གཞི་རིམ་འོག་མའི་བོད་དགེ། རྡོ་སྦིས་ཟླ་བ་ཚེ་རིང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།

སྔོན་དུ་གླེང་བའི་གཏམ།

ཡོངས་གྲགས་ཀྱིས་སྐད་ཡིག་ནི་མི་རིགས་དེའི་དབུགས་རྔུབ་འབྱིན་བྱེད་ཀྱི་ཚེ་སྲོག་ངོ་མ་དེ་ཡིན་ཟེར་ནས་ཆུང་བྱིས་པ་སྣབས་ལུག་ཡན་ཆད་དང་རྒན་བགྲེས་པོ་མགོ་དཀར་མན་ཆད་ནས་ཁ་རུ་ཡིག་དྲུག་བཞིན་བགྲེང་གི་ཡོད་ནའང། དོན་དངོས་ཀྱིས་དེ་ལྟར་གལ་ཆེན་འགེངས་ཆེན་དུ་སེམས་མེད་པའི་གཟོད་ལྟ་ཞིག་ཡོད་དེ། སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་གི་ཁྲིད་ཆས་དང་བོད་སྐད་ཡིག་འཛིན་གྲྭ་(language class)་སོགས་ཀྱི་ཆ་རྐྱེན་ནི་སྐད་ཡིག་གཞན་པ་ལས་ཧ་ཅང་ཞན་ཅིང་། སློབ་གྲྭ་ཁ་ཤས་ལ་ཁྱོན་ནས་མེད་ཟེར་ཀྱང་ཆོག མ་ཟད་གོང་རིམ་ནས་ཀྱང་སློབ་ཚན་གཞན་པ་ལ་འགྲོ་གྲོན་བཏང་སྟངས་ཤིག་བོད་ཀྱི་སྐད་ཡིག་དང་དེའི་ཁྲིད་ཆས་སམ་ཡོ་བྱད། དེབ་སོགས་ཀྱི་ཐོག་ལ་དེ་བཞིན་གྱི་འགྲོ་གྲོན་བཏང་མ་ཐུབ་པའི་ཚོར་བ་ཞིག་གིས་གཅུན་ནས་ཡོང་གི་འདུག གང་ཡིན་ཟེར་ན། ཁ་སང་དེ་རིང་གི་བོད་སྐད་ཡིག་གི་གནས་སྟངས་ལ་བསམ་བློ་རེ་བཏང་ཚེ་འགོ་སྐད་ཆ་འཆད་སྟངས་ནས་སློབ་གྲྭ་རུ་བསླབ་དགོས་ཙང་བོད་སྐད་ཡིག་ཁྲིད་ཐབས་ཀྱི་ཡོ་བྱད་སོགས་སྐད་ཡིག་གཞན་ལས་མཐུན་རྐྱེན་ཡག་ཏུ་བསྐྲུན་མ་ཐུབ་རུང་། དེ་དག་དང་དོ་མཉམ་པའི་མཐུན་རྐྱེན་ཞིག་གནང་དགོས་པ་ནི་ཐེངས་འདིའི་བསམ་བློ་སྔོན་དུ་སོང་བའོ། །

དང་པོ། བོད་སྐད་ཡིག་གི་ཉན་རྩལ་ཡར་རྒྱས་གཏོང་སྟངས།
སྤྱིར་སྐད་ཡིག་གང་རུང་ཞིག་ཡུན་རུང་དེའི་ཉན་རྩལ་ཡར་རྒྱས་གཏོང་བར་སློབ་གྲྭའི་ཁོར་ཡུག་དང་ཁྱིམ་གྱི་ཁོར་ཡུག་གཉིས་ལ་བརྟེན་དགོས་པ་ཆོས་ཉིད་ཅིག་ཡིན་ནའང་། འུ་ཚང་གི་ཚོགས་སྤྱི་འདིས་སློབ་གྲྭའི་ཁོར་ཡུག་གཅིག་པོར་བརྟེན་པ་ལས་ཁྱིམ་གྱི་ཁོར་ཡུག་དེ་སྣང་མེད་དང་དོན་མེད་དུ་སོམས་པའི་སྲོལ་ཞིག་འདུག་སྟེ། ཕ་མ་དང་སྤུན་གཉེར་ནས་བཟུང་སྟེ་འགོ་སྐད་ཆ་(ར་མ་ལུག་གི་སྐད་)འཆད་སྟངས། ལྟད་མོ་(ཧིན་དྷི། དབྱིན་ཇི། རྒྱ་སྐད། )གཟིགས་སྟངས་སོགས་ནི་ཕྲུ་གུས་བོད་སྐད་ཡིག་གི་ཉན་རྩལ་ཡར་རྒྱས་གཏོང་བར་བཟློག་ཕྱོགས་རྐྱང་རྐྱང་དུ་ལངས་ཡོད་པ་འདི་རེད། འདི་འདྲའི་ཁོར་ཡུག་ཅིག་གི་ནང་དུ་བོད་སྐད་ཡིག་གི་ཉན་རྩལ་ཡར་རྒྱས་གཏང་རྒྱུ་ཟེར་ན་ཅུང་ཙམ་འུར་ཚ་བོ་མི་འདུག་གམ། གཅིག་བྱས་ན། ཁོང་ཚོས་རེ་བ་ཡོད་ཚད་སློབ་གྲྭའི་ཁོར་ཡུག་ལ་བཅོལ་ཡོད་སྲིད་མོད། འོན་ཏེ་བོད་ཀྱི་སྐད་ཡིག་ལ་བསམ་བློ་བཏང་ནས་བཤད་ཚེ་སློབ་གྲྭའི་ཁོར་ཡུག་ཀྱང་དེ་ག་རང་ལས་མ་འདས། ཅིའི་ཕྱིར་ཟེར་ན། འཚོ་བའི་དགོས་མཁོའི་དབང་གིས་སློབ་གྲྭ་མང་ཆེ་བ་རུ་བོད་ཀྱི་སྐད་ཡིག་གཅིག་པོ་མ་གཏོགས་སློབ་ཚན་(འཛིན་རིམ་དགུ་བ་ཡར་འདབ་ཀྱི་ཨང་རྩིས་དང་ཚན་རིག་སོགས། )གཞན་དག་དབྱིན་ཇིའི་བརྒྱུད་ལམ་ཡིན་པས་སོ། ཡང་གཅིག་བཤད་ན། ལག་པའི་ལྡོག་སྒྲ་གྲག་པར་ལག་ཟུང་གཉིས་ཀ་དགོས་པ་ལྟར་ཉན་རྩལ་ཡར་རྒྱས་གཏོང་བར་སློབ་གྲྭ་དང་ཁྱིམ་གྱི་ཁོར་ཡུག་གཉིས་ཟུང་འབྲེལ་བྱས་ཏེ་ཕྲུ་གུའི་ཉན་རྩལ་ཡར་རྒྱས་གཏང་དགོས་པ་རེད་མ་གཏོགས། སློབ་གྲྭ་ཁོ་ནར་རེ་བ་བཅིང་བ་ནི་རེ་བ་ཆིག་རྐྱང་ཅན་དང་ཆ་མ་ཚང་བའི་སློབ་གསོ་དེ་རེད། མ་གཞི་ནས་སློབ་གྲྭ་ནི་ཕྲུ་གུའི་ཤེས་ཡོན་བསླབ་ས་དེ་དང་ནང་ཁྱིམ་ནི་ཕྲུ་གུས་སློབ་གྲྭ་ནས་གང་བསླབ་པ་དེ་སྦྱོང་བརྡར་བྱེད་སའི་གང་སྟེགས་ཀྱི་ཁོར་ཡུག་གཙོ་བོ་དེ་ཡིན་པའི་ན། ཁྱིམ་གྱི་ཁོར་ཡུག་དང་སློབ་གྲྭའི་ཁོར་ཡུག་གཉིས་ཕྱར་གྲུ་མཉམ་འདེགས་ཀྱི་ཚུལ་དུ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་ལས་ཁུར་ཞིག་ཡིན་པས། གཤམ་དུ་བདག་གིས་དེ་ཕྱོགས་ཀྱིས་ཕྲུ་གུའི་ཉན་རྩལ་ཡར་རྒྱས་གཏོང་ཐབས་སུ་བསམ་ཚུལ་ཙམ་འབྲི་བར་བྱའོ། །

༡ ཁྱིམ་གྱི་ཕ་མས་རང་གི་ཕྲུ་གུའི་བོད་སྐད་ཡིག་གི་ཉལ་རྩལ་ཡར་རྒྱས་ཡོང་ཆེད་བོད་སྐད་གཙང་མ་དང་ངག་འཇམ་ཤ་ཚའི་ཐོག་ནས་བཀའ་མོལ་གནང་སྟེ་ཕྲུ་གུའི་རྣ་དབང་ལ་ཉན་རྩལ་གྱི་ས་བོན་གཙང་མ་ཐོག་མར་འདེབས་དགོས། གང་ཡིན་ཟེར་ན། ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོའམ་ཕྲུ་གུ་དང་མཉམ་གཤིབ་ཀྱི་དུས་ཚོད་རང་ཤོས་དེ་ཡིན་པའི་ན། ཕ་མའི་བཀའ་མོལ་གནང་སྟངས་དང་འགྲོ་འདུག་སྥྱོད་གསུམ་གང་ཡིན་པ་དེ་ཕྲུ་གུའི་སེམས་ལ་འཇགས་སླ་བར་མ་ཟད། དེ་བཞིན་གྱིས་ལད་ཟློས་གནང་རྒྱུ་ནི་ཆོས་ཉིད་ཅིག་ཡིན་པས། ཕ་མས་རང་གི་ཕྲུ་གུའི་བོད་སྐད་ཡིག་གི་ཉལ་རྩལ་ཡར་རྒྱས་ཡོང་ཆེད་རང་ཉིད་ཀྱི་སྣང་བ་གང་ཤར་དང་དགའ་ཕྱོགས་མོས་ཕྱོགས་བློས་བཏང་གིས་ཕ་མ་བཟང་བོ་ཞིག་གི་མིག་དཔེ་སྟོན་རྒྱུ་ནི་ཁྱེད་རང་ཕ་མ་ཞིག་ཡིན་པའི་ལས་འགན་ཡིན་ནོ། ། ཡང་གཅིག་བཤད་ན། འུ་ཚང་གི་ཕ་མ་ཚོས་རེ་བ་ཆེན་པོ་ཞིག་བཅིང་ཡོད་ནའང་། དེ་ཚོད་ཀྱིས་བློས་བཏང་(དུས་ཚོད། སྤྲོ་སྐྱིད་ཀྱི་དུས་ཚོད། འགྲོ་གྲོན། )ཅི་ཡང་མི་བྱ་བར་རེ་བའི་འབྲས་བུ་སྨིན་པར་ངང་སྒུག་བྱེད་པ་ནི་ཡང་དག་པའི་ཕ་མ་ཞིག་གི་བསམ་བློ་མ་སྨིན་པའི་ཏན་རྟགས་རེད་དོ། །
༢ ཕ་མས་རང་གི་ཕྲུ་གུའི་ཉལ་རྩལ་ཡར་རྒྱས་ཡོང་བར་གནའ་སྒྲུང་འཆད་པ་དང་དོན་སྙིང་ལྡན་པའི་ཁ་བའི་མི་སྣའི་ལོ་རྒྱུས་འཆད་པ། བྱིས་སྒྲུང་ཀློག་པ་སོགས་བྱས་ཏེ་ཕྲུ་གུའི་རྣ་ཟུང་ལ་བོད་སྐད་ཡིག་གི་ས་བོན་འདེབས་དགོས། གནང་སྟངས་དེ་ཡང་ཕྲུ་གུ་མ་ཉན་སྔོན་གྱི་སྐར་མ་༡༠ནས༡༥བར་གྱི་དུས་ཚོད་དེ་ཕྲུ་གུ་ཉལ་ཁྲིའི་སྒང་དུ་གན་རྐྱལ་དུ་ཉལ་ནས་ལབ་དགོས། (སྔོན་འགྲོ་དང་གཞི་རིམ་འོག་མ། གཞི་རིམ་བར་མའི་སློབ་ཕྲུག་ཚོར་གནང་བ་ཡིན་ན་ཡག་ཤོས་རེད། ) གང་ཡིན་ཟེར་ན། ཕྲུ་གུ་གཉིད་ཁུག་སྐབས་ཀྱི་ཤེས་པ་ཕྲ་མོ་དེ་སང་ཉིན་བར་དུ་རྒྱུན་སྲིང་ཐུབ་པའི་ཡིན།
༣ ཕ་མས་ཕྲུ་གུའི་མདུན་དུ་བོད་སྐད་ཀྱི་གློག་བརྙན་སྟོན་པ་དང་བོད་གཞས་བཏང་བ། བོད་སྐད་ཀྱི་གསར་འགྱུར་སྟོན་པ་སོགས་བྱས་ཏེ་ཕྲུ་གུའི་རྣ་ཟུང་ལ་བོད་སྐད་ཡིག་གི་ཁོར་ཡུག་ཡག་པོ་བསྐྲུན་དགོས། གང་ཡིན་ཟེར་ན། ཐབས་ལམ་འདི་དག་ནི་ཕྲུ་གུའི་སེམས་སུ་སྦྱངས་དགོས་བསམ་པའི་སེམས་ཀྱི་དཀའ་ངལ་མེད་པར་མ་ཟད། མདུན་པ་སྐྱེས་སླ་ཞིང་སྦྱངས་སླ་བའི་ཉན་རྩལ་ཡར་རྒྱས་གཏོང་སྟངས་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན་པས་ཕ་མ་ཚོས་ངེས་པར་དུ་ཕྱག་བསྟར་གནང་གལ་ཆེའོ། །
༤ སློབ་གྲྭ་ནས་དགེ་རྒན་ཚོས་ཉན་འབྲི་ཡི་བྱེད་སྒོ་མང་པོ་སྤེལ་དགོས་པ། དཔེར་ན། དགེ་རྒན་ཚོས་ཚིག་གསར་དང་བརྗོད་པ་ཐུང་ངུ། མཁས་པའི་ལེགས་བཤད་སོགས་ལྗགས་ཀློག་གནང་སྟེ་ཕྲུ་གུར་དེ་འབྲི་རུ་བཅུག་དགོས་པ། གང་ཡིན་ཟེར་ན། བྱེད་ཐབས་འདིས་ཕྲུ་གུའི་རྣ་དབང་ཕྲ་མོ་རེ་རེར་འགུལ་སྤྱོད་ཀྱི་ནུས་ཤུགས་སྦྱིན་པའི་ཐབས་ལམ་ཡག་ཤོས་དེ་ཡིན་པས་སོ། །
༥ དགེ་རྒན་ཚོས་སློབ་ཕྲུག་ལ་འཚམ་པའི་སྒྲུང་ཐུང་དང་དེའི་སྦྱོང་ཚན་རྣམས་སྒྲ་འཇུག་བྱས་རྗེས། བོད་སྐད་ཡིག་གི་འཛིན་གྲྭ་(language class)བེད་སྤྱད་དེ་ཕྲུ་གུར་སྒྲུང་ཐུང་གི་སྒྲ་འཇུག་དེ་ཉན་དུ་བཅུག་པ་དང་དེའི་རྗེས་སྦྱོང་ཚན་དང་དྲིས་ལན་འགྲིག་མིན་ལ་རྟགས་རྒྱག་ཏུ་བཅུག་པ།
༦ འཛམ་གླིང་གི་མཁས་པ་དང་ཚན་རིག་པ་སོགས་ཀྱི་དཀའ་ལས་རྒྱག་སྟངས་ཀྱི་ལོ་རྒྱུས་ཐུང་ཐུང་སྒྲ་འཇུག་དང་སྦྱོང་ཚན་བཟོས་ཏེ་དེ་ཕྲུ་གུར་ཉན་དུ་བཅུག་རྗེས་འགྲིག་མིན་གྱི་རྟགས་རྒྱག་གི་བཅུག་པའམ་། འཆད་དུ་བཅུག་པ།
༧ དགེ་རྒན་གྱིས་སློབ་ཕྲུག་གི་མོས་བ་དང་བསྟུན་ཏེ་སྒྲུང་ཐུང་གདམས་སྒྲིག་གིས་འཛིན་ཁང་དུ་སྒྲུང་ཐུང་འཆད་རྗེས་སྒྲུང་དེ་ལ་དྲི་བ་དྲིས་ལན་བརྒྱུད་དེ་སློབ་ཕྲུག་གི་རྣ་དབང་ལ་དྲན་པའི་སྐུལ་ལྕག་གཏོང་དགོས།
༨ བོད་སྐད་ཡིག་གི་འཛིན་གྲྭ་བེད་སྤྱད་དེ་སྒྲུང་ཐུང་ཞིག་ལ་ཉན་བཅུག་རྗེས་སློབ་ཕྲུག་ཚོས་གང་གོ་བ་དེ་ཡིག་ཐོག་ཏུ་འབྲི་རུ་བཅུག་དགོས།
གང་ལྟར་ཉན་ཤེས་ན་སྦྱངས་ཤེས་ཟེར་བའི་བོད་ཀྱི་ཁ་དཔེ་བཞིན་སྐད་ཡིག་སྦྱངས་ཐབས་ཀྱི་རྩལ་བཞི་ལས་ཉན་རྩལ་འདི་གལ་ཆེན་པོ་ཞིག་ཡིན་པ་སྲིད་པའི་འབེབས་གཏམ་དུ་བསྟན་འདུག་པའི་ན། ཁྱིམ་ཚང་དང་སློབ་གྲྭ་གཉིས་ཕྱར་གྲི་མཉམ་འདེགས་ཀྱིས་སློབ་ཕྲུག་གི་ཉན་རྩལ་ཡར་རྒྱས་དང་ཇེ་ཕྱུག་ཏུ་གཏོང་རྒྱུ་ནི་ནམ་ལངས་ཉི་ཤར་གྱི་དཔེ་རེད་མོད། འོན་ཀྱང་དེ་ལའང་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡོད་པ་ཇི་བཞིན་གཤམ་དུ་དེའི་ཆ་རྐྱེན་ནས་གླེང་བར་བྱའོ། །

གཉིས་པ། སློབ་ཕྲུག་གི་ཉན་རྩལ་ཡར་རྒྱས་གཏང་བར་ཚང་དགོས་པའི་ཆ་རྐྱེན།
༡ ཕ་མ་ཚོས་དོ་བདག་གི་སྤྲོ་སྐྱིད་ཀྱི་ཆུ་ཚོད་གང་མང་ཞིག་བློས་བཏང་སྟེ་བུ་ཕྲུག་གི་ཉན་རྩལ་ལ་དོ་སྣང་ངམ་ཁོར་ཡུག་བསྐྲུན་དགོས།
༢ ཕ་མ་ཚོས་ཕྲུ་གུའི་མདུན་དུ་བོད་སྐད་གཙང་མ་བསྐྱོན་པ་དང་བོད་སྐད་བརྙན་འཕྲིན་ལ་ལྟ་དགོས།
༣ ཕ་མ་ཚོས་ཕྲུ་གུ་ཚོ་བོད་སྐད་བགྲོ་གླེང་བྱེད་ས་དང་བོད་ཀྱི་འདུ་འཛོམས་བྱེད་ས་རུ་འཁྲིད་དགོས།
༤ སློབ་གྲྭ་རུ་བོད་སྐད་ཡིག་འཛིན་གྲྭ་ཞིག་(དེང་རབས་ཀྱི་སློབ་ཁྲིད་ཁྲིད་ཆས་ལྡན་པའི་)དམིགས་བསལ་གྱི་འཛིན་གྲྭ་ཞིག་གོ་སྒྲིག་གནང་དགོས།
༥ སློབ་གྲྭ་རུ་བོད་སྐད་ཡིག་དགེ་རྒན་གྱི་ལས་རོགས་ཤིག་གོ་སྒྲིག་གནང་དགོས། (ལས་རོགས་ཀྱིས་ནང་ལས་ལ་ལྟ་རྟོག་དང་ཡིག་ཆ་འཚོལ་སྒྲུབ། རྩལ་བཞི་ལས་གང་རུང་ཞིག་ལ་ལས་འགན་གནང་དགོས། )
༦ སློབ་གྲྭ་རུ་བོད་སྐད་ཡིག་ཉན་རྩལ་གྱི་སྡིངས་ཆ་གང་མང་གོ་སྒྲིག་གནང་དགོས། (དཔེར་ན། ཉན་འབྲི་ལྟ་བུའོ། )
༨ སློབ་གྲྭ་ནས་སློབ་ཕྲུག་དང་འཚམ་པའི་བོད་སྐད་ཡིག་གི་བྱིས་སྒྲུང་སྒྲ་འཇུག་གང་མང་བྱས་ཏེ་བེད་སྤྱོད་གཏང་དགོས། (དཔེར་ན། སློབ་གྲྭས་བདུན་གཅིག་ལ་ཚོགས་ཐེངས་ཤིག་བེད་སྤྱད་དེ་སློབ་ཕྲུག་ཡོངས་རྗོགས་མཉམ་འཛོམས་ཀྱིས་སྒྲུང་ཐུང་ཞིག་ལ་ཉན་པའི་བྱེད་སྒོ་སྤེལ་དགོས། )
༩ སློབ་གྲྭ་རུ་བོད་སྐད་ཡིག་ཉན་རྩལ་ཉིན་མོ་ཞེས་པའི་ཉི་མ་ཞིག་ཆེད་དུ་ལས་འགུལ་སྤེལ་དགོས། (དཔེར་ན། ཉན་རྩལ་སྐོར་གྱི་བྱེད་སྒོ་སྣ་ཚོགས་ཏེ་ཉན་རྩལ་འགྲན་བསྡུར། ཉན་རྩལ་སྦྱོང་བརྡར། ཉན་རྩལ་རྩེད་མོ། ལྟ་བུའོ། )

གསུམ་པ། བསམ་ཚུལ་དང་འབྲེལ་ནས་རྩོམ་མཇུག་བསྡུ་བ།
སྤྱིར་མི་རིགས་གང་ཞིག་ཡིན་རུང་དེའི་ཆབ་དཔའ་རིག་གསུམ་གྱི་མངའ་ཐང་ནི་མི་རིགས་དེའི་སློབ་གསོ་ལ་རག་ལས་ཤིང་། སློབ་གསོ་དེ་ཡང་ཁ་ཐུག་གིས་སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་ལ་རག་ལས་ཡོད་པ་མ་ཟད། སློབ་གྲྭའི་སློབ་གསོ་ཡི་ཁ་ཕྱོགས་དེ་ཡང་ཐད་ཀར་སློབ་གྲྭའི་དགེ་རྒན་གྱི་ཤེས་འཇོན་ནུས་གསུམ་ལ་རག་ལས་ཡོད་པ་སྨྲོས་མོས་ཤིག་ཡིན་པས། དགེ་རྒན་ཇི་ལྟར་ཤེས་འཇོན་ཅན་ཞིག་དང་བསམ་བློ་ཅན་ཞིག་ཡིན་ཚེ་དེས་བསྐྱངས་པའི་སློབ་ཕྲུག་ཚོ་དེ་ལྟར་དུ་ཡོང་རྒྱུ་ནི་གདོན་མི་ཟ་མོད། འོན་ཏེ་ཁ་སང་དེ་རིང་གི་དགེ་རྒན་ཚོ་ནི་ཀློག་དེབ་འོག་ཏུ་བསྡད་དེ་སློབ་ཁྲིད་གནང་མཁན་ཞིག་མ་གཏོགས་ཀློག་དེབ་སྒང་དུ་བཞུགས་ཏེ་སློབ་ཁྲིད་གནང་མཁན་ཞིག་དང་འཆར་འགོད་གནང་མཁན་གྱི་དགེ་རྒན་ནི་ཉི་མའི་སྐར་མ་ལྟར་དཀོན་པའི་ན་བོད་ཀྱི་ཤེས་ཡོན་གནས་སྟངས་སྐྱོ་བོ་འདི་དང་དགེ་རྒན་ཚོར་ངུ་སྐད་ཤོར་བའི་དུས་ཚོད་འདི་བསླེབས་པ་རེད། ད་དུང་ཁ་ནས་སློབ་ཕྲུག་ག་གེ་མོ་དེ་ལ་ཉན་རྩལ་མི་འདུག་དང་སློབ་ཕྲུག་ག་གེ་མོ་དེ་ལ་ཀློག་རྩལ་མི་འདུག་ཟེར་བ་མ་གཏོགས་དེ་དག་ལ་ཕན་པའི་ཐབས་ལམ་ཅི་ཞིག་གནང་ཡོད་དམ། ཀློག་དེབ་གཅིག་པོ་མ་གཏོགས་གཞན་ཅི་ཞིག་བསྒྲུབ་ཡོད་དམ། འདི་དག་ལ་བསམ་བློ་རེ་བཏང་ཚེ་འུ་ཚོར་དགེ་རྒན་ཞེས་པའི་གསེར་སྲང་ལས་གྲུབ་པའི་ཐ་སྙད་གསོན་པོ་འདི་འདེགས་དཀའ་བར་མཐོང་ངོ། ། རྒྱུ་མཚན་དེ་བས་ཉི་མ་དེ་རིང་ནས་བཟུང་སྟེ་རང་ཉིད་རང་ལ་འགྱུར་བཅོས་ཀྱིས་ཀུན་པོས་བཀུར་བའི་དགེ་རྒན་ཡག་པོ་ཞིག་བྱ་རྒྱུ་ནི་ཐེངས་འདིའི་མཇུག་གཏམ་གྱི་སྐད་ཆའོ། །