སྔོན་གླེང།

པདྨ་བསམ་འགྲུབ།
ས་སྐྱ་སློབ་གཉེར་ཁང་། བོད་ཡིག་དགེ་རྒན།

ཐོག་མར་ངས་ཁྱེད་རྣམ་པར་རང་ཉིད་ལ་དངོས་སུ་བྱུང་བའི་དོན་དག་འགའ། སྒྲུང་གི་རྣམ་པའི་ཐོག་ནས་དཀྱུས་གཅིག་ཏུ་བཤད་པར་འདོད། ང་སྡོད་སའི་གཞིས་གྲོང་འདིའི་རྒྱ་སྒོའི་ཕྱི་རོལ་དུ་རྒྱ་གར་བའི་ཇ་ཁང་ཞིག་ཡོད། དེར་སྔ་གུང་ཕྱི་གསུམ་ལ་བོད་རིགས་ལས་ཡོད་ལས་མེད་མང་དུ་འཛོམས་པ་ཡིན། ང་ནི་བོད་ཡིག་དགེ་རྒན་ཞིག་ཡིན། ཐེངས་འགར་ང་ཡང་དེར་ཁ་བརྡ་བྱས་ནས་བསྡད་མྱོང། བཙན་བྱོལ་དུ་སྐྱེས་ཤིང་འཚར་བའི་བོད་རིགས་མང་ཆེ་བས་རྒྱུན་དུ་བོད་སྐད་ཀྱི་ལམ་ནས་གླེང་མོལ་བྱེད་མོད། ཁོང་ཚོ་ཐུན་མོང་ལ་དཀའ་ཁག་ཅིག་ཡོད་པ་ནི་གཞན་སྐད་ཀྱི་ཐ་སྙད་མང་དུ་བསྲེ་བ་དང་། ལྷག་པར་སྐད་ཆ་ཉམས་དང་ལྡན་པ་ཞིག་བཤད་འདོད་ཚེ། སྐད་ཡིག་གཞན་ལ་བརྟེན་པ་ལས་བོད་སྐད་དུ་བཤད་མི་ཐུབ། དེ་ལྟར་ཇ་ཁང་ཕྱི་རོལ་གྱི་མི་ཚོགས་དེ་ཡང་རྒྱུན་ལྡན་གྱི་གནས་སྟངས་དེ་ལས་མ་འདས། འོན་ཏེ་ངན་ཁག་སུ་ལའང་འགེལ་ས་མེད། དེ་ནི་ཁོར་ཡུག་གིས་བསྐྲུན་པའི་དོན་དངོས་ཤིག་རེད། ཐེངས་ཤིག་ང་དངུལ་ཁང་དུ་སོང་། ཇ་ཁང་ཡང་དེ་ཡི་འགྲམ་དུ་ཡོད། ང་དངུལ་ཁང་གི་ཕྱི་ལ་ཐོན་མ་ཐག ཡར་འཛུལ་དུས་མཚམས་མ་བཞག་པའི་མི་ཚོགས་ཁྲོད་ནས་ཕོ་གསར་རེ་ཟུང་གིས་“རྒན་ལགས། བཀྲ་ཤིས་བདེ་ལེགས་” ཟེར། ཁོང་ཚོས་རོགས་པ་ཞིག་ལ་ལས་དོན་མ་འགྲུབ་པར་སེམས་གསོ་གཏོང་བཞིན་འདུག བར་སྐབས་དེར་ལྷུན་འགྲུབ་ཀྱིས་ཕམ་ཁ་གང་འདྲ་ཞིག་བྱུང་ན་ཡང། སེམས་ཤུགས་ཆག་མི་རུང་། “སྒོ་ངའི་ནང་གི་བྱིའུ་ཆུང་དེ། འཁྱར་འཁྱོར་ཕྱི་ལ་ཐོན། སིག་སིག་ས་ལ་འགྱེལ་ཡང་། ད་དུང་། གཤོག་རྩལ་རྒྱས་ནས། ལུས་ཕུང་འཚར་ནས། སྔར་ལས་ཀྱང་མཐོ་བའི་ནམ་མཁར་འཕུར་བ་མ་ཡིན་ནམ། ”ཞེས་སློབ་གྲྭར་སྦྱངས་བའི་སྙན་ཚིག་གི་དུམ་བུ་འདི་གདེང་སྤོབས་ཀྱིས་གྱེར་སོང་། དེ་ནི་ཅི་འདྲའི་ཡུལ་དུས་དང་འཚམས་པ་ཞིག་རེད་ཨང་། ཉེ་འཁོར་གྱི་ཕོ་གསར་ཚོའི་གདོང་དུ་ངོ་མཚར་དང་ཡིད་སྨོན་རེས་མོས་སུ་ཤར་འོངས། ཁོས་ང་ལ་ལྟ་བཞིན་ཧ་ཧ་ཧ་ཞེས་དགོད་ཙམ་བྱས་པ་ན། ངས་ཁོ་ལ་ལག་འཇུ་དམ་པོ་ཞིག་བྱས་རྗེས་ཅི་ཡང་མ་བཤད་པར་ལོག ལྷུན་འགྲུབ་ནི་ལོ་ངོ་བདུན་སྔོན་གྱི་ངའི་སློབ་ཕྲུག་ཅིག་ཡིན། པྲ་ཚགས་ཡིན་ལ་རྩེ་དགོད་ཆེ་བའི་ཁོ་ནི་སྤྱིར་སློབ་སྦྱོང་ཞན་པོ་ཡོད་པ་མ་ཟད། བོད་ཡིག་གཏན་ནས་མི་སྦྱོང་། འོན་ཀྱང་ངས་ཆེད་དུ་བྲིས་ཤིང་བསླབས་པའི་སྙན་ཚིག་དེ། ཁོའི་ཡིད་ལ་འཇགས་ཤིང་སེམས་ལ་ངེས་འདུག་པ་མ་ཟད། ཁ་ལ་ཡང་བྱང་ཡོད་པར་ང་རང་དགའ་སྤྲོ་དང་སྤོབས་པ་ལྷན་དུ་སྐྱེས་བྱུང།

སྙན་ཚིག་སློབ་ཁྲིད་ཀྱི་གལ་གནད།

སྤྱིར་སྐད་ཡིག་སློབ་ཁྲིད་ནུས་ལྡན་ཞིག་བྱ་བ་ལ་ཚིག་ལྷུག་དང་སྙན་ཚིག་ནི་ཆ་མཉམ་དུ་གལ་འགངས་ཆེ་བའི་རྩོམ་ལུས་རྣམ་པ་གཉིས་ཡིན་ཞིང་། ནུས་པ་དང་བེད་སྤྱོད་ཀྱི་ཆ་ནས་གཅིག་ཚབ་གཅིག་གིས་བྱ་ཐབས་མེད་པའི་རྩོམ་ལུས་ཁྱད་པར་བ་གཉིས་རེད། དེ་བས་ན་སྐད་ཡིག་བསླབ་གཞིའི་ནང་དུ་སྙན་ཚིག་ཚུད་རྒྱུ་ཧ་ཅང་གལ་ཆེ་མོད། འོན་ཀྱང་། ང་ཚོའི་སྐད་ཡིག་སློབ་ཁྲིད་ཁྲོད་དུ་སློབ་དེབ་ཡིན་ཀྱང་རུང་། སློབ་ཁྲིད་ལག་ལེན་ཡིན་ཀྱང་རུང་། སྙན་ཚིག་གིས་ཧ་ཅང་ཉམ་ཞན་པའི་ཆ་ཤས་ཆུང་ངུ་ཙམ་ཡང་འཛིན་ཐུབ་ཀྱི་མེད་པའི་གནས་སྟངས་ལ་བོད་ཡིག་དགེ་རྒན་རྣམ་པས་དོ་སྣང་དམིགས་སུ་བཀར་ནས་བྱ་དགོས་པར་མཐོང་། ལྷུན་འགྲུབ་ཀྱིས་ཡིག་རྒྱུགས་འཕྲོད་ཙམ་གྱི་ཕྱིར་དུ་སློབ་དེབ་ནང་གི་སྒྲུང་དང་དག་ཡིག བརྡ་སྤྲོད་ཀྱི་སློབ་ཚན་རྣམས་གནས་སྐབས་སུ་ཨུ་ཚུགས་ཀྱིས་སྦྱངས་ཁུལ་ཙམ་བྱས་ཡོད་ཚོད་ཀྱང་དུས་རྒྱུན་བོད་ཡིག་གཏན་ནས་མི་སྦྱོང་། འོན་ཀྱང་སྙན་ཚིག་འདི་ཁོའི་ཡིད་ལ་བརྟན་པོར་འཇགས་ནས་འདུག དེས་ན་ང་ཚོས་ཁོས་སྙན་ཚིག་འདི་དེ་འདྲ་ངེས་པོ་ཞིག་ཇི་ལྟར་སྦྱངས་པའི་ཐད། ཚོད་དཔག་རང་བཞིན་གྱི་རྒྱུ་མཚན་འགའ་བགྲངས་ཏེ་སྙན་ཚིག་སྦྱོང་བའི་གལ་གནད་འཚོལ་བར་བྱ།
༡) སློབ་གྲྭ་ཁག་ཏུ་སྙན་ཚིག་ཆེད་དུ་སློབ་ཁྲིད་བྱེད་པ་དཀོན་པས། འཛིན་ཁང་དུ་སྙན་ཚིག་ཁྲིད་པ་ནི་ཁོ་ལ་མཚོན་ན་ཐེངས་དང་པོ་ཡིན་ངེས། དེས་ཁོ་རང་ཁོར་ཡུག་གསར་པ་ཞིག་ཏུ་ཁྲིད་ཡོད་ལ། གསར་སྣང་དེ་བརྒྱུད་ནས་དོ་སྣང་དམིགས་བསལ་ཞིག་བྱུང་བ་དང་དེའི་ཞོར་དུ་སྤྲོ་སྣང་ཞིག་ཀྱང་ངང་གིས་སྦྱིན་ཡོད་ཚོད། སྣང་ཚུལ་འདི་ནི་(སྙན་ཚིག་ཁྲིད་སྲོལ་མེད་པ། )རང་རེའི་སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་སྟོང་ཆ་ཆེན་པོ་ཞིག་ཡིན་སྟབས། དགེ་རྒན་ཚོས་སློབ་མར་འཚམས་པའི་སྙན་ཚིག་འགའ་(ཉུང་མཐར་གསུམ་)ཆེད་དུ་གྲ་སྒྲིག་བྱེད་འོས།
འདིས་བསླབ་གཞིའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་ལ། སློབ་ཁྲིད་ཀྱི་ཁོར་ཡུག་ལའང་འགྱུར་བ་ལྡན་པར་བྱས་ཏེ་བོད་ཡིག་སྦྱོང་བའི་འདུན་པ་ལྷག་ཏུ་འཕེལ་ངེས་ཡིན།
༢)གཅིག་བྱས་ན། སྙན་ཚིག་ནི་རྩོམ་ལུས་གཞན་དང་མི་འདྲ་བར་དབྱངས་འགྲོས་དང་ཚོར་བ། ཉམས་འགྱུར། སྟངས་སྟབས་སོགས་མངའ་བའི་ཚིག་གི་སྦྱོར་བ་ཁྱད་པ་བ་ཞིག་ཡིན་པ་དང་། གཞན་དང་བསྡུར་ན་ཚིག་ཚོགས་ཡང་མང་པོ་མེད་གཤིས། སློབ་མ་ལྷུན་འགྲུབ་ལ་སྦྱོང་བདེ་བ་དང་ཤེས་བདེ་བ། བློ་ལ་འཛིན་བདེ་བ། ངག་ལ་བྱང་བདེ་བ་སོགས་ཀྱི་བདེ་སྣང་དམིགས་བསལ་བ་ཞིག་བྱུང་ཡོད་ངེས་རེད། དེར་བརྟེན། ང་ཚོས་སྙན་ཚིག་གི་ཁྱད་ཆོས་འདི་དག་ཧ་ཅང་འོས་འཚམས་སུ་སློབ་ཁྲིད་ཁྲོད་དུ་བཀོལ་སྤྱོད་བྱས་ཚེ། སློབ་མ་ཚོར་དགའ་སྣང་འགྲན་དུ་མེད་པ་རེ་འབྱུང་ལ། མ་མཐར་བོད་ཡིག་ལ་སུན་སྣང་བྱེད་པའི་སློབ་མ་ཚོའི་དོ་སྣང་གི་བློ་སྒོ་འདྲེན་པའི་རྒྱུ་རུ་འགྱུར་ཡང་སྲིད་དོ།
༣) ད་དུང་དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་སྙན་ཚིག་གདམ་གསེས་བཟང་པོ་ཞིག་བྱ་རྒྱུ་དེ་རེད། དེ་འདྲ་སོང་ཙང་། དགེ་རྒན་ཚོས་རྣམ་རིག་ལྡན་པའི་སྒོ་ནས་སྙན་ཚིག་གདམ་རྒྱུ་ནི་གཟབ་ནན་བྱ་དགོས་པའི་གནད་དོན་ཞིག་ཏུ་ཤེས་དགོས། དེ་ལྟར་མ་བྱུང་བར་སྙན་ཚིག་སློབ་མའི་ཤེས་ཚད་ལས་འགོངས་བ་ཞིག་ཡིན་ཚེ། ཕན་པ་ལས་གནོད་ཚབས་ཆེ་ཞིང་། སྙན་ཚིག་གི་ནང་དོན་ལ་གནས་ལུགས་ཟབ་མོ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། བཙན་ཚུགས་ལྟ་བུའི་སློབ་ཁྲིད་བྱ་བ་ནི་ཡོད་པ་ལས་མེད་ན་དགའ། སོང་ཙང་སློབ་མའི་ཉམས་མྱོང་དང་གནས་དུས་ཁོར་ཡུག་ལ་བསམ་ཞིབ་ཀྱིས་སྙན་ཚིག་དང་སློབ་མའི་བར་གྱི་འབྲེལ་སྣེ་བཙལ་ནས་རྙེད་ཐུབ་པ་དང་རྙེད་པ་མཐུད་ཐུབ་པ་བྱུང་ན། ད་གཟོད་སྙན་ཚིག་བཟང་པོ་ཞིག་བདམས་པ་ཡིན། དེ་ལྟ་ན། གོང་གི་སྒྲུང་ནང་གི་སྙན་ཚིག་དེ་སློབ་བུ་ལྷུན་འགྲུབ་ལ་ཕན་འབྲས་ཆེན་པོ་བྱུང་ཡོད་པ་ནི་དགེ་རྒན་གྱིས་སློབ་མའི་ན་ཚོད་དང་བསམ་བློའི་གནས་ཚད་ལ་འཚམས་པའི་སྙན་ཚིག་ཅིག་བདམས་པ་དང་སློབ་མའི་སྐད་ཡིག་གི་ནུས་པ་དང་ཁོར་ཡུག་གི་བབ་དང་ཧ་ཅང་འབྱོར་པོ་བྱུང་ཡོད་ཤེས་ཆེ་ན། ང་ཚོས་ཀྱང་སྙན་ཚིག་གི་ཁྱད་ཆོས་དང་དགེ་མཚན་ཤེས་ནས་སློབ་ཁྲིད་བྱ་རྒྱུ་ཤིན་ཏུ་གནད་ཆེ་བ་ཡིན་ལ། ད་ལྟ་ད་དུང་དེ་ལྟར་མ་བསླབས་པར་བསྐྱུར་འཇོག་བྱས་ན་མ་འོངས་ཕ་སྐད་ཀྱི་སོན་རྩྭ་ཤ་ཚོ་མོ་འདི་ཚོ་ཇ་ཁང་ཕྱི་རོལ་གྱི་མི་ཚོགས་ལྟར་འགྱུར་ཉེན་ཆེའོ།

སྙན་ཚིག་སློབ་ཁྲིད་ལ་འཕྲད་བཞིན་པའི་དཀའ་ཁག

རང་རེ་བཙན་བྱོལ་བོད་པའི་ཕ་སྐད་ཀྱི་ཁོར་ཡུག་ནི་ཇ་ཁང་ཕྱི་རོལ་གྱི་མི་ཚོགས་ལྟར་ཧ་ཅང་ཉམ་ཐག་པོ་ཡོད་པས། སློབ་གྲྭའི་བོད་སྐད་ཡིག་སློབ་ཁྲིད་ཀྱི་འགན་ཁུར་ནི་གཞན་ལས་ལྕི་བ་ཡོད། དེ་ལྟར་ཡང་འགན་ཁུར་འདི་ཕྲག་ཏུ་ལེན་མི་འདོད་པའི་དགེ་རྒན་སུ་གང་མེད་ནའང་། སྤྱིར་བོད་ཡིག་དང་ལྷག་ཏུ་སྙན་ཚིག་སློབ་ཁྲིད་ལ་དཀའ་ཁག་མང་པོ་འཕྲད་བཞིན་ཡོད་པའི་སྐོར་འདུ་ཤེས་དང་རྒྱུ་ཆ། ཁོར་ཡུག་བཅས་གནད་གསུམ་དུ་བསྡུས་ནས་བཤད་པར་བྱའོ།
༡ དེ་ཡང་ཡུན་རིང་གི་འབྲེལ་བའི་ཐོག་ནས་གུས་པས་ཤེས་རྟོགས་བྱུང་བའི་དཀའ་ཁག་སྟེ། གཞི་རིམ་སློབ་གྲྭར་སྙན་ཚིག་སློབ་ཁྲིད་བྱ་རྒྱུ་ནི་ཀུན་གྱི་ཁ་ལ་རན་པའི་སོ་མིན་པར་སྙམ་པའི་གོ་ལོག་དེ་རེད། འདི་ནི་འདུ་ཤེས་སྟེང་གི་བར་གེགས་ཆེན་པོ་ཡིན་ཏེ། བསམ་ཚུལ་འདི་ལ་བརྟེན་ནས་དགེ་རྒན་མང་པོས་སྙན་ཚིག་སློབ་མར་གོ་དཀའ་བར་འདོད་པ་དང་། ཡང་མཐོ་རིམ་གྱི་སྙན་ཚིག་སློབ་ཁྲིད་དང་ན་ཆུང་བྱིས་པར་སློབ་ཁྲིད་བྱེད་ཚུལ་བར་གྱི་ཁྱད་པར་འབྱེད་མ་ཤེས་སྟབས། སློབ་མར་འཚམས་པའི་སྙན་ཚིག་འདེམས་ཚུལ་མི་ཤེས་པ་དང་སྙན་ཚིག་འཁྲིད་པར་ཐེ་ཚོམ་དང་འཇིགས་ཞུམ་བྱེད་པ་དེ་རེད། ད་དུང་ང་ཚོའི་མདུན་དུ་ལྷག་པའི་བསམ་བློའི་བར་ཆད་གཞན་ཞིག་ནི་བོད་ཡིག་ཨིན་ཡིག་དང་འདྲ་འདྲ་ཡོང་དཀའ་བར་བསམས་པའི་གུ་ཡངས་གཏོང་རྐྱང་གི་བསམ་ཤེས་དེ་ཡིན། དེ་ནི་ནད་རྟགས་མ་མངོན་པའི་སྐྲན་ནད་ཅིག་དང་འདྲ་བར་སྐད་ཡིག་སློབ་ཁྲིད་ཁྲོད་དུ་སྨྲས་ཅི་དགོས། སློབ་གྲྭའི་བྱེད་སྒོ་ཀུན་གྱི་གསེང་དུ་སིམ་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་འཕེལ་རྒྱས་ཀྱི་ཁྲག་རྩ་སྒོག་གིན་ཡོད་དོ།
༢ གཞན་ཡང་སློབ་གྲྭ་ཁག་ཏུ་སློབ་མར་འཚམས་པའི་སྙན་ཚིག་གདམ་གསེས་བྱ་རྒྱུ་ཕར་ཞོག དེ་འབྲེལ་གྱི་རྒྱུ་ཆ་ལྡང་ངེས་རེ་འཐོབ་རྒྱུ་ཡང་ཤིན་ཏུ་དཀའ་སྟེ། ས་གནས་སུ་དཔེ་མཛོད་ཁང་ནི་མེད། དཔེ་ཆ་ནི་མི་ཐོབ། དེབ་འདྲ་ཐོབ་ཀྱང་བྱིས་པའི་སྙན་ཚིག་ཆེད་དུ་བསྒྲིགས་པ་ནི་མེད། དཀའ་ཁག་ཆེ་བའི་གནས་སྟངས་འདི་འདྲའི་འོག་ཏུ་སློབ་མ་ལྷུན་འགྲུབ་ལྟར་སྙན་ཚིག་བཟང་པོ་ཞིག་སྦྱོང་བའི་སྐལ་བཟང་ཐོབ་རྒྱུ་དེ་དགེ་རྒན་ཚོའི་གདོང་ལེན་ཆེན་པོ་ཞིག་ཡིན་ཏེ། ཨིན་ཇི་དགེ་རྒན་ཚོས་སྐར་མ་འགའི་ནང་དུ་འཚོལ་སྒྲིག་བྱས་འོངས་བའི་གྲུབ་འབྲས་དེ། བོད་ཡིག་དགེ་རྒན་ཚོས་འདོན་དགོས་བྱུང་ན། ང་ཚོས་རང་གི་ནུས་པས་ལྕོགས་མིན་ཇི་ལྟར་ཡང་རྩོམ་པ་པོ་དང་རྩོམ་སྒྲིག་པ། ཞུ་དག་པ། དགེ་རྒན་བཅས་ཐམས་ཅད་རང་ཉིད་ཁོ་ན་ཡིན་པའི་རྫུ་འཕྲུལ་སྟོན་དགོས་པ་ཡིན།
༣ ཡང་ཅིག་བཤད་ན། ཡུལ་ལུང་ཕལ་ཆེ་བར་ཕ་སྐད་ཀྱི་རྨང་གཞི་བརྟན་པོ་ཞིག་དང་སྐད་ཡིག་གི་མཛེས་ཆ་ཕུན་སུམ་ཚོགས་པ་ཞིག་ནི་རང་ཁྱིམ་སོགས་སྤྱི་ཚོགས་ཁོར་ཡུག་ལས་བྱིས་པ་ཚོར་རང་བཞིན་ངང་གིས་གོམས་འདྲེས་སུ་འབྱུང་བ་ཡིན་མོད། ང་ཚོར་དེ་འདྲའི་ཁོར་ཡུག་བཟང་པོ་མེད་པ་མ་ཟད། ད་སྔ་བོད་ཡིག་དགེ་རྒན་རྣམས་ཀྱི་བར་དུ་ཉམས་མྱོང་བརྗེ་རེས་དང་རྒྱུ་ཆ་མཁོ་སྤྲོད། བགྲོ་གླེང་། རོགས་རེས། མཉམ་ལས་སོགས་བྱ་བའི་སྡིངས་ཆ་ཡངས་པོ་ཞིག་བསྐྲུན་ཐུབ་མེད་ལ། སློབ་གྲྭ་ཚོའི་བར་དུ་བརྗེ་རེས་ཀྱི་རྒྱུན་སྲོལ་བཟང་པོ་ཞིག་ཀྱང་ཆགས་ཐུབ་མེད་པས། རེ་ཞིག་སློབ་ཁྲིད་ཀྱི་ཁོར་ཡུག་དོག་པོ་འདི་རྒྱ་བསྐྱེད་ཡོང་བར་དཀའ་ཡང་མང་པོའི་ལག་པ་གསེར་ཡིན་པའི་གནས་ལུགས་སེམས་ལ་བཅིངས་ཏེ། ཚང་མས་མཉམ་རུབ་བྱ་རྒྱུ་ནི་དཀའ་ཁག་ལས་ཐར་བའི་ལམ་བུ་ཁོ་ན་དེའོ།
དཀའ་ཁག་སེལ་ཞིང་རེ་འདུན་འགྲུབ་པའི་ཐབས་ཡོད་དམ།
སྤྱིར་བྱིས་པའི་སྙན་ཚིག་ཐེ་བའི་བོད་ཀྱི་བྱིས་པའི་རྩོམ་རིག་དར་རྒྱས་དང་གོང་འཕེལ་ཡོང་རྒྱུ་ནི་དུས་ཡུན་རིང་པོའི་འབད་པ་དང་མཐུན་རྐྱེན་ཚོགས་མིན་ལ་རག་ལས་པ་ཞིག་ལས་དུས་ཐུང་ནང་ཐད་ཀར་བསྒྲུབས་ནས་འགྲུབ་འགྲོ་བ་ཞིག་མིན་མོད། འོན་ཀྱང་འདི་ནི་ང་ཚོར་ཁ་ཚ་དགོས་གཏུགས་སུ་གྱུར་བའི་གནད་དོན་ཞིག་ཡིན་སྟབས། སྐྱ་ཟད་སྔོ་གཏུགས་ཀྱི་དཀའ་ཁག་འདི་ལ་གནས་སྐབས་ཙམ་ཨེ་ཕན་གྱི་སྙམ་པའི་རེ་བས་ངལ་སེལ་དབུལ་སྐྱོབ་ལྟ་བུའི་བསམ་ཚུལ་འགའ་འོག་ཏུ་བརྗོད་པར་བྱ།

༡ བརྗེ་རེས་ཀྱི་རེ་བ།

སློབ་གྲྭ་ཁག་ཏུ་སྙན་ཚིག་གྱེར་འདོན་གྱི་འགྲན་བསྡུར་ལ་སོགས་པའི་བྱེད་སྒོ་ལོ་བསྟུད་མར་སྤེལ་གྱི་ཡོད་སྟབས། དགེ་རྒན་ཟུར་པ་དང་ལས་ཐོག་དགེ་རྒན་རྣམ་པས་རང་གིས་བྲིས་པ་དང་གཞན་ནས་བཙལ་བའི་སྙན་ཚིག་གི་རྒྱུ་ཆ་བཟང་པོ་འགའ་རེ་གསོག་འཇོག་བྱས་ཡོད་ན། དེ་དག་སྤྱི་ཡོངས་ལ་འོས་སྦྱོར་བྱ་གལ་ཆེ་ལ། ཡང་སློབ་གྲྭ་ཁག་ཏུ་སློབ་མས་སྙན་ཚིག་གྱེར་འདོན་ཡག་པོ་བྱས་པ་ཡོད་ན་དེ་དག་སྒྲ་དང་བརྙན་བཟོས་ནས་བརྒྱུད་བསྐུར་བྱས་ན་ཀུན་ལ་ཕན་ཐོག་རྒྱ་ཆེན་ཡོང་བ་སྨྲས་ཅི་དགོས། འདིར་གསལ་འདེབས་ཞུ་རྒྱུ་ཞིག་ལ། དགེ་རྒན་གང་མང་གིས་སློབ་གྲྭའི་བྱེད་སྒོ་ཁག་ཏུ་བོད་ཡིག་གི་ཆ་ཤས་མི་སྟོང་བར་འབད་པ་ཆེན་པས་རང་ངོས་ནས་སྙན་ཚིག་འདྲ་མིན་བྲིས་པ་ཡོད་ཀྱང་། སེམས་ཆུང་གིས་བརྒྱུད་ལམ་ཁག་ཏུ་སྤེལ་གྱི་མེད་པ་དང་ལ་ལས་བྲིས་པ་མི་བཟང་སྙམ་པའི་ཁེངས་སྐྱུང་གིས་མནན་ནས་ཡོད་སྟབས། ང་ཚོས་བོད་ཡིག་དགེ་རྒན་ནང་ཁུལ་གྱི་སྟེགས་བུ་ཞིག་བསྐྲུན་ནས་ཕན་ཚུན་བརྗེ་རེས་དང་ཞུ་དག བསྐྱར་འབྲི་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བྱིས་པའི་སྙན་ཚིག་དཀོན་པའི་དཀའ་ཁག་ལས་གནས་སྐབས་ཀྱི་ངལ་བ་སེལ་བར་འབུང་དགོས།

༢ ཕྱོགས་སྒྲིག་གི་རེ་བ།

སྲོལ་རྒྱུན་དང་དེང་རབས་གང་དུའང་ང་ཚོ་བོད་ལ་བྱིས་པར་ཆེད་དུ་བྲིས་པའི་སྙན་ཚིག་དཀོན་ན་ཡང་། བྱིས་པར་རན་པའི་སྙན་ཚིག་བཙལ་རྒྱུ་མེད་པ་མིན་པས། དཔེ་མཛོད་དང་དཔེ་ཆའི་མཐུན་རྐྱེན་འཛོམས་སར་ཡོད་པའི་དགེ་རྒན་ཚོ་དང་ཡང་ན་ཉམས་མྱོང་ལྡན་པ་འགའ་རེས་ཆེད་དུ་བྱིས་པའི་ན་ཚོད་འདྲ་མིན་ལ་འཚམས་པའི་སྙན་ཚིག་གི་དཔེ་དེབ་སྣ་ཚོགས་ཕྱོགས་སྒྲིག་འགྲེམས་སྤེལ་བྱ་རྒྱུ་ནི་བཙན་བྱོལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ལ་མཚོན་ན་སྐོམ་པའི་ཆུ་དང་ལྟོགས་པའི་ཟས་སུ་གྱུར་ནས་ཡོད། དེ་ལྟར་བྱུང་ན་དགེ་རྒན་ཚོར་རྒྱུ་ཆ་ཐོབ་སྟབས་བདེ་བ་མ་ཟད། ད་དུང་གྲངས་ཀའི་ཆ་ནས་ཇི་ཙམ་མང་ན་སྙན་ཚིག་གདམ་གསེས་བྱེད་ཕྱོགས་ལ་ཡང་ཕན་ཐོག་ཆེ་བ་ཡིན།

གསར་རྩོམ་གྱི་རེ་བ།

བོད་ཀྱི་བྱིས་པའི་རྩོམ་རིག་གི་འཕྲལ་ཕུགས་གཉིས་ཀར་ཆེས་གནད་འགག་ནི་གསར་རྩོམ་གྱི་ལས་ལ་འཇུག་རྒྱུ་དེ་རེད། དེའི་ཕྱིར་གཞུང་སྒེར་གང་རུང་ནས་རྩོམ་པ་པོ་རྣམས་ལ་བྱིས་པའི་སྙན་ཚིག་འབྲི་བར་རེ་སྐུལ་དང་གསར་རྩོམ་འགྲན་བསྡུར། ཆེད་དེབ་པར་བསྐྲུན། ཉམས་མྱོང་བཤད་རེས། དཔྱད་རྩོམ་དཔྱད་གླེང་སོགས་སྤེལ་བར་མཐུན་རྐྱེན་ཆེད་དུ་སྦྱོར་དགོས་པ་དང་། ལྷག་པར་བྱིས་པའི་སྙན་ཚིག་ལ་མཚོན་ན་རྩོམ་པ་པོས་དམིགས་འོག་ཏུ་བཟུང་བའི་ཀློག་པ་པོ་ནི་བྱིས་པ་རྣམས་ཡིན་ལ། བོད་ཡིག་དགེ་རྒན་རྣམ་པ་ཉིན་མཚན་ཀུན་ཏུ་སློབ་ཕྲུག་དང་འབྲེལ་འདྲེས་ཆེ་ཞིང་། སློབ་མ་ཚོའི་ལུས་སེམས་ཀྱི་འཚར་ལོངས་དང་དགའ་ཁ་འཁྱེར་ཕྱོགས་ཀུན་ལ་རྒྱུས་མངའ་ཡོད་པས།
བྱིས་པའི་སྙན་ཚིག་འབྲི་བའི་ཁོར་ཡུག་ཡོངས་སུ་ཚང་ཡོད་ན། ང་ཚོས་འགན་ཁུར་ལྷག་པོ་འདི་ཕྲག་ཏུ་བླངས་ཚེ་ལས་ཞོར་དུ་བོད་ཀྱི་བྱིས་པའི་སྙན་ཚིག་གསར་རྩོམ་གྱི་རྩ་བ་བརྟན་པོ་ཞིག་ཚུགས་པར་ཞོགས་འདེགས་ཀྱི་ནུས་པ་ཆེན་པོ་འདོན་ཐུབ་ངེས་ཡིན་ན། འདུན་པ་ཡོད་ན་མདུན་ལམ་ཡོད་ཟེར་བ་བཞིན། སྒོ་ངའི་ནང་གི་བྱིའུ་ཆུང་དང་འདྲ་བའི་བོད་ཡིག་གི་བྱིས་པའི་སྙན་ཚིག་གི་ལས་དབང་འདི་ཡང་“འཁྱར་འཁྱོར་ཕྱི་ལ་ཐོན། སིག་སིག་ས་ལ་འགྱེལ་ཡང་། ད་དུང་། གཤོག་རྩལ་རྒྱས་ནས། ལུས་ཕུང་འཚར་ནས། སྔར་ལས་ཀྱང་མཐོ་བའི་ནམ་མཁར་”གཤོག་ཟུང་སྟོབས་ཀྱིས་ངོམ་པའི་སྨོན་འདུན་འགྲུབ་པ་ལ་ང་ཚོ་ཐུན་མོང་གིས་འབད་བརྩོན་བྱ་བའི་རེ་བ་སྙིང་ནས་ཞུའོ།