གཞི་རིམ་བར་མའི་བོད་དགེ་བསོད་ནམ་མཚོ། ཅོན་ཏཱ་ར་བོད་ཁྱིམ།

སྤྱིར་བཏང་བོད་ཀྱི་སྐད་ཡིག་གི་རྩལ་བཞི་པོ་གལ་ཆེན་པོ་ཡིན་པ་དང་ཕན་ཚུན་འབྲེལ་ཐབས་རྩལ་མེད་པ་བཞི་ཡིན་ལ། གཅིག་ལས་གཅིག་གཏན་གྱི་ཚུལ་དུ་གནས་པ་ཤ་སྟག་ཡིན། རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་ག་དུས་ཡིན་ཡང་སློབ་མ་ཀུན་ལ་དང་པོ་ཉན་རྩལ་གལ་ཆེན་པོ་རེད་ཟེར་ནས་བསླབ་བྱ་ཡང་སྲིད་རྒྱག་གི་ཡོད་པས། དེ་རིང་གི་བརྗོད་གཞི་འདི་ཐོག་བདག་གིས་ཉན་རྩལ་སྐོར་ལ་རགས་བསྡུས་ཙམ་ཞིག་བརྗོད་འདོད་བྱུང་། དེ་ཡང་བརྗོད་གླེང་གཞི་བདུན་གྱི་ཐོག་ནས་འབྲི་རྒྱུ་ཡིན།
༡༽ ཉན་རྩལ་སློབ་པའི་དམིགས་ཡུལ་གཙོ་བོ།
༢༽ ཉན་རྩལ་དེ་གལ་ཆེ་བའི་སྐོར།
༣༽ སློབ་གཉེར་བའི་ཉན་རྩལ་གོང་མཐོར་ཐད་དཔྱད་པ།
༤༽ ཉན་རྩལ་གོང་འཕེར་གཏོང་ཐབས།
༥༽ དགེ་རྒན་གྱི་ཉན་རྩལ་ཐོག་ལམ་སྟོན་དགོས་པ།
༦༽ སློབ་མའི་ངེས་པར་སྒྲུབ་དགོས་པ།
༧༽ ཉན་རྩལ་ཆེད་སྦྱོང་བརྡར་གང་མང་བསྐྲུན་དགོས།

༡༽ ཉན་རྩལ་སློབ་པའི་དམིགས་ཡུལ་གཙོ་བོ། སློབ་མར་སློབ་ཁྲིད་བྱེད་སྐབས་ངེས་པར་དགོས་མཁོ་ཆེ་བ་དང་མེད་ཐབས་མེད་པའི་ཐབས་ལམ་བཟང་པོ་ཞིག་ཡིན་པ་མངོན། དེ་ཡང་སྲོལ་རྒྱུན་རིག་པའི་གཞུང་ལུགས་ཐོག་ནས་བཤད་ན་ཡང་ཐོས་བསམ་སྒོམ་གསུམ་ཞེས་པའི་གོ་རིམ་གསུམ་ལས་དང་པོ་ཐོས་དགོས་པ་དེ་གལ་ཆེ་ཞིག་རྩིས་ཡོད། ང་རང་གི་ག་དུས་ཡིན་ཡང་ཐོས་པ་དང་ཉན་པའི་གོ་དོན་གཅིག་མཚུངས་ཡིན་པར་གོ་བ་ལེན་གྱི་ཡོད། བྱས་ཙང་སློབ་གཉེར་བ་རྣམས་ཀྱིས་ཡིན་ཅིག་གཞན་གྱི་གཏམ་སོགས་ཉན་ཐུབ་ཐབས་དང་ལྷག་པར་དུ་གང་བཤད་པ་དེའི་ནང་དོན་ཤེས་པའི་ཐོག་ནས་སྦྱོང་བརྡར་བྱ་རྒྱུ་དེ་ལས་ཀྱང་གལ་ཆེན་པོ་ཡིན། གང་ལྟར་ང་རང་གིས་སློབ་མ་ཚོར་ཉན་རྩལ་སློབ་པའི་དགོས་དམིགས་གཅིག་གི་གནས་ཚུལ་བཟང་ངན་དང་ཡག་སྡུག་ཇི་འདྲ་ཞིག་འཕྲད་ཀྱང་ཐོག་མར་རིག་པ་བསྒྲིགས་ནས་ཉན་ཤེས་དགོས་པ་དང་། དེ་རྗེས་རང་ཉིད་ཀྱིས་ངོས་ནས་བསམ་བློ་ལེགས་པར་བཏང་བས་ཉན་རྩལ་གྱི་བྱ་བ་དེ་མེད་དུ་མི་རུང་བ་ཞིག་ཡིན་པར་ཤེས་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད།

༢༽ ཉན་རྩལ་དེ་གལ་ཆེ་བའི་སྐོར། སྤྱིར་བཏང་གི་ང་རང་ཚོ་སྤྱི་ཚོགས་ཁྲིད་དུ་བསམ་བློ་བཏང་བ་ཡིན་ཡང་ཉན་པའི་བྱ་བ་དེ་སྔོན་དུ་མ་སོང་བར་ལས་ཀ་དེ་ཡག་པོའམ་ལེགས་པོ་ཞིག་སྒྲུབ་མི་ཐུབ་པ་ནི་ཡོངས་གྲགས་ཡིན། དཔེ་མཚོན་ཆུང་ཆུང་ཞིག་གི་ལམ་ནས་བརྗོད་ན། དགེ་རྒན་རྣམ་པའི་སློབ་མ་ཚོར་སྔ་དྲོའི་འདུ་འཛོམས་སྐབས་གཏམ་བརྗོད། དེ་བཞིན་དུ་བསྐྱོར་སྦྱོང་གང་འདྲ་ཞིག་བྱེད་ཀྱང་ཡག་པོ་ཆགས་མིན་སློབ་མའི་ཉན་རྩལ་ལ་རག་ལས་ཡོད། དགེ་རྒན་ཡག་པོ་ཇི་ཙམ་ཡོད་ཀྱང་སློབ་མའི་མ་ཉན་ཚེ་འབྲས་སུ་བཟང་པོ་ཐོབ་མི་སྲིད།
གཞན་ཡང་། དཔེ་མཚོན་ཞིག་བརྗོད་ན། ཚན་རིག་དགེ་རྒན་གྱིས་ཚན་རིག་བརྟག་དཔྱད་ཁང་དུ་རྒན་ལགས་ཀྱིས་རྫས་སྦྱོར་གྱི་སློབ་ཁྲིད་བྱེད་སྒོ་ལས་སླ་པོ་ཞིག་སྤེལ་སྐབས། སློབ་ཕྲུག་གི་འཛིན་གྲྭའི་ནང་དགེ་རྒན་གྱིས་ལམ་སྟོན་དང་བྱེད་སྟངས་གང་འདྲ་ཡིན་མིན་ལེགས་པར་ཉན་མཁན་རྣམས་ཀྱིས་ཚན་རིག་བརྟག་དཔྱད་ཁང་དུ་སླེབས་མ་ཐག་ཏུ་བྱེད་སྒོ་གང་སྤེལ་བ་དེ་དུས་ཐོག་ལ་བྱེད་ཐུབ་པ་དང་། ནུས་པ་ལྡན་པ་ཞིག་སྟོན་ཐུབ་ཀྱང་། འཛིན་གྲྭའི་ནང་རྒན་ལགས་ཀྱིས་སློབ་སྟོན་གནང་སྐབས་མ་ཉན་པའི་སློབ་མ་ཚོའི་ཚན་རིག་བརྟག་དཔྱད་ཁང་དུ་སླེབས་ཀྱང་མ་ཤེས་པར་མགོ་བོ་རྨོངས་ནས་ལུས་སྲིད། དེར་བརྟེན་ཉན་པའི་བྱ་བ་དེ་ཧ་ཅང་གལ་འགེངས་ཆེ་བས། བདག་གིས་ག་དུས་ཡུན་ཡང་སློབ་མ་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་ཉན་པའི་བྱ་བ་དེ་སྔོན་དུ་འགྲོ་དགོས་པའི་བསླབ་བྱ་རྒྱག་གི་ཡོད།

༣༽ སློབ་གཉེར་བའི་ཉན་རྩལ་གོང་འཐོར་ཐད་དཔྱད་པ། སློབ་གཉེར་བར་ཉན་རྩལ་ལེགས་པོ་ཡོད་མེད་བརྟག་དཔྱད་བྱེད་སྐབས་ཉན་མཁན་རྣམས་ཀྱིས་ནང་ལས་དང་ལས་འཆར་སོགས་འབྲི་སྐབས་ནུས་པ་དང་ལྡན་པ་ཡོང་གི་འདུག བྱས་ཙང་ཉན་རྩལ་གོང་འཐོར་འགྲོ་བའི་བརྒྱུད་རིམ་གཙོ་བོ་ནི་སློབ་གཉེར་བ་རྣམས་ཀྱི་རྩོམ་ཡིག་འབྲི་རྩལ་ནུས་པ་དམིགས་བསལ་མངོན་ཐུབ་པ་དང་གྲུབ་འབྲས་བཟང་པོ་ཞིག་ཡོང་གི་འདུག དེར་བརྟེན་བདག་གི་སློབ་གཉེར་བ་རྣམས་ལ་ཉན་རྩལ་སྦྱོང་བརྡར་ཡོང་ཐབས་སུ་བྱེད་སྒོ་འདྲ་མིན་སྣ་ཚོགས་སྤེལ་ནས་སྐབས་རེ་སློབ་མ་ལ་ཤོད་དུ་བཅུག་ཀྱང་མང་ཆེ་བ་འབྲི་རུ་བཅུག་ནས་ཉན་རྩལ་གོང་མཐོར་གཏོང་ཐབས་བྱེད་ཀྱི་ཡོད།

༤༽ ཉན་རྩལ་གོང་འཕེར་གཏོང་ཐབས། དེ་ཡང་གཏམ་རྒྱུད་དང་སྒྲུང་བརྒྱུད་ནས་ཉན་རྩལ་གོང་འཕེར་གཏོང་སྐབས་སློབ་གཉེར་བའི་མདུན་དུ་ཁ་གསལ་པོ་དང་ཞིབ་ཕྲའི་ངང་ནས་་བཀླགས་ནས་མཇུག་ཏུ་དྲི་བ་ཁ་ཤས་ལ་ལན་འདེབས་སུ་བཅུག་སྐབས་ཉན་རྩལ་ལེགས་པོའི་སློབ་མ་དེ་དག་གི་དྲི་བ་ལ་དཔག་པའི་ལན་འདེབས་པ་དང་། མ་ཉན་མཁན་གྱིས་ལན་འདེབས་མི་ཐུབ་མ་ཟད། དོན་བདག་རྩ་ནས་མེད་ཞིག་ལན་འདེབས་ཀྱི་རེད།
དེ་བཞིན་དུ་༸གོང་ས་མཆོག་གི་བཀའ་སློབ་ལས་ཆ་ཤས་ཐུང་ངུ་ཞིག་ཟུར་བཏོན་བྱས་ཏེ་སློབ་གཉེར་བ་རྣམས་ལ་ཉན་བཅུག་པ་དང་བཀའ་སློབ་ཀྱི་ནང་དོན་དེ་འབྲི་རུ་བཅུག་པ་དང་། དྲི་བ་གང་མང་ཞིག་ལ་ལན་འདེབས་སུ་བཅུག་ན་ཁེ་ཕན་ཆེ།
གཞན་ཡང་། རྒྱལ་རབས་དང་སུམ་ཅུ་པ། རྟགས་འཇུག སྤྱིར་བཏང་ཤེས་བྱ་སོགས་ཀྱི་ཐོག་ལ་དྲི་རྩད་འགྲན་བསྡུར་མང་ཙམ་བྱེད་པ་ན་དགེ་སློབ་གཉིས་ཀར་ཕན་ཐོགས་པ་དང་། དམིགས་བསལ་གྱི་དྲི་རྩད་ནང་ལ་མཉམ་ཞུགས་གནང་མཁན་དེ་དག་གི་དྲི་བའི་ལན་འདེབས་ཕྱོགས་དང་བཀའ་མོལ་གནང་སྟངས་སོགས་གོང་འཐོར་ཡོད་པ་ཁ་གསལ་པོ་རེད།
ཡང་སློབ་ཕྲུག་ཕན་ཚུན་བར་ལ་གླེང་མོལ་མང་ཙམ་བྱེད་བཅུག་ན་ཕྱོགས་གཅིག་གིས་འཆད་སྐབས་གཞན་དེའི་ཉན་དགོས་ཡོད་ཙང་། དེ་རིགས་ཀྱི་ལས་རིམ་སྣ་ཚོགས་སྤེལ་ན་ཉན་རྩལ་ལ་ཕན་ནུས་ཤིན་ཏུ་ཆེ་པའི་ཁེ་ཕན་ཡོད།

༥༽ དགེ་རྒན་གྱི་ཉན་རྩལ་ཐོག་ལམ་སྟོན་དགོས་པ། རང་ཉིད་དགེ་རྒན་ཞིག་དུས་སློབ་མ་རྣམས་ལ་རང་ཉིད་ཀྱིས་གང་བཤད་པའམ་སློབ་ཁྲིད་གང་འདྲ་ཞིག་བྱེད་ཀྱང་ཉན་དགོས་ཚེ། རང་ཉིད་ཀྱིས་ཤེས་པའི་ཤེས་ཡོན་དེ་གཞན་ལ་སྦྱངས་འདོད་ཀྱི་འདུན་པ་དྲག་པོ་ཡོད་པ་རྣམས་སློབ་ཕྲུག་གི་ཁྲོད་དུ་ར་སྤྲོད་དང་མིག་སྟོན་བྱེད་བྱ་རྒྱུ་གལ་འགེངས་ཤིན་ཏུ་ཆེ། དམིགས་བསལ་གྱིས་སློབ་མའི་ཉན་རྩལ་དེ་ཤེས་ཚད་ལ་དཔག་པའི་སྐད་ཆ་ཤོད་དགོས་པ་ལས། ཚིག་རྩུབ་དང་ཁོང་ཁྲོ་ཡི་སྒོ་ནས་བརྗོད་ན་མི་ཉན། རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་མ་རྣམས་ཉན་རྩལ་གྱི་ལམ་ནས་སྣེ་ཁྲིད་དེ་བྱམས་བརྩེ་དང་། བསམ་ཤེས་ལྡན་པའི་སྒོ་ནས་སློབ་མ་ཚོར་མིག་དཔེ་བཟང་པོ་བསྟན་ཏེ། སློབ་ཕྲུག་ནང་ཁུལ་ཡང་དེ་ལྟར་ཡོང་བར་བྱེད་དགོས། དེ་ཡང་ཉན་རྩལ་བརྒྱུད་ནས་གོང་འཕེལ་གཏོང་ཐུབ། སློབ་ཕྲུག་ཚོར་དྲང་བདེན་དང་འདྲ་མཉམ། བརྩེ་འཇོག་བྱེད་སྟངས་སོགས་ཉན་རྩལ་འདི་བརྒྱུད་ནས་དེ་དག་ལ་གཅེས་སྐྱོང་བྱེད་དགོས།

༦༽ སློབ་མའི་ངེས་པར་སྒྲུབ་དགོས་པ། དེ་ཡང་སློབ་མ་ཚོས་ངེས་པར་དུ་དགེ་རྒན་རྣམ་པའི་ནང་ལས་དང་འཛིན་ལས་སོགས་བསྐུར་ཡང་དགེ་རྒན་གྱི་ལམ་སྟོན་གཞིར་བཟུང་ཐོག རང་ནུས་གང་ལྕོགས་བྱ་རྒྱུ་ནི་ཧ་ཅང་ཆེ། དེ་བཞིན་དུ་འཛིན་གྲྭའི་སྐབས་ལ་རིག་བ་བསྒྲིམས་ནས་སློབ་ཁྲིད་དང་ལམ་སྟོན་བྱས་པ་སོགས་ལེགས་པར་ཉན་ཡོད་ཚེ། འཛིན་ལས་དང་ནང་ལས་སོགས་འབྲི་སྐབས་དཀའ་ངལ་རྩ་བ་ནས་མེད་པ་དང་། སོ་སོའི་རང་ཉིད་ཀྱི་རྣམ་དཔྱོད་དེ་བེད་སྤྱོད་བྱས་ནས་ཉན་རྩལ་ཙམ་མིན་པར་བསམ་བློ་ཆུ་ཚོད་ཀྱང་གོང་འཐོར་གཏོང་དགོས་པ་སློབ་མའི་ལས་འགན་ཞིག་ཏུ་བརྩིས་ཆོག
གཞན་ཡང་། ཁ་ཤས་ཀྱིས་འཛིན་གྲྭའི་སྐབས་ལ་དོ་སྣང་ཞན་པ་མ་ཟད། ཁ་གཡེང་མིག་གཡེང་ཁོ་ནར་རོལ་མཁན་རྣམ་པའི་ནང་ལས་སོགས་དུས་ཐོག་ཏུ་མ་བྲིས་པ་དང་གོ་མ་ཚུགས་པ་སོགས་བྱུང་གི་ཡོད་པས། དེ་དག་གི་རིགས་ལ་དགེ་རྒན་རྣམས་ཀྱིས་བསླབ་བྱ་དང་འབྲི་ཐབས་སུ་བསྟོད་བསྔགས་སོགས་གང་མང་སྐྱོན་དགོས་པ་མ་ཟད། སེམས་ཅན་དང་མི་བར་ལ་རྣམ་དཔྱོད་ཀྱི་ཁྱད་པར་ཡོད་པའི་སྒོ་ནས་འགྲེལ་བརྗོད་བྱས་པ་ཡིན་ན་སློབ་མ་དེ་དག་རིམ་གྱིས་ཡར་རྒྱས་འགྲོ་ཡི་འདུག

༧༽ ཉན་རྩལ་ཆེད་སྦྱོང་བརྡར་གང་མང་བསྐྲུན་དགོས། དེ་ཡང་སློབ་གྲྭ་ཁག་གི་ནང་དུ་མཁས་དབང་། མི་སྣ་གལ་ཆེན། སྙན་གྲགས་ཅན་གྱི་མི་སྣ་སོགས་གདན་འདྲེན་མང་ཙམ་ཞུ་དགོས་པ་དང་། ཁོང་རྣམ་པའི་བཀའ་སློབ་ལམ་སྟོན་གནང་པ་སོགས་ཉན་དུ་བཅུག་ནས་སློབ་མ་རྣམས་ཀྱིས་གང་ཐོས་པ་དེ་དག་ཟིན་བྲིས་བསྐྱོན་དུ་བཅུག་པ་དང་ཟིན་བྲིས་རྣམས་འཛིན་གྲྭའི་ནང་དུ་མི་རེ་ངོ་རེ་ནས་བཀླག་ཏུ་བཅུག་པའི་ཐབས་ཤེས་དེ་བཀོལ་སྤྱོད་བྱེད་ཚེ་ཉན་རྩལ་གོང་འཐོར་འགྲོ་རྒྱུ་གཏན་འཁེལ་རེད།
མདོར་ན། བཀའ་སློབ་དང་། གསར་འགྱུར། དགོད་བྲོའི་གཏམ་གླིང་། གོ་བདེའི་གློག་བརྙན། དྲ་རྒྱ། ཐད་གཏོང་། གདོང་དེབ་སོགས་ལྟ་ཉན་མང་ཙམ་བྱེད་ཚེ་སློབ་ཕྲུག་གི་ཉན་རྩལ་གོང་འཐོར་འགྲོ་བའི་ཞོར་དུ་ཤེས་བྱ་ཡོན་ཏན་ཕུན་སུམ་ཚོགས་པ་ཞིག་རག་ཐུབ། དམིགས་བསལ་གྱི་སོ་སོའི་འཛིན་གྲོགས་ནང་ཁུལ་དང་གཞན་གྱི་གཏམ་དང་སྐད་ཆ་མང་པོ་གོ་དང་ཉན་པ་ཡིན་ན་ལས་དོན་གང་འདྲ་ཞིག་སྒྲུབ་ཀྱང་ལས་སློ་པོར་སྒྲུབ་ཐུབ།