟེན་པ་ཡིན།
༣༽ ཨི་ལྡན།
རྩ་ཚིག
གི་ཀྱི་གྱི་འི་ཡི་ལྔ་པོ། །
རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང། །
དེ་རྣམས་ས་མཐའ་ཅན་ལྔ་ནི། །
རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། །
སྦྱོར་ཚུལ་ན་མ་ར་ལ་གྱི། །
ད་བ་ས་ཀྱི་ག་ང་གི། །
འ་དང་མཐའ་མེད་འི་དང་ཡི། །
གོ་དོན། ཨི་ལྡན་ཞེས་པ་ནི་ས་མཐའ་ཡོད་མེད་ལ་མ་ལྟོས་པར་གི་ཀྱི་གྱི་འི་ཡི་ལྔ་པོ་དེ་རྣམས་ལ་དབྱངས་ཨི་སྟེ་གི་གུ་ཞུགས་ཡོད་པས་ཨི་ལྡན་ཟེར།
༡། རྣམ་དབྱེ་གསུམ་པ་བྱེད་སྒྲ། (བྱེད་པ་པོས་ལས་ཀ་ཞིག་བྱེད་པ།)
བྱེད་སྒྲའི་སྒྲ་སྦྱོར་དང་དོན་སྦྱོར་གྱི་རེའུ་མིག
སྒྲ་སྦྱོར།
|
དོན་སྦྱོར།
|
||
རྗེས་འཇུག | ཕྲད། | འཇུག་ཡུལ། | དཔེར་བརྗོད། |
ན་མ་ར་ལ། ད་བ་ས། ག་ང་། འ་དང་མཐའ་མེད། |
གྱིས། ཀྱིས། གིས། འིས་/ཡིས། |
༡། བྱ་བ་ཉེ་བ་བྱས་པ། ༢། བྱ་བ་འགྱངས་བར་བྱས་པ། |
བཀྲ་ཤིས་ཀྱིས་བྲིས། བཀྲ་ཤིས་ཀྱིས་དུས་ཡུན་རིང་མོ་ཞིག་གི་རྗེས་དེབ་མཐུག་པོ་གཅིག་གི་ནང་དུ་རང་གི་འཆར་སྒོ་རྣམས་གསལ་པོར་བྲིས། |
བྱེད་སྒྲ་མིན་པ་འཇུག་ཡུལ་གཞན།
༡། རྗེས་མཐུན་ལ་འཇུག་པ། མཐོ་གང་གིས་རིང་ལྟ་བུ།
༢། རྒྱུ་མཚན་སྟོན་པར་འཇུག་པ། ཉི་མ་ཤར་བས་མུན་པ་ཡལ། དུ་བ་མཐོང་བས་མེ་ཡོད་པར་ཤེས་ལྟ་བུ།
༣། ངང་ཚུལ་སྟོན་པར་འཇུག་པ། ངང་གིས་གྲུབ་ལྟ་བུ།
༤། སྒྲུབ་ཚུལ་གྱི་རྣམ་པ་སྟོན་པར་འཇུག་པ། རིམ་གྱིས་གྲུབ། ལྷུན་གྱིས་གྲུབ། རང་བཞིན་གྱིས་གྲུབ་ལྟ་བུ།
༥། མཐོང་ཚུལ་གྱི་རྣམ་པ་སྟོན་པར་འཇུག་པ། ཁྲ་ལམ་ལམ་གྱིས་མཐོང་ལྟ་བུ།
༦། མྱུར་ཚད་སྟོན་པ། ཡུད་ཀྱིས་སོང་། སྐད་ཅིག་གིས་སོང་ལྟ་བུ།
༧། ཁ་སྐོང་ལ་འཇུག་པ། ནམ་མཁའི་ལམ་ནས་ཆོ་འཕྲུལ་དུ་མ་ཡིས། ། ལྟ་བུ།
༨། སྐུལ་ཚིག་ལ་འཇུག་པ། ཁྲུས་གྱིས། ཚགས་གྱིས། གྲབས་གྱིས་ལྟ་བུ།
༩། ཁྱད་པར་སྟོན་པར་འཇུག་པ། ང་ལས་ཁྱེད་ལོ་གསུམ་གྱིས་རྒན་ལྟ་བུ།
༡༠། ཕྱི་ཚིག་འདྲེན་བྱེད་ཀྱི་ཕྲད་དུ་འཇུག་པ། ངས་བཤད་ཀྱིས་ཁྱོད་ཀྱིས་ཉོན་ལྟ་བུ།
༢། རྣམ་དབྱེ་དྲུག་པ་འབྲེལ་སྒྲ། (མིང་ཚིག་སྔ་ཕྱི་འབྲེལ་བ་ཙམ་སྟོན་པའི་སྒྲ།)
འབྲེལ་སྒྲའི་སྒྲ་སྦྱོར་དང་དོན་སྦྱོར་གྱི་རེའུ་མིག
སྒྲ་སྦྱོར།
|
དོན་སྦྱོར།
|
||
རྗེས་འཇུག | ཕྲད། | འཇུག་ཡུལ། | དཔེར་བརྗོད། |
ན་མ་ར་ལ། ད་བ་ས། ག་ང་། འ་དང་མཐའ་མེད། |
གྱི། ཀྱི། གི། འི་/ ཡི། |
༡། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། ༢། ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ། ༣། རྒྱུ་དང་འབྲས་བུའི་འབྲེལ་བ། ༤། གཞི་མཐུན་གྱི་འབྲེལ་བ། ༥། བདག་པོ་དང་དངོས་པོའི་འབྲེལ་བ། ༥། རྟེན་དང་བརྟེན་པའི་འབྲེལ་བ། ༦། ཚིག་སྔ་ཕྱི་གཉིས་ཀྱི་འབྲེལ་བ། ༧། ཆ་དང་ཆ་ཅན་གྱི་འབྲེལ་བ། ༨། ངོ་བོ་གཅིག་པའི་འབྲེལ་བ། |
མེ་ཏོག་གི་འདབ་མ། མེ་ཏོག་པདྨའི་དྲི་བསུང་། མེ་ཏོག་གི་སོན། གསེར་གྱི་རྣ་རྒྱན། ངའི་སློབ་དེབ། དཀར་ཡོལ་ནང་གི་འོ་མ། བྱེད་ཀྱི་ཡོད། སྤྲིན་གྱི་ཚོམ་བུ། སྐད་ཀྱི་གདངས། |
འབྲེལ་སྒྲ་མིན་པ་འཇུག་ཡུལ་གཞན།
༡། ཁ་སྐོང་ལ་འཇུག་པ། དཔེར་ན། དཔལ་ལྡན་ས་ཡི་དབང་ཕྱུག་ཆེ་ལྟ་བུ།
༢། མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ། དཔེར་ན།
འདི་ནི་བདེན་གྱི་གཞན་ནི་རྫུན་ནོ། །འདིར་མ་བྲིས་པ་ཡིན་གྱི་མ་ཤེས་པ་ག་ན་ཡིན་ལྟ་བུ།
༤༽ རྒྱན་སྡུད།
རྩ་ཚིག
ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །
ག་ད་བ་ས་དྲག་མཐར་ཀྱང་། །
ང་ན་མ་ར་ལ་མཐར་ཡང་། །
འ་དང་མཐའ་མེད་འང་དང་ཡང་། །
གོ་དོན། ཕྲད་ཀྱང་ཡང་འང་གསུམ་གྱིས་མཐུན་པ་དང་མི་མཐུན་པའི་ཚིག་རྒྱན་གཉིས་དང་སྡུད་པའི་དོན་སྟོན་པའོ། །
རྒྱན་སྡུད་ཀྱི་སྒྲ་སྦྱོར་དང་དོན་སྦྱོར་གྱི་རེའུ་མིག
སྒྲ་སྦྱོར།
|
དོན་སྦྱོར།
|
||
རྗེས་འཇུག | ཕྲད། | འཇུག་ཡུལ། | དཔེར་བརྗོད། |
ག་ད་བ་ས་ད་དྲག ང་ན་མ་ར་ལ། འ་དང་མཐའ་མེད། |
ཀྱང་།ཡང་། འང་/ཡང་། |
དང་པོ། ཚིག་རྒྱན་ལ་འཇུག་པ། ༡། མཐུན་པའི་ཚིག་རྒྱན། ༢། མི་མཐུན་པའི་ཚིག་རྒྱན། |
བདེན་པའི་གཏམ་ནི་བཤད་ཀྱང་བཤད། དྲང་གཏམ་བཤད་ཀྱང་ཡིད་མ་ཆེས། |
གཉིས་པ། སྡུད་པ་ལ་འཇུག་པ། ༡། གོང་མས་འོག་མ་སྡུད་པ། ༢། འོག་མའི་གོང་མ་སྡུད་པ། ༣། གཞི་གཞན་སྡུད་པ། ༤། གཞི་མཐུན་སྡུད་པ། ༥། གྲངས་སྡུད་པ། |
སྐུ་ངོ་ཡང་ཕེབས་ཀྱི་ཡོད་ན་ཚོགས་མི་གཞན་རྣམས་ལྟ་ཅི་སྨོས། ཧིན་སྒོར་མ་ཟད་ཌོ་ལར་ལ་ཡང་རིན་ཐང་མེད། བདག་ཀྱང་འགྲོ། དགེ་རྒན་ཡང་ཡིན་ལ་མཁྱེན་རྒྱ་ཡང་ཆེ། ཚིགས་བཅད་གཅིག་ཀྱང་བརྗེད་མི་རུང་། |
འཇུག་ཚུལ་གཞན།
ཀྱང་ཡང་འང་གསུམ་གྱི་འཇུག་ཚུལ།
༡། སྨོད་པའི་དོན་ལ་འཇུག་པ། རིག་གནས་བསླབ་ཀྱང་རྣམ་དབྱེ་ཚིག་ཕྲད་ཀྱི་ཁྱད་པར་མི་ཤེས་སོ། །
༢། དྲི་བ་ལ་འཇུག་པ། སྦྱིན་པ་བཏང་ན་ལོངས་སྤྱོད་འབྱུང་མོད་དེ་མ་བཏང་ནའང་ལོངས་སྤྱོད་ཨེ་འབྱུང་།
༣། དོགས་པ་ལ་འཇུག་པ། ཤུན་ལྤགས་ཅན་འདི་ཤིང་སྟག་པ་ཡིན། ཡང་ན་ཙན་དན་ཡིན།
༤། སྲིད་པ་ལ་འཇུག་པ། རབ་བྱུང་རྣམས་ཁྱིམ་ལ་འཁྲེན་པ་སྔར་མི་སྲིད་ཀྱང་དེང་དུས་སྲིད།
༥། ཕྱོགས་གཞན་སྟོན་པ་ལ་འཇུག་པ། ཡང་ན་འདི་ལྟར་བཤད་དུ་རུང་སྟེ། ལྟ་བུའོ། །
ཡང་སྒྲའི་འཇུག་ཚུལ།
༡། ཚེ་སྐབས་ལ་འཇུག་པ། ནམ་ཡང་དེ་ལས་ཉམས་མ་གྱུར།
༢། བསྐྱར་བ་ལ་འཇུག་པ། དབྱར་ཁ་གཟུགས་པོ་ཡང་ཡང་བཀྲུ་བ། ཁོང་གི་ནང་དུ་ཡང་ནས་ཡང་དུ་ཕྱིན་པ། ཡང་བསྐྱར་སློབ་སྦྱོང་བྱེད་པ་སོགས་ལྟ་བུ་ཡིན།
༣། བསྣན་པའི་དོན་དུ་འཇུག་པ། དལ་འབྱོར་ཚང་བའི་མིའི་ལུས་རྟེན་འདི་རྙེད་དཀའ་བ་ཡང་ཡིན། དོན་ཆེ་བ་ཡང་ཡིན། འཇིག་སླ་བ་ཡང་ཡིན།
༤། ངེས་བཟུང་ལ་འཇུག་པ། དགེ་སློང་འདི་ཡང་ཚུལ་ཁྲིམས་ཅན་ཡིིན།
༥༽ ལྷག་བཅས།
རྩ་ཚིག
ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །
ན་ར་ལ་ས་དྲག་མཐར་ཏེ། །
ད་དེ་ག་ང་བ་མ་འ། །
མཐའ་མེད་རྣམས་ལ་ས་སྟེ་འཐོབ། །
གོ་དོན། ཕྲད་སྟེ་དེ་ཏེ་གསུམ་སྦྱར་ནས་བསྟན་བྱའི་དོན་གྱི་ལྷག་མ་ཡོད་པར་སྟོན་པ་ལ་ཟེར།
ལྷག་བཅས་ཀྱི་སྒྲ་སྦྱོར་དང་དོན་སྦྱོར་གྱི་རེའུ་མིག
སྒྲ་སྦྱོར།
|
དོན་སྦྱོར།
|
||
རྗེས་འཇུག | ཕྲད། | འཇུག་ཡུལ། | དཔེར་བརྗོད། |
ན་ར་ལ་ས་ད་དྲག ད། ག་ང་བ་མ་འ་དང་མཐའ་མེད། |
ཏེ། དེ། སྟེ། |
དང་པོ། མཚམས་སྦྱོར་ལྷག་བཅས། ༡། བྱེད་པས་བྱ་བ་འདྲེན་པ། ༢། བྱ་བས་བྱ་བ་འདྲེན་པ། ༣། བྱ་བ་གཉིས་དུས་གཅིག་ཅར་འདྲེན་པ། |
ཡི་གེ་བཏང་སྟེ་འབྱོར། ཡི་གེ་བཏང་སྟེ་རྩེད་མོ་རྩེད། མྱུར་འཕྲིན་བཏང་སྟེ་བསྐྱོད། |
གཉིས་པ། དམ་བཅའ་ལྷག་བཅས། ༡། དབྱེ་བ་འདྲེན་པ། ༢། རྒྱུ་མཚན་འདྲེན་པ། ༣། ངེས་ཚིག་འདྲེན་པ། ༤། རྒྱས་བཤད་འདྲེན་པ། |
མི་ལ་དབྱེ་ན་གཉིས་ཏེ། ཕོ་དང་མོའོ། ། རི་ཕ་གིར་རྩེ་ལ་མེ་ཡོད་དེ། དེར་དུ་བ་འཕྱུར་བཞིན་འདུག མེ་ཏོག་པདྨ་ནི་ཆུ་སྐྱེས་ཏེ། ཆུ་ནང་སྐྱེས་པས་སོ། ། བོད་རྒྱ་གཉིས་ནི་སོ་སོ་སྟེ། སྐད་ཡིག ཟས་གོས། མི་རིགས། གོམ་གཤིས། རྒྱལ་རབས་ལོ་རྒྱུས་སོགས་གང་ཅིའི་ཐད་ནས་མི་འདྲ་བའི་རྣམ་པ་གསལ་པོ་ཡོད། |
||
གསུམ་པ། གཞན་འདྲེན་ལྷག་བཅས། | ཤར་གྱི་ཕྱོགས་ན་མདོ་སྟོད་དེ། །དེ་ན་ཁམས་པ་དཔའ་བོའི་གང། |
༦༽ འབྱེད་སྡུད།
རྩ་ཚིག
གམ་ངམ་དམ་ནམ་བམ་མམ་འམ། །
རམ་ལམ་སམ་ཏམ་འབྱེད་སྡུད་ཏེ། །
སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །
གོ་དོན། ཚིག་ཕྲད་གམ་སོགས་ཀྱིས་དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་ཅིང་དེ་རྣམས་དབྱེ་གཞི་གཅིག་ཏུ་སྡུད་པའི་དོན་ཅན་ཞིག་ལ་ཟེར།
འབྱེད་སྡུད་ཀྱིས་སྒྲ་སྦྱོར་དང་དོན་སྦྱོར་གྱི་རེའུ་མིག
སྒྲ་སྦྱོར།
|
དོན་སྦྱོར།
|
||
རྗེས་འཇུག | ཕྲད། | འཇུག་ཡུལ། | དཔེར་བརྗོད། |
ག ང་། ད། ན། བ། མ། འ་དང་མཐའ་མེད། ར། ལ། ས། ད་དྲག |
གམ། ངམ། དམ། ནམ། བམ། མམ། འམ། རམ། ལམ། སམ། ཏམ། |
༡། འབྱེད་པ་ལ་འཇུག་པ། ༢། སྡུད་པ་ལ་འཇུག་པ། ༣། དྲི་བ་ལ་འཇུག་པ། ༤། ཐེ་ཚོམ་ལ་འཇུག་པ། ༥། གདམ་ང་ལ་འཇུག་པ། |
ཆོལ་ཁ་གསུམ་ནི། མདོ་སྟོད་དམ། མདོ་སྨད་དམ། དབུས་གཙང་ངོ་། ། མདོ་སྟོད་དམ། མདོ་སྨད་དམ། དབུས་གཙང་ནི་ཆོལ་ཁ་གསུམ་མོ། ། ཁྱོད་བོད་ལ་ཕྱིནད་ཏམ། རྒྱ་དམར་བོད་ནས་ཕྱིར་ལོག་བྱེད་ཡོང་ངམ་མི་ཡོང་། ཡ་རབས་སམ་སློབ་སྦྱོང་ནི་བོད་མི་ཚོར་དགོས་རྒྱུ་དེ་ཡིན། |
༧༽ འབྱུང་ཁུངས།
རྩ་ཚིག
ནས་ལས་འབྱུང་ཁུངས་དགར་སྡུད་དེ། །
འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །
རིགས་མཐུན་དགར་ནས་མི་མཐུན་ལས། །
སྡུད་ལ་ནས་སྒྲ་ཁོ་ནས་འཇུག །
གོ་དོན། གང་ཞིག་གང་ལས་འབྱུང་བའི་ཁུངས་གཙོ་བོར་སྟོན་པའི་ནས་ལས་ཀྱི་ཕྲད་དང་ལྡན་པ་ལ་ཟེར།
འབྱུང་ཁུངས་ཀྱི་སྒྲ་སྦྱོར་དང་དོན་སྦྱོར།
སྒྲ་སྦྱོར།
|
དོན་སྦྱོར།
|
||
ཕྲད། | འཇུག་ཡུལ། | དཔེར་བརྗོད། | |
ནས་ལས་ | ནས་ ལས་ | དང་པོ། འབྱུང་ཁུངས་ལ་འཇུག་པ། ༡། འབྱུང་ཁུངས་དངོས་ལ་འཇུག་པ། ༢། འབྱུང་ཁུངས་ཆ་འདྲ་བ་ལ་འཇུག་པ། |
བྱ་ནས་སྒོ་ང། བྱ་ལས་སྒོ་ང་། རྟ་ལས་བབས། རྟ་ནས་བབས། |
ནས་ | གཉིས་པ། དགར་བ་ལ་འཇུག་པ། ༡། རིགས་མཐུན་པ་དགར་བ། ༢། རིགས་མི་མཐུན་པར་དགར་བ། |
རྒྱལ་ཁབ་ཚང་མའི་ནང་ནས་བོད་ནི་ས་མཐོ་ཤོས་རེད། བོད་རིགས་ལས་རྒྱ་རིགས་ཤིན་ཏུ་མང་། |
|
ལས་ | |||
ནས་ | གསུམ་པ། སྡུད་པ་ལ་འཇུག་པ། ༡། ཡུལ་སྡུད་པ། ༢། དུས་སྡུད་པ། ༣། དངོས་པོ་སྡུད་པ། ༤། གྲངས་སྡུད་པ། |
ལྷ་ས་ནས་ཆབ་མདོ་བར། ༡༩༥༩ ནས་ད་བར། སྤྱི་གཙུག་ནས་རྐང་མཐིལ་བར། བརྒྱ་ནས་བརྒྱ་དང་ལྔ་བཅུ་བར། |
འཇུག་ཚུལ་གཞན།
༡། ནས་སྒྲ་མཚམས་སྦྱོར་ལྷག་བཅས་ལ་འཇུག་པ། དཔེར་ན། སློབ་སྦྱོང་བྱས་ནས་མ་རབས་སྤོང་།
༢། ལས་སྒྲ་རྒྱུ་མཚན་ལ་འཇུག་པ། དཔེར་ན། ཆུ་སྐྱར་ལས་ཆུ་ཡོད་པར་ཤེས།
༨༽ འབོད་སྒྲ།
རྩ་ཚིག
ཀྱེ་དང་ཀྭ་ཡེ་འབོད་སྒྲ་སྟེ། །
ཕལ་ཆེལ་མིང་གི་ཐོག་མར་སྦྱོར། །
འབོད་སྒྲ། ཀྱེ་དང་ཀྭ་ཡེ། ཝ་ཡེ་གསུམ་རང་ལ་བལྟོས་ནས་ཡུལ་མཆོག་དམན་བར་གསུམ་འབོད་པ་ཞིག་ལ་འབོད་སྒྲ་ཟེར།
འབོད་སྒྲ་སྦྱོར་ཚུལ་གྱི་རེའུ་མིག
ཕྲད། | འཇུག་ཡུལ། | དཔེར་བརྗོད། |
ཀྱེ། ཀྭ་ཡེ། ཝ་ཡེ། |
༡། མིང་གི་ཐོག་མར་འཇུག་པ། ཡུལ་མཆོག ཡུལ་མཉམ་པ། ཡུལ་དམན་པ། |
ཀྱེ་རྒྱལ་པོ་རིན་པོ་ཆེ། ཀྭ་ཡེ་གྲོགས་པོ། ཝ་ཡེ་གད་པ། |
༢། མིང་གི་བར་ན་འཇུག་པ། | སྒྲ་ལྡན་ལྷ་ཀྱེ་སྙིང་ལ་རོལ་བར་མཛོད། | |
༣། མིང་གི་མཐའ་མར་འཇུག་པ། | བདག་ལ་དངོས་གྲུབ་སྩོལ་ཅིག་དབྱངས་ཅན་ཀྱེ། |
གཉིས་པ། ཕྲད་རང་དབང་ཅན་དྲུག་བཤད་པ།
༡༽ ནི་སྒྲ།
རྩ་ཚིག
ནི་ནི་དགར་དང་བརྣན་པའི་སྒྲ། །
གོ་དོན། ནི་ཞེས་པའི་ཕྲད་འདི་གང་ཞིག་གང་ལས་དགར་བ་དང་། དོན་གང་ཞིག་ལ་ནན་ཏན་ནམ་ངེས་ངེས་བྱེད་པ་བརྣན་པའི་དོན་ལའང་འཇུག་པའོ། །
ནི་སྒྲའི་དོན་སྦྱོར་གྱི་རེའུ་མིག
དོན་སྦྱོར།
|
|||
ཕྲད། | འཇུག་ཡུལ། | དཔེར་བརྗོད། | |
ནི། | དང་པོ། དགར་བ་ལ་འཇུག་པ། ༡། མཆོག་ཏུ་དགར་བ། ༢། དམན་པར་དགར་བ། ༣། ཐ་དད་ཙམ་དུ་དགར་བ། |
མཐོ་སྒང་ནི་ཡུལ་ཚང་མའི་ནང་ནས་སྐྱིད་ཤོས་རེད། སློབ་སྦྱོང་མེད་པའི་མི་ནི་མིའི་ནང་ནས་ཐ་མ་རེད། བོད་སྐད་ནི་སྐད་རིགས་གཞན་དང་ཐ་དད་རེད། |
|
གཉིས་པ། བརྣན་པ་ལ་འཇུག་པ། | ཁྱེད་ནི་སྤུན་ཟླ་རེད། ཁྱེད་ནི་གྲོགས་པོ་རེད། འདི་ནི་མཁས་པའི་གཙུག་རྒྱན་རེད། | ||
གསུམ་པ། ངེས་བཟུང་ལ་འཇུག་པ། | སྙིང་རྗེ་ནི་གཞན་སྡུག་བསྔལ་དང་འབྲལ་འདོད་ཀྱི་བསམ་པ་དེ་ལ་ཟེར་བ་ཡིན། | ||
བཞི་པ། ཁ་སྐོང་ལ་འཇུག་པ། | བྱ་བ་ཡི་ནི་མཆོག་གྱུར་པ། །སློབ་སྦྱོང་ཡག་པོ་བྱས་ན་ནི། །ཚེ་འདི་ལ་ནི་སྐྱིད་པོ་དང་། །དེ་བཞིན་ཕྱི་མར་སྐྱིད་པོ་ཡོང་། ། | ||
ལྔ་པ། ཚིག་རྒྱན་ལ་འཇུག་པ། | ལམ་གྱི་བཤུལ་ཐག་ནི་རིང་། |
༢༽ དང་སྒྲ།
རྩ་ཚིག
དང་ནི་སྡུད་འབྱེད་རྒྱུ་མཚན་དང། །
ཚེ་སྐབས་གདམས་ངག་ལྔ་ལ་འཇུག །
གོ་དོན། དང་ཞེས་པའི་ཕྲད་འདི་མིང་ཚིག་གང་ཡང་རུང་བའི་བར་མཚམས་སུ་སྦྱར་བས་སྡུད་པ་དང། འབྱེད་པ། རྒྱུ་མཚན། ཚེ་སྐབས། གདམས་ངག་བཅས་ལྔ་སྟོན་པའི་དོན་ལ་འཇུག་པའོ། །
དོན་སྦྱོར། | ||
ཕྲད། | འཇུག་ཡུལ། | དཔེར་བརྗོད། |
དང་། | ༡། སྡུད་པ་ལ་འཇུག་པ། ༢། འབྱེད་པ་ལ་འཇུག་པ། ༣། རྒྱུ་མཚན་ལ་འཇུག་པ། ༤། ཚེ་སྐབས་ལ་འཇུག་པ། ༥། གདམས་ངག་ལ་འཇུག་པ། |
སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། དམར་པོ་བཅས་ནི་རྩ་བའི་ཁ་དོག་གོ། ། རྩ་བའི་ཁ་དོག་ནི་སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། དམར་པོ་བཅས་སོ། ། བསྡུས་གྲྭ་བསླབས་པ་དང་རིགས་ལམ་ཤེས། ཆུ་ཚོད་དགུ་པ་ཟིན་པ་དང་རིགས་ལམ་རྩོད། རིགས་ལམ་རྩོད་དང་། |
༣༽ དེ་སྒྲ།
རྩ་ཚིག
མིང་གི་ཐོག་མའི་དེ་སྒྲ་ནི། །
ཐ་སྙད་འདས་མ་ཐག་པ་དང་། །
རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །
གོ་དོན། དེ་ཞེས་པའི་ཕྲད་འདི་མིང་གང་ཡང་རུང་བའི་ཐོག་མར་སྦྱར་བས་ཐ་སྙད་དབང་དུ་གསུམ་དང་། དངོས་པོའི་དབང་དུ་བཞི། དུས་ཀྱི་དབང་དུ་གཉིས་བཅས་དགུ་ལ་འཇུག་གོ། །
དོན་སྦྱོར། | ||
---|---|---|
ཕྲད། | འཇུག་ཡུལ། | དཔེར་བརྗོད། |
དེ། | དང་པོ། ཐ་སྙད་དབང་དུ་གསུམ། ༡། ཐ་སྙད་འདས་མ་ཐག་པ། ༢། ཐ་སྙད་རྣམ་གྲངས་གཞན་ཅན། ༣། ཐ་སྙད་ལྷག་བཅས། |
ཕ་གིར་མི་ཞིག་འདུག དེ་གཞོན་ནུའོ། །དེ་གཟུགས་རིང་ངོ་། །དེ་ངོ་ཞེང་ཆེའོ། །དེ་སྐད་སྙན་ནོ་ལྟ་བུའོ། ། དེར་ཡི་གེ་བྲིས། སར་བསྡད་དེ་ཡི་གེ་བྲིས། |
གཉིས་པ། དངོས་པོའི་དབང་དུ་བཞི། ༡། བདེན་པའི་དངོས་པོ། ༢། གསང་བའི་དངོས་པོ། ༣། བདག་གི་དངོས་པོ། ༤། གཞན་གྱི་དངོས་པོ། |
དེ་བདེན་པ་རེད། དེ་ག་རང་རེད། ཁ་སང་གྲོས་བསྡུར་བྱས་པའི་དོན་དེ་མི་གཞན་ལ་མ་ཤོད། ངའི་དེབ་དེ། ཁྱོད་ཀྱི་དེབ་དེ། |
|
གསུམ་པ། དུས་ཀྱི་དབང་དུ་གཉིས། ༡། འདས་པ་ལ་འཇུག་པ། ༢། མ་འོངས་པ་ལ་འཇུག་པ། |
ལོ་སྔོན་མའི་དུས་དེ་ལ་ང་ཚོ་ལྷ་སར་སོང་། རྗེས་མའི་ལོ་དེ་ལ་ང་ཚོ་ལྷན་དུ་འཛོམས་ངེས། |
༤༽ གང་སྒྲ།
རྩ་ཚིག
ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །
ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །
སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །
སུ་ནི་གང་ཟག་གང་ཀུན་ལའོ། །
གོ་དོན། གང་ཞེས་པའི་ཕྲད་འདི་དོན་དེ་བྱེ་བྲག་དམིགས་སུ་མི་འཛིན་པ་སྤྱི་ལ་ཁྱབ་པའི་དོན་ཅན་ཞིག་ལ་ཟེར།
ཕྲད། | དཔེར་བརྗོད། | གསལ་བཤད། | |
ཅི། | ཅི་ཞིག | ལས་ཀ་ཅི་ཞིག་བྱེད་ནའང་སྤུས་དག་པོ་བྱེད་དགོས་པ་ཡིན། | ཅི་ཞིག གང་ཞིག་གམ་ག་རེ་ཟེར་བའི་དོན་ཡིན། |
ཅི་སྟེ། | ཅི་སྟེ་དོན་མ་གྲུབ་ཀྱང་འགྱོད་པ་མེད། | ཅི་སྟེ། གལ་ཏེའམ་གལ་སྲིད་ཟེར་བའི་དོན་ཡིན། | |
ཅི་སླད། | རི་ཡི་རྩེར་ཅི་སླད་འགྲོ། | ཅི་སླད། དགོས་པ་གང་ཞིག་གི་ཆེད་དུ་ཟེར་བའི་དོན་ཡིན། | |
ཅི་འདྲ། | མི་དེ་ཅི་འདྲ་ཞིག་ཡིན་མིན་ང་ལ་ཆ་རྒྱུས་མེད། | ཅི་འདྲ། གང་འདྲ་ཟེར་བའི་དོན་ཡིན། | |
ཅིའི་ཕྱིར། | ཅིའི་ཕྱིར་སློབ་སྦྱོང་ལ་འབད་བརྩོན་མི་བྱེད། | ཅིའི་ཕྱིར། གང་ཞིག་ཕྱིར་རམ་ག་རེ་བྱས་ནས་ཟེར་བའི་དོན་ཡིན། | |
ཇི། | ཇི་སྙེད།+དེ་སྙེད། | བོད་ཕྲུག་ཇི་སྙེད་ཡོད་པ་དེ་སྙེད་ལ་ཡ་རབས་བཟང་སྤྱོད་དགོས། | ཇི་སྙེད། དུ་མ་དང་ཡོད་ཚད་ཟེར་བའི་དོན་ཡིན། |
ཇི་སྲིད།+ དེ་སྲིད། | ཇི་སྲིད་བོད་རང་བཙན་མ་ཐོབ་པ་དེ་སྲིད་དུ་བོད་པས་རིག་པ་སྒྲིམ་དགོས། | ཇི་སྲིད། དུས་ཇི་ཙམ་བར་གྱི་ཚད་སྟོན་པའི་དོན་ཡིན། | |
ཇི་ལྟར།+དེ་ལྟར། | དགེ་རྒན་གྱིས་ཇི་ལྟར་བསླབས་གནང་བ་དེ་ལྟར་ཤེས་ཐུབ་པ་བྱེད་དགོས། | ཇི་ལྟར། གང་འདྲ་ཞིག་དང་ནང་བཞིན་ཟེར་བའི་དོན་ཡིན། | |
ཇི་བཞིན།+དེ་བཞིན། | ཀློག་དེབ་ནང་དུ་ཇི་བཞིན་ཡོད་པ་དེ་བཞིན་སེམས་ལ་ངེས་དགོས། | ཇི་བཞིན། དཔེ་དེ་ནང་བཞིན་ཟེར་བའི་དོན་ཡིན། | |
ཇི་སྐད། + དེ་སྐད། | རྒན་ལགས་ཀྱིས་ཇི་སྐད་གསུངས་པ་དེ་སྐད་ཤེས་ཐུབ་པ་བྱེད་དགོས། | ཇི་སྐད། ལུང་འདྲེན་མཚོན་པ་ཡིན། | |
སུ། | ཁང་པའི་ནང་དུ་སུ་འདུག | སུ། གང་ཟག་གམ་མི་ཁོ་ན་མཚོན་པ་ཡིན། | |
གང་། | ཁྱོད་ལུང་པ་གང་ནས་འོངས་སམ། | གང་། གང་ཟག་དང་དངོས་པོ་གཉིས་ཀར་མཚོན་པ་ཡིན། |
༥༽ བདག་སྒྲ།
རྩ་ཚིག
ན་རོ་ཡོད་མེད་པ་བ་མ། །
བདག་པོའི་སྒྲ་སྟེ་ག་ད་ན། །
བ་མ་ས་དང་དྲག་མཐར་པ། །
ང་འ་ར་ལ་མཐའ་མེད་ལ། །
བདག་སྒྲ་ཡར་གྱུར་བ་དང་ནི། །
ཆ་ལ་པ་ཉིད་སྦྱོར་བ་ལེགས། །
མིང་མཐའི་པ་བའང་ཕལ་ཆེར་འདྲ། །
གོ་དོན། པ་བ་མ་གསུམ་དང་དེ་དག་ལ་ན་རོ་སྦྱར་བ་པོ་བོ་མོ་གསུམ་ནི་སྔར་མིང་གི་ཆ་ཤས་སུ་མེད་པ་ཞིག་ལ་གསར་དུ་སྦྱར་ན་བདག་པོའམ་གང་ཟག་སྟོན་གྱི་ཡོད་པས་བདག་སྒྲ་ཞེས་བརྗོད་དོ། །
དོན་སྦྱོར། | |||
---|---|---|---|
རྗེས་འཇུག | ཕྲད། | འཇུག་ཡུལ། | དཔེར་བརྗོད། |
ག་ད་ན་བ་མ་ས་ད་དྲག ང་འ་ར་ལ་མཐའ་མེད་ ངེས་མེད། |
པ། བ། མ། |
པ་པོ་གཉིས་ཕོ་ལ་འཇུག་པ། མ་མོ་གཉིས་མོ་ལ་འཇུག་པ། པ་ཆ་ལ་འཇུག་པ། བ་ཡ་ལ་འཇུག་པ། |
གཡོག་པོ། མག་པ། གཡོག་མོ། བག་མ། ཤར་པ། བཟོ་ལས་མཁས་པ། རྒྱ་གར་བ། |
ཅན་ལྡན་མཁན་གསུམ་བདག་སྒྲ་ལ་འཇུག་པ།
༡། པོ་དང་མཁན་གྱི་སྦྱོར་ཚུལ། པོ་དང་མཁན་གཉིས་བྱ་བ་འབའ་ཞིག་གི་རྗེས་སུ་འཇུག་པ།
པོ། | མཁན། | པོ། | མཁན། |
---|---|---|---|
འགྲོ་བ་པོ། | འགྲོ་མཁན། | ཉན་པ་པོ། | ཉན་མཁན། |
ལྟ་བ་པོ། | ལྟ་མཁན། | རྩོམ་པ་པོ། | རྩོམ་མཁན། |
གཏོང་བ་པོ། | གཏོང་མཁན། | མཐོང་བ་པོ། | མཐོང་མཁན། |
འབྲི་བ་པོ། | འབྲི་མཁན། | ཟ་བ་པོ། | ཟ་མཁན། ལྟ་བུ། |
༣། ཅན་དང་ལྡན་གཉིས་ཀྱི་སྦྱོར་ཚུལ། ཅན་དང་ལྡན་གཉིས་རྫས་དང་ཡོན་ཏན། ཁྱད་ཆོས་སོགས་ཀྱི་ལྷན་དུ་འཇུག་ཅིང་ཡོད་པའི་དོན་ལ་འཇུག
ཅན། | ལྡན། | ཅན། | ལྡན། |
---|---|---|---|
ནོར་ཅན། | ནོར་ལྡན། | བློ་གྲོས་ཅན། | བློ་ལྡན། |
ཞྭ་མོ་ཅན། | ཞྭ་ཅན། | ཤེས་རབ་ཅན། | ཤེས་ལྡན། |
མིག་ཅན། | མིག་ལྡན། ལྟ་བུ། |
བདག་སྒྲ་མ་ཡིན་པ།
མིང་མཐའི་པ་བ་མ་ཡིན་ཚད་བདག་སྒྲ་མ་ཡིན་ཏེ། རྒྱུ་མཚན་ནི་རྟག་པ་དང་། གྲོད་པ། གཅིན་པ། སྐམ་པོ། དགའ་བ། མཐོང་བ། བུང་བ། གཏན་འཁེལ་བ་སོགས་ནི་མིང་མཐའི་པ་བ་ཡིན་པ་ལས་བདག་སྒྲའི་པ་བ་མ་ཡིན་པས་སོ། །
༦༽ དགག་སྒྲ།
རྩ་ཚིག
མ་མི་མིན་མེད་དགག་སྒྲ་སྟེ། །
མ་མི་ཐོག་མ་མིན་མེད་མཇུག །
མ་ནི་བར་གྱི་གསལ་བྱེད་ལའང་། །
གོ་དོན། མ་མི་མིན་མེད་ཀྱི་ཕྲད་བཞི་པོ་དེ་མིང་ཚིག་གང་ཞིག་ལ་སྦྱར་རུང་སྦྱོར་ཡུལ་གྱི་དོན་དེ་མ་ཡིན་པའམ་མེད་པ། མིན་པ་སོགས་ཀྱི་དོན་སྟོན་གྱི་ཡོད་པས་དགག་སྒྲ་ཞེས་བརྗོད་དོ། །
དོན་སྦྱོར། | ||
ཕྲད། | འཇུག་ཡུལ། | དཔེར་བརྗོད། |
མ། མི། མིན། མེད། |
དང་པོ། མ་མི་གཉིས་མིང་གི་ཐོག་མར་འཇུག་པ། | ༡། གྲོགས་ངན་དང་མ་འགྲོགས། ༢། ཁྲིམས་དང་འགལ་བའི་བྱ་བ་བྱེད་མི་ཆོག |
གཉིས་པ། མིན་མེད་གཉིས་མིང་གི་མཇུག་ལ་འཇུག་པ། | ༡། དྲི་ངན་ཅན་དེ་ཙན་དན་མིན། ༢། རྟ་ཡི་མགོ་ལ་རྭ་ཅོ་མེད། |
|
གསུམ་པ། མ་ནི་བར་གྱི་གསལ་བྱེད་ལ་འཇུག་པ། | ས་མ་འབྲོག ར་མ་ལུག |
དགག་སྒྲ་མ་ཡིན་པ།
མིང་གི་ཆ་ཤས་སུ་གྱུར་བའི་མ་ཡིག་དང་མི་ཡིག་གཉིས་ནི་ཐོག་མཐའ་བར་གསུམ་གང་དུ་ཡོད་ཀྱང་དགག་སྒྲ་མིན་པ་མཁྱེན་པར་མཛོད།
དཔེར་ན། མ་བྱན་དང་མ་མ་ལྟ་བུའི་མ་ཡིག་སྔོན་དུ་ཡོད་པ་དང་། བོད་ཀྱི་མི་རིགས་དང་མི་ལོ་ལྟ་བུའི་མི་ཡིག་སྔོན་དུ་ཡོད་པ་སོགས་ནི་དགག་སྒྲ་གཏན་ནས་མིན།
ཚིག་ཕྲད་ཞིང་སོགས།
རྩ་ཚིག
ཚིག་ཕྲད་ཞིང་སོགས་ང་ན་མ། །
འ་དང་ར་ལ་མཐའ་མེད་མཐར། །
ཞིང་ཞེས་ཞེ་འོ་ཞེ་ན་ཞིག །
ག་ད་བ་དང་ད་དྲག་མཐར། །
ཅིང་ཅེས་ཅེའོ་ཅེ་ན་ཅིག །
ས་མཐར་དམིགས་བསལ་ཞེས་མ་གཏོགས། །
ཤིང་ཤིག་ཤེའོ་ཤེ་ན་འཐོབ། །
རྗེས་འཇུག | ཕྲད། | དཔེར་བརྗོད། | གསལ་བཤད། |
ང་ན་མ་འ་ར་ལ་མཐའ་མེད།ག་ད་བ་དང་ད་དྲག ས། |
ཞིང་ཞེས་ཞེ་འོ་ཞེ་ན་ཞིགཅིང་ཅེས་ཅེའོ་ཅེ་ན་ཅིག ཤིང་ཞེས་ཤེའོ་ཤེ་ན་ཤིག |
དཀར་ཞིང་གསལ་བ། ནག་ཅིང་སྣུམ་པ། མཛེས་ཤིང་སྡུག | ཞིང་ཅིང་ཤིང་གསུམ། མཚམས་སྦྱོར་ལྷག་བཅས་ལ་འཇུག |
རྐུན་མ་བཟུང་ཞེས་བཀའ་བཏང་། སློབ་སྦྱོང་གྱིས་ཞེས་གསུང་བྱུང་། ག་རེ་བསམ་གྱི་འདུག་ཅེས་དྲིས། |
ཞེས་དང་ཅེས་གཉིས། ཟེར་ཞེས་པའི་དོན་ཡིན། | ||
སྒྲིག་ལམ་སྲུངས་ཤེའོ། །བཙོན་ལས་གྲོལ་ཞེའོ། །ཤིང་སྡོང་བཅད་ཅེའོ། ། | ཞེའོ་ཅེའོ་ཤེའོ་གསུམ། ཟེར་རོ་ཞེས་པའི་དོན་ཡིན། | ||
ཧ་གོ་ཞེ་ན་ཅུང་ཙམ་གོ། ཁོས་དེ་ལ་བཤད་རྒྱུ་ཡོད་ཅེ་ན། ཁྱོད་ཀྱིས་ཅི་ཤེས་ཤེ་ན། | ཞེ་ན་ཅེ་ན་ཤེ་ན་གསུམ། ཟེར་ན་ཞེས་པའི་དོན་ཡིན། | ||
རྒྱལ་སྲས་ཤིག དེར་སོང་ཞིག སློབ་ཕྲུག་ཅིག |
ཞིག་ཅིག་ཤིག་གསུམ་། རེ་རེ་བ་དང་། སྐུལ་ཚིག སྨོན་ཚིག་དོན་ལ་འཇུག |