ལྟ་གྲུབ་དགེ་རྒན་བྱམས་པ་འཕྲིན་ལས། མ་སུ་རི་སཾ་བྷོ་ཊ་སློབ་གྲྭ།

ང་རང་ལོ་ ༡༡ ལ་སོན་རེག་པར་ཕ་ཡུལ་ནས་ལུག་རྫི་བྱས་ཤིང་། དེ་དུས་ནས་ང་ནི་དཔེ་ཀློག་ལ་ཧ་ཅང་དགའ་བའི་ལུག་རྫི་ཞིག་ཡིན། ཕལ་ཆེར་ལོ་དྲུག་བདུན་ཞིག་ནས་བཟུང་ང་རང་བོད་ཡིག་ཀློག་པ་ལ་ཐོགས་པ་མེད། དེ་ནི་པ་ལགས་ཁོ་ནའི་སྐུ་དྲིན་རེད། ཕ་ཡུལ་གྱི་རི་ལུང་ཐང་གསུམ་ནི་རྫི་བོ་ཆུང་ཆུང་ངའི་དཔེ་ཀློག་གི་རང་བྱུང་སློབ་གྲྭ་དེ་ཡིན་ཟེར་ཆོག བདག་གི་ལུག་ཁྱུ་འཚོ་ཞོར་གྱི་འགྲོ་ས་དང་སྡོད་ས་དག་ཏུ་དཔེ་དེབ་རེ་བདག་གི་གྲོགས་སུ་ཡོད་ཡོད་ཡིན། འདི་ནི་ངའི་མི་ཚེ་ནང་སྙིང་དུ་སྡུག་ཤོས་ཀྱི་དུས་སྐབས་ཤིག་རེད།
ལོ་རབས་བརྒྱད་ཅུ་བའི་ནང་དེ་འདྲར། ང་ལ་འབད་མེད་ལྷུན་གྲུབ་ལྟ་བུར་དཔེ་དེབ་དེ་དག་གང་ལས་རེག་ཚུལ་ནི། བདག་གིས་ཆེས་བརྗོད་འདོད་པ་དེ་ཡིན་ལ། འདི་ནས་ཁྱེད་ཚོས་བདག་གི་པ་ལགས་ནི་ཆེས་རླབས་ཆེ་བའི་ཨ་ཕ་ཞིག་ཡིན་པར་ཤེས་ཐུབ་པར་རེ་བ་བྱེད་ཀྱི་ཡིན། རང་ཉིད་ལ་མཚོན་ན། ཐེངས་དང་པོའི་མི་ཚེའི་ལམ་སྟོན་གྱི་སྒྲོན་མེ་ཉག་གཅིག་ནི་ངའི་པ་ལགས་ཡིན། ཁོང་ནི་འོད་ལམ་ལམ་ངང་ངའི་སེམས་སུ་ནམ་ཡང་གཟིམས་མི་སྲིད་པར་བཞུགས་ཡོད།
ཨ་ཕའི་མཆོད་བཤམ་ཀྱི་སྒམ་གཉིས་ནང་ན། རྗེ་བཙུན་མི་ལ་དང་། རྗེ་ཞབས་དཀར་བ་སོགས་དམ་པ་གོང་མའི་རྣམ་ཐར་འདྲ་མིན་ཡོད་ལ། གཞན་ཡང་ཆོས་འབྱུང་། ལམ་རིམ། ལེགས་བཤད། གླིང་སྒྲུང་བཅས་ཀྱི་དཔེ་དེབ་རྩ་ཆེ་བ་ཤིན་ཏུ་མང་པོ་ཡོད། དེ་དག་རེ་རེ་ནི། ཨ་ཕས་ང་ལ་གནང་བའི་བྱིན་རླབས་ཀྱི་འོད་ཟེར་རེ་རེ་ཡིན། དེ་དག་ལས་བདག་གིས་མུན་སེལ་གྱི་སྣང་བ་ཅི་བས་མང་བ་འཐུང་མྱོང་། འདི་ནས་ངའི་པ་ལགས་ནི། འདི་ལྟར་འཇིག་རྟེན་གྱི་ཕ་མ་སུ་ལས་ཀྱང་ལྷག་པར་བཀའ་དྲིན་ཆེ་བ་ཞིག་ཡིན་པ་ད་ལྟ་སེམས་ལ་ཡང་ཡང་འཁོར་གྱིན་འདུག
དེ་དུས་ཀྱི་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན་ཨ་ཕའི་དཔེ་སྒམ་དེ་ནི་མི་སྒེར་གྱི་ཉར་བའི་དཔེ་མཛོད་ཁང་ཆུང་ངུ་ཞིག་རེད་ཟེར་ན་མི་འགྲིག་པ་ཆེར་མེད། ཨ་ཕས་ནི་ལྷ་ཡི་ཕོ་ཉ་ཞིག་དང་འདྲ་པར་བདག་ལ་དཔེ་མཛོད་དེ་འདྲ་ཞིག་གི་དངོས་གྲུབ་གནང་བ་རེད། དཔེ་དེབ་དེ་དག་གིས། རྫི་བོ་ཆུང་ཆུང་ངའི་དབྱར་དགུན་གྱི་ཉི་མ་བསྐྱལ་རོགས་དང་། དཀའ་ངལ་གྱི་འདུ་ཤེས་མང་པོ་སེལ་རོགས་བྱས་པར་མ་ཟད། ཁོ་བོས་མི་ཚེ་དང་ཕྱི་མའི་ལམ་བུ་ལ་ཡང་ཤིན་ཏུ་འོད་སྣང་ལྡན་པར་བྱས་ཡོད། འདི་ལྟར་ཨ་ཕས་བདག་གི་ལམ་བུ་དེ་འོད་སྣང་དཀར་པོའི་ལམ་ཞིག་ཏུ་བཟོས་པ་རེད།
ཆུང་དུས་དེར་ཡང་ངས་ནི་རང་རེ་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་དང་རྣམ་ཐར་གཞན་སོགས་བཀླགས་པ་ཡིན། དེ་དག་གི་རྗོད་བྱ་དག་ལ་དངོས་ཡོད་ཀྱི་ཡིད་ཆེས་བྱས་པ་མང་དྲག་པས་ཡིན་ནམ། ཧ་ཅང་ཟེར་བའི་བདུད་མོ་དང་། ཨ་མཆོད་ཧ་རི། ཨ་ནེ་སྙིད་མོ་དང་། རིགས་ངན་བུ་མོ། རུ་ནང་དཔོན་པོ་གྲགས་པ་བསམ་འགྲུབ། རྗེ་བཙུན་མི་ལའི་ཨ་ཞང་དང་ཨ་ནེ་སོགས་བྱ་སྤྱོད་མི་ལེགས་པའི་མི་དེ་ཚོར་ང་རང་ཞེན་པ་གཏིང་ནས་ལོག་ཏེ། ཡང་ཡང་འཚིག་པ་ཟ་བ་སོགས་ཀྱང་བྱས་མྱོང་།
གསོན་ཉམས་འབར་བའི་གཏམ་རྒྱུད་དེ་དག་གི་ཁྲོད་དུ། ངས་ནི་དབྱར་ཆར་ཆུས་སྦངས་པ་དང་། དགུན་ཙག་རླུང་གིས་འཁྱགས་པ་སོགས་ལུག་རྫི་ཞིག་གི་དངོས་སུ་མྱོང་ཞིང་བརྒྱུད་དགོས་པའི་དུས་བཞིའི་ངོ་གདོང་དང་། གནམ་གཤིས་སོགས་ཕྱི་ཡི་འགྱུར་བ་དག་ལའང་། དེ་ཙམ་དོ་སྣང་བྱེད་རྒྱུ་བྱུང་མེད།
ལྷ་གླིང་གི་རྟོགས་བརྗོད་རིང་མོ་སྟེ«གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་། »གི་བརྗོད་བྱ་རྣམས་ནི། བདག་གི་སེམས་ནང་གི་ངོ་མཚར་བཀྲ་བའི་འཇིག་རྟེན་ཆེ་ཤོས་དེ་ཡིན། འཇིག་རྟེན་དེའི་ནང་། ངས་ནི་རང་གི་འཆར་ཡན་སྣ་ཚོགས་དང་འགྲོག་ནས་སྤྲོ་འཆམ་མང་དུ་ཕྱིན་མྱོང་། དེའི་ནང་གི་མི་སྡེའི་སྤྱི་ཚོགས་ཙམ་མ་ཡིན་པར་དྲི་མ་མེད་པའི་ལྷ་ཀླུ་གཉན་གསུམ་གྱི་དཔུང་སྡེ་བཙན་པོ་རེ་རེ་ལ་ཡང་། ང་རང་འདྲིས་ཤིང་དུང་བའི་འདུ་ཤེས་ཤུགས་དྲག་རྙེད་བྱུང་།
ངའི་སེམས་སུ་རྟག་ཏུ་ལྷ་ཚོགས་ཀྱི་འཛུམ་མདངས་མཐོང་ཞིང་། ལྷ་ཀླུ་གཉན་དམག་གི་དཔུང་སྟོབས་དང་། ལྷག་པར་མ་ཨ་ནེ་གནམ་སྨན་དཀར་མོས་བསླུ་མེད་ཚངས་ཐིག་ལྟ་བུའི་ལུང་བསྟན་བཅས་ཏེ། མགོན་སྐྱབས་གནང་སྟངས་དེས། བདག་ལ་དཀོན་མཆོག་གི་ཞིང་ནི། བསླུ་བ་མེད་པར་མིག་མཐོང་ལག་ཟིན་ལྟ་བུའི་དངོས་ཡོད་ཅིག་ཡིན་པར་ཡིད་ཆེས་ཡང་རྙེད་དུ་བཅུག།
གླིང་གི་དཔའ་རྟུལ་བརྒྱད་ཅུ་དང་། དམིགས་བསལ་ཡང་ཐུལ་དམ་པའི་མི་བདུན། ཞེ་ཐུལ་ཁྲ་གླག་སྤྱང་གསུམ་སོགས་དཔའ་བོའི་མཛད་རྣམ་ཅན་གྱི་དཔེ་ཚོགས་དེ་དག་ནི། བདག་གིས་ཆེས་བཀླག་སྙིང་བྲོ་ལ་སུན་སྣང་གཏན་ནས་མེད་པའི་དཔེ་དེབ་འབའ་ཞིག་ཡིན།
དཔའ་བོའི་གཏམ་རྒྱུད་དེ་དག་ནི་འཛམ་གླིང་རྒྱལ་ཕྱི་ནང་དང་། མི་སྡེ་གཞན་སུ་ལ་ཡང་ཡོད་མ་མྱོང་བའི་མུ་འབྲེལ་སྒྲུང་གཏམ་རིང་ཤོས་དེ་ཆགས་ཡོད། ང་ནི་ཆུང་ཆུང་ནས་ཨ་ཕས་དྲིན་གྱིས། རྩམ་མར་གྱི་དྲི་ཞིམ་འཐུལ་ཞིང་ཤིན་ཏུ་རྩ་ཆེ་བའི་རང་རེ་བོད་ཆོས་ལྡན་པའི་རིག་གཞུང་གི་བང་མཛོད་དེ་དག་ནང་སྐྱིད་ཉལ་བྱས་ཏེ་སྡོད་རྒྱུ་བྱུང་བ་ནི། བསམ་གཞིག་ཁྲོད་ཀྱི་ཕྱིར་དྲན་ཞིམ་པོ་ཞིག་རེད།
གླིང་གི་དཔའ་རྟུལ་དང་ཕུ་ནུ་དེ་དག་ལ་ང་རང་ནང་མི་དངོས་ཀྱི་འདུ་ཤེས་ཆགས་པས། གཡུལ་འགྱེད་སོགས་ཀྱི་ཁྲོད་གླིང་གི་དཔའ་བོ་རེ་རེའི་གཅེས་སྲོག་ཤོར་བའམ་སྐུ་གཤེགས་པའི་གནས་སྟངས་རེ་བྱུང་དུས། རང་གི་ཕུ་ནུ་མིང་སྲིང་རེ་དགྲ་ལག་ཏུ་ཤོར་བ་དང་འདྲ་བའི་སྡུག་བསྔལ་དག་ནི་ང་ལ་ཤུགས་ཆེར་འབྱུང་གི་ཡོད། དེ་དུས་ཀྱི་ངའི་སེམས་པ་ཡོངས་རྫོགས་དཔེ་དེབ་དེ་དག་གི་བརྗོད་བྱའི་འཇིག་རྟེན་དག་ཏུ་ཐིམ་པའི་མྱོང་བ་ཆ་ཚང་བ་ཞིག་ནི་བྲིས་ན་རྫོགས་མཐའ་མེད་པ་ཞིག་རེད།
དེ་སྐབས་སུ་ཤེས་ཡོན་འཕེལ་རྒྱས་ཀྱི་རྒྱབ་ལྗོངས་ལྟ་བུའི་བསམ་བློ་ལྟ་བུ། གང་ཡང་གཏོང་ཤེས་མེད་ཀྱང་། གང་ལྟར་དཔེ་དེབ་དེ་དག་རེ་རེའི་སྟེང་ན། ང་ལ་རྩ་ཆེ་བའི་ནོར་བུ་རེ་རེའི་ཞེ་འདང་ཡོད། ང་རང་གི་མི་ཚེ་ཧྲིལ་བོར་དཔེ་དེབ་འདྲ་མིན་རེ་མ་ཀློག་པར་སྡོད་ཐུབ་ཀྱི་མེད་པའི་གོམས་གཤིས་བཟང་པོ་ཞིག་ཡོད་པ་འདི་ཡང་། པ་ལགས་དང་། པ་ལགས་ཀྱིས་ཉར་བའི་དཔེ་དེབ་དེ་དག་དང་འབྲེལ་བ་ཤུགས་ཆེ་ཡོད་པ་ནི་ཤིན་ཏུ་གསལ་བོ་རེད། ངས་ནི་ཅི་ལྟར་བསམ་ནའང་། ངའི་པ་ལགས་ཀྱི་བཀའ་དྲིན་ནི། ཡི་གེ་ཙམ་གྱི་ལམ་ནས་བརྗོད་ཐུབ་པ་ཞིག་གཏན་ནས་རེད་མི་འདུག
ཆུང་དུས་དེར། ལུག་ཁྱུ་དག་རི་ཐང་དང་ལ་ལུང་ཀུན་ཏུ་དེད་དེ། ཕྱི་དྲོའི་རི་འགོའི་གྲིབ་ཡོར་མ་ལྷུང་བར་ནང་དུ་སླེབས་ཐུབ་ཀྱི་མེད་མོད། གོང་དུ་བཤད་པ་བཞིན། གེ་སར་རྟོགས་སྒྲུང་རིང་མོ་གཙོས་པའི་དཔེ་དེབ་དེ་དག་གང་རུང་གིས་ང་ལ་ཉིན་གང་བོར་སུན་སྣང་མི་སླེབས་པའི་སྡོད་རོགས་ཡག་ཤོས་བྱེད་ཀྱི་ཡོད། སྤྱིར་ན་དཔེ་དེབ་ཀློག་དགོས་པར་ཨ་ཕས་སྐུལ་མ་གཏོང་གི་ཡོད་ཀྱང་། ལུག་ཁྱུ་འཚོ་ཞོར་དུ་དེབ་ལ་ལྟ་བར་ཨ་ཕས་དེ་ཙམ་མོས་མཐུན་གནང་གི་མེད། དེ་ནི་ལུག་རྣམས་སྤྱང་གིས་གསོད་སྲིད་པ་དང་། བོར་བརླགས་སུ་འགྲོ་བར་དོགས་པ་རེད།
དེའི་ཕྱིར་ཉིན་རེར་ཞོགས་པར་ལུག་རྫིར་འགྲོ་ཁར་ངས་ནི། ཉིན་གང་ལ་ལྟོགས་མི་ཡོང་བའི་ཟ་མ་བརྒྱག་ཚད་ཟས་རྗེས། གེ་སར་སྒྲུང་ཞིག་གམ་དེབ་ཅིག་ཨ་ཕས་མ་ཤེས་པར་བྱས་ཏེ། མཆོད་སྒམ་ལས་རྐུན་མ་རྒྱག་པ་ལྟ་བུར་ངེས་པར་འཁྱེར་ཐུབ་པ་བྱེད་ཀྱིན་ཡོད། ད་ལྟའི་དཔེ་ཀློག་ལ་མི་སྤྲོ་བའི་མི་རྣམས་མཐོང་དུས། ངས་ནི་རང་ཉིད་དེ་ལྟར་བཀག་ན་མི་ཁོག་པའི་དཔེ་ཀློག་པ་ཞིག་ཏུ་ཇི་ལྟར་གྱུར་པའི་བརྒྱུད་རིམ་དེ་ལ། ཡང་ཡང་ངོ་མཚར་ལྡན་པའི་ཡི་རིང་སླེབས་ཡོང་གིན་འདུག
སྨན་གཞུང་བཻཊྱ་སྔོན་པོའི་དེབ་ཆེན་གཉིས་དེ་མ་གཏོགས། ཨ་ཕས་གསོག་ཉར་གནང་ཡོད་པའི་དཔེ་དེབ་གཞན་དག་ནང་ངས་མ་བཀླགས་པའི་དཔེ་དེབ་གཅིག་ཀྱང་མེད་ཚོད་ཡིན། ད་ལྟ་ངས་རང་མགོ་གཡོག་བྱེད་ཀྱི་རྩོམ་ཡིག་ཐན་ཐུན་རེ་འབྲི་བར། དཀའ་ངལ་མེད་པ་ལྟ་བུའི་རྨང་གཞི་འདི་ཡང་ཨ་ཕའི་དཔེ་དེབ་དེ་དག་གི་དྲིན་ཁོ་ན་ཡིན་པ་གསལ་བོར་ངེས་ཟིན་བྱེད་ཐུབ་པ་འདུག
རྨང་གཞི་དེའི་ཐོག་ལོ་རེའི་དུས་བཞིའི་སྦྲང་ཆར་དེབ་དང་། མང་ཚོགས་སྒྱུ་རྩལ། ཟླ་ཟེར། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། གངས་རྒྱན་མེ་ཏོག རྩེར་སྙེག་དུས་དེབ། གངས་ལྗོངས་ན་ཆུང་ཚགས་པར་སོགས་ང་རང་མཚར་ལོངས་སྐབས་ཀྱི་དུས་དེབ་དེ་དག་ཏུ། རང་ངོས་ནས་ཉོ་སྒྲུབ་བྱས་ཏེ་སྤྲོ་ཤུགས་ཆེན་པོས་ལྟ་ཀློག་མུ་མཐུད་ནས་བྱས་པ་ཡིན། པ་ལགས་དང་འབྲེལ་བའི་ཞོར་ལ། དུས་དེབ་དེ་དག་གི་རྩོམ་པ་པོ་དང་རྩོམ་སྒྲིག་པ་ཡོངས་ལ་ཡང་བཅོས་མིན་སྙིང་ནས་བཀའ་དྲིན་ཆེ་བ་ཡང་ཡང་ཚོར་གྱི་འདུག ཁོང་ཚོས་དེ་བཞིན་དངོས་ཤུགས་བརྒྱུད་གསུམ་ཐམས་ཅད་དུ་བོད་ཀྱི་སྐད་ཡིག་གཙོས་རང་རེའི་རིག་གཞུང་སྤྱི་ལ་ཞབས་འདེགས་བླ་མེད་བསྐྲུན་གནང་ཡོད།
པ་ལགས་ནི། འདི་ལྟར་གང་ནས་བསམ་ཡང་ངའི་ཁ་འཛིན་རྒྱབ་བརྟེན་དཔུང་གཉེན་གྱི་དགེ་བའི་བཤེས་གཉེན་དང་། མི་ཚེའི་སློབ་དཔོན་ཆེན་མོ་དག་གི་ནང་ནས་གལ་ཆེ་ཤོས་དེ་ཡིན་པར་ང་ལ་ངེས་ཟིན་ཟབ་མོ་ཐོབ་སོང། ཁོང་གི་བཀའ་དྲིན་དག་དུས་རྟག་ཏུ་ཡིད་ལ་བཅིངས་ཏེ་ཁོང་གི་ཐུགས་རེ་གང་ཡིན་ཕྱོགས་ལ་ཧུར་ཐག་བྱེད་རྒྱུ་ནི་ཁོང་ལ་རྗེས་དྲན་བྱེད་སྟངས་ཡག་ཤོས་དེ་རེད་སྙམ་པ་བྱུང་།

རྒྱན་འཇུག་གྲུབ་མཐའ་བློར་བཟུང་བ
མི་ཚེར་དགོན་པ་དང་སློབ་གྲྭར་བསྐྱོད་མ་མྱོང་བའི་པ་ལགས་ཀྱི་ཤེས་ཡོན་དང་གོ་རྟོགས་འགའ་ཞིག་ལ་ང་རང་ལྷག་པར་ཡ་མཚན་སྐྱེ་གྱིན་འདུག དཔེར་ན། ནང་པའི་ཆོས་ཀྱི་གཞུང་ཆེན་སློབ་གཉེར་ལ་མེད་དུ་མི་རུང་བའི་རྩ་བ་རྒྱན་འཇུག་གཉིས་དང་། ཀུན་མཁྱེན་རིན་པོ་ཆེའི་གྲུབ་མཐའ་རྩ་བ་སོགས། ཨུ་ཚུགས་ཀྱིས་ང་ལ་བློ་འཛིན་བྱེད་དུ་བཅུག་པ་ལྟ་བུ་རེད།
ཁྱིམ་པ་ཕ་རྒན་ཞིག་ལ་དེ་ལྟའི་མིག་རྒྱང་རིང་བའི་བསམ་བློ་དེ་འདྲ་ཞིག་གང་ནས་འཁོར་བ་ཡིན་ནམ། བསམ་བློའི་གཏོང་ཕྱོགས་རེས། ངས་རང་གི་ཕ་ལགས་ནི་སྤྱིར་བཏང་གི་མི་ཞིག་མིན་སྣང་ཤར་ཡོང་ཞིང་། ཚེ་རབས་ནས་ཐུགས་རྗེར་འབྲེལ་ཡོད་ཀྱི་དགེ་བའི་བཤེས་གཉེན་ཞིག་ཕ་ཡི་ཚུལ་དུ་སླེབས་པ་མིན་ནམ་སྙམ་པ་རེ་ཡང་སེམས་ལ་འཁོར་ཡོང་གི་འདུག དེ་ནི་ཧ་ཅང་ཐལ་ཆ་ཆེ་བའི་བསམ་བློ་གཏོང་ཕྱོགས་ཤིག་ཡིན་སྲིད་ལ། ཡང་གཅིག་བཤད་ན་དེ་ལྟར་དྲན་འོས་པ་ཞིག་ཀྱང་ཡིན་ངེས།
བསམ་ཤེས་ཐུབ་ཙམ་ནས་ང་རང་རབ་ཏུ་བྱུང་རྒྱུར་མོས་པ་གཏིང་ནས་ཆེ་ཞིང་སེམས་ཐག་ཡང་ཆོད་པོ་ཞིག་ཡོད། སྐྱེ་སྔོན་ནས་བག་ཆགས་ཤིག་གིས་མིན་ནམ། ཆུང་ཆུང་སྐྱ་བོ་དུས་ནས་རྐང་སྣམ་དང་སྟོད་གོས། ཐ་ན་ཞྭ་མོ་ཚུན་ཆད་ངུར་སྨྲིག་ཚོས་མདོག་ཅན་གྱོན་རྒྱུར་དགའ་མོས་ཤིན་ཏུ་ཆེ་བ་ཡོད་ལ། ཕ་མ་གཉིས་ནས་ཀྱང་ངའི་དགའ་ཕྱོགས་དང་བསྟུན་དེ་ང་ལ་ངུར་སྨྲིག་མདོག་ཅན་གྱི་རས་གོས་རེ་ཉོས་ཏེ་ལྭ་བ་བཟོ་གནང་གིན་ཡོད།
ངས་དེ་ལྟར་སྟོད་གོས་དང་། རྐང་བསྣམ། ཞྭ་མོ་སོགས་ཡོངས་རྫོགས་དམར་པོ་རྐྱང་གྱོན་ཡོང་དུས་མི་ལ་ལས་ཁྱེད་ནི་ཧོར་གླིང་གཡུལ་འགྱེད་ནང་གི་སྡིག་གཅོད་ཤན་པ་དམར་པོ་དང་འདྲ་སེ་འདུག་ཟེར་ཏེ་ང་ལ་མི་དགའ་བའི་རྩེད་མོ་རྩེ་མྱོང་། སྐད་ཆ་དེ་དག་ལ་ངས་ནམ་ཡང་མོས་མཐུན་བྱེད་འདོད་གཏན་ནས་མ་བྱུང་། མོས་མཐུན་མེད་པ་དེ་ཡང་ང་རང་ཨ་ཁུ་ཤན་པ་དམར་པོར་མ་དགའ་བ་དེ་འདྲ་གང་ཡང་མིན།
ཤན་འདན་ནང་འཁྲུག་སྐབས་ངའི་སེམས་ནས་ཨ་ཁུ་ཤན་པར་རྒྱབ་སྐྱོར་མང་ཙམ་བྱས་ཤིང་། གླིང་གི་དཔའ་རྟུལ་ཁྲོད་ནས་ཀྱང་། ང་རང་དགའ་ཤོས་དེ་སེང་སྟག་ཨ་དོམ་ཡིན། སེང་སྟག་ཨ་དོམ་གྱིས་ཀྱང་ཨ་ཁུ་ཤན་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་ཚ་ཞིང་འདན་མ་ལགས་དང་། ཁ་གཏད་དུ་ལངས་དགོས་བྱུང་བ་རེད།
ཨ་ཕས་ཡང་། ཐུགས་མཉེས་པོ་གནང་དུས་ང་ལ་སེང་སྟག་ཨ་དོམ་ཞེས་འབོད་ཀྱི་ཡོད།
ཨ་ཕས་དེ་ལྟར་བོས་བས་ང་རང་སེང་ཨ་དོམ་ལགས་ལ་དགའ་བ་ཡིན་ནམ། ཡང་ན་ང་རང་སེང་སྟག་ཨ་དོམ་ལ་དགའ་བས་ཨ་ཕས་ངའི་སེམས་ཁམས་དང་བསྟུན་ནས་དེ་ལྟར་གསུངས་བ་གང་ཡིན་ངས་ད་དུང་ཤེས་མ་སོང་། མ་གཞི་ནས་ངའི་ཕ་ལགས་ནི། སྐབས་དང་དུས་ལ་གཟིགས་བསྟུན་མཁས་པའི་མི་རྣམ་དཔྱོད་ཆེན་པོ་ཅན་ཞིག་ཡིན།
གོང་གི་རྩོམ་ཡིག་འདི་ནི་ང་རང་རྫི་བོ་ཆུང་ཆུང་སྐབས་ཀྱི་འདས་དོན་དག་ཇི་བཞིན་ཡིད་ལ་གང་ཤར་ཤར་གྱིས། ཕྲུ་གུ་དག་ཆུང་དུས་སུ་ཤུགས་རྐྱེན་དངོས་གནས་དེ་སུ་ཡིས་ཐེབས་ཀྱི་ཡོད་པ་དང་། ཁོར་ཡུག་དང་དཔེ་ཀློག་གི་བརྒྱུད་རིམ་ཞིག་དངོས་བྱུང་ཐོག་བྲིས་ཡོད། ལྷག་དོན་སློབ་ཕྲུག་ཚོར་ལག་ཐོགས་མི་དགོས་པའི་རྩོམ་ཡིག་གི་བརྗོད་བྱ་བཙལ་སྟངས་དང་འབྲི་སྟངས་རེ་ལ་ཡང་ཕན་ཐོགས་ཅུང་ཟད་རེ་སྲིད་པར་རེ་བ་བྱས་ཏེ་བྲིས་པ་ཞིག་ཡིན།