༄༅། །བོད་ཀྱི་བརྡའི་རྣམ་གཞག་ཉུང་ངུར་བསྡུས་པ་སྨྲ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།
བྲ་ཏི་རིན་ཆེན་དོན་གྲུབ།(?)

ཐོག་མར་དགེ་བ་ཀླད་ཀྱི་དོན།

༄༅། །ཨོཾ་སྭསྟི་སིདྡྷཾ། བླ་མ་རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །སྨྲ་བ་ཀུན་ལས་རྣམ་རྒྱལ་བའི། །སྨྲ་མཆོག་གཙོ་ལ་ཕྱག་འཚལ་ཏེ། །སྨྲ་བའི་ལམ་ནི་གསལ་བྱེད་པའི། །སྨྲ་བའི་སྦྱོར་བ་འདིར་བཤད་བྱ། །རབ་འབྱམས་གཞུང་དོན་རྣམ་བཀྲའི་གཟུགས། །རབ་ཡངས་བློ་གྲོས་མིག་ཕྱེ་ནས། །རབ་ཏུ་གསལ་བར་བལྟ་འདོད་ན། །རབ་མཆོག་སྨྲ་བའི་ཐབས་འདི་ཉོན། །དམ་པ་རྣམས་ལ་ཉེར་བསྟེན་ནས། ། དམ་པའི་ཡོན་ཏན་ཐོབ་འདོད་ན། །དམ་པའི་ལུགས་བཟང་འཚོལ་བའི་སྒོ། །དམ་པ་འདི་ལས་གཞན་ཡོད་མིན། །

བར་དུ་དགེ་བ་གཞུང་གི་དོན།

ངག་གི་རྩ་བ་ཡི་གེ་སྟེ། །དེ་ལ་དབྱངས་དང་གསལ་བྱེད་གཉིས། །དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ག་ད་བ་མ་འ་སྔོན་འཇུག །ད་ས་གཉིས་ནི་ཡང་འཇུག་གོ །ར་ལ་ས་ནི་མགོ་གསུམ་སྟེ། །འདོགས་ནི་ཡ་ར་ལ་ཝ་བཞི། །དེ་རྣམས་སྦྱར་བའི་རྣམ་འགྱུར་ལས། །མིང་དང་ཚིག་གི་ཚོགས་རྣམས་འབྱུང༌། །དོན་གྱི་ངོ་བོ་བརྗོད་པ་མིང༌། །ཁྱད་པར་བརྗོད་པ་ཚིག་ཡིན་ནོ། །དེ་ཡང་རྣམ་དབྱེ་ཚིག་འཕྲད་སོགས། །གཞན་སྦྱར་བ་ཡི་རྣམ་འགྱུར་གྱིས། །དོན་ཀུན་རབ་ཏུ་གསལ་བར་བྱེད། །དེ་ལ་མིང་གི་སྦྱོར་བ་ནི། །ཐོག་མ་ཉིད་དུ་གསལ་བར་བྱ། །
ཀ༽ ཀ་གཞུ་ཀ་རྐྱང་ག་གཞུ་ཡིན། །ཀ་གདན་ཀ་རྐྱང་ག་གདན་ལ། །ཀླད་རྒྱ་ཀ་ཀླད་ར་རྒྱ་དང༌། །ཀླུ་གཉན་ཀ་ཀླུ་ག་གཉན་ནོ། །ཀློང་འཁྱིལ་ཀ་ཀློང་འ་འཁྱིལ་དང༌། །དཀར་ཕིབས་ད་དཀར་ཕ་རྐྱང་ཕིབས།། དཀར་དབྱེན་ད་དཀར་ད་དབྱེན་ཡིན། །དཀོན་མོད་ད་དཀོན་མ་རྐྱང་མོད། །དཀྱིལ་འཁོར་ད་དཀྱིལ་འ་འཁོར་དང༌། །བཀའ་བློན་བ་བཀའ་བ་བློན་ཡིན། བཀའ་རྒྱ་བ་བཀའ་ར་རྒྱ་ལ། །བཀའ་ཁྲ་བ་བཀའ་ཁ་རྐྱང་ཁྲ། །བཀའ་ཤོག་བ་བཀའ་ཤ་རྐྱང་ཤོག །བསྐུལ་ལྕག་བ་བསྐུལ་ལ་ལྕག་ཡིན། །བཀྲག་མདངས་བ་བཀྲག་མ་མདངས་དང༌། །བཀྲེས་འགྲངས་བ་བཀྲེས་འ་འགྲངས་སོ། །རྐ་འགོ་ར་རྐ་འ་འགོ་ལ། །རྐུ་འཕྲོག་ར་རྐུ་འ་འཕྲོག་དང༌། །རྐང་མཐིལ་ར་རྐང་མ་མཐིལ་ཡིན། །རྐན་ལྤགས་ར་རྐན་ལ་ལྤགས་སོ། ། རྐྱང་རྒོད་ར་རྐྱང་ར་རྒོད་དང༌། །སྐ་རགས་ས་སྐར་ར་རྐྱང་རགས། །སྐུ་གཟུགས་ས་སྐུ་ག་གཟུགས་ཡིན།། སྐེ་མགུལ་ས་སྐེ་མ་མགུལ་ལོ། །སྐད་གདངས་ས་སྐད་ག་གདངས་དང༌། །སྐར་ཁུང་ས་སྐར་ཁ་རྐྱང་ཁུང༌། །སྐར་གཡོགས་ས་སྐར་ག་གཡོགས་ཡིན། །སྐལ་ལྡན་ས་སྐལ་ལ་ལྡན་ནོ། །སྐས་གདང་ས་སྐས་ག་གདང་ལ། །སྐུད་བརྒྱུས་ས་སྐུད་བ་རའི་བརྒྱུས། །སྐོར་གཡེངས་ས་སྐོར་ག་གཡེངས་དང༌། །སྐོར་བསྐྱིལ་ས་སྐོར་བ་སའི་བསྐྱིལ། །སྐྱེ་མཆེད་ས་སྐྱེ་མ་མཆེད་དང༌། །སྐྱེ་གནས་ས་སྐྱེ་ག་གནས་ལ། །སྐྱོ་ངལ་ས་སྐྱོ་ང་རྐྱང་ངལ། །སྐྱེད་ཚལ་ས་སྐྱེད་ཚ་རྐྱང་ཚལ། །སྐྱེད་འཕེལ་ས་སྐྱེད་འ་འཕེལ་ལ། །སྐྱེད་བསྲིང་ས་སྐྱེད་བ་བསྲིང་དང༌། །སྐྱོན་བྲལ་ས་སྐྱོན་བ་བྲལ་ཡིན། །སྐྱབས་ཚོལ་ས་སྐྱབས་ཚ་རྐྱང་ཚོལ། །
ཁ༽ ཁ་བཏགས་ཁ་རྐྱང་བ་བཏགས་དང༌། །ཁུ་བྱུག་ཁུ་རྐྱང་བ་བྱུག་ལ། །ཁེ་སྤོགས་ཁེ་རྐྱང་ས་སྤོགས་ཡིན། །ཁལ་བཀལ་ཁལ་རྐྱང་བ་བཀལ་ལོ། །ཁུར་བསྐྱེལ་ཁུར་རྐྱང་ས་བསྐྱེལ་ལ། །ཁྱུང་ཆེན་ཁ་ཁྱུང་ཆ་རྐྱང་ཆེན། །ཁྲི་གདུགས་ཁ་ཁྲི་ག་གདུགས་དང༌། །ཁྲོ་གཉེར་ཁ་ཁྲོ་ག་གཉེར་ཡིན། །ཁྲབ་རྨོག་ཁྲབ་རྐྱང་ར་རྨོག་དང༌། །ཁྲལ་འཇལ་ཁྲལ་རྐྱང་འ་འཇལ་ལ། །ཁྲིམས་བདག་ཁ་ཁྲིམས་བ་བདག་དང༌། །ཁྲིམས་འཇགས་ཁ་ཁྲིམས་འ་འཇགས་ཡིན། །ཁྲོམ་ཐང་ཁ་ཁྲོམ་ཐ་རྐྱང་ཐང༌། །ཁྲོལ་ཚག་ཁ་ཁྲོལ་ཚ་རྐྱང་ཚག།། མཁན་བརྒྱུད་མ་མཁན་བ་རའི་བརྒྱུད། །མཁའ་ལྡིང་མ་མཁའ་ལ་ལྡིང་ངོ༌། །མཁར་མཐོ་མ་མཁར་མ་མཐོ་དང༌། །མཁལ་རྐེད་མ་མཁལ་ར་རྐེད་ལ། །མཁྱེན་བརྩེ་མ་མཁྱེན་བ་རའི་བརྩེ། །འཁོན་འཛིན་འ་འཁོན་འ་འཛིན་ནོ། །འཁོར་འདས་འ་འཁོར་འ་འདས་ལ། །འཁྲི་སྒྲུབ་འ་འཁྲི་ས་སྒྲུབ་དང༌། །འཁྲུ་སྐྱུགས་འ་འཁྲུ་ས་སྐྱུགས་ཡིན། །འཁྲུལ་འཁོར་འ་འཁྲུལ་འ་འཁོར་རོ། །
ག༽ གོ་འཕང་གོ་རྐྱང་འ་འཕང་ལ། །གང་སྲུས་གང་རྐྱང་ས་སྲུས་དང༌། །གན་རྒྱ་གན་རྐྱང་ར་རྒྱ་ཡིན། །གབ་སྦས་གབ་རྐྱང་ས་སྦས་སོ། །གར་སླ་གར་རྐྱང་ས་སླ་དང༌། །གོང་སྐོར་གོང་རྐྱང་ས་སྐོར་ལ། ། གོམ་འཁྱོར་གོམ་རྐྱང་འ་འཁྱོར་ཡིན། །གྱང་ལྡེབས་གྱང་རྐྱང་ལ་ལྡེབས་སོ། །གྲི་མདུང་ག་གྲི་མ་མདུང་དང༌། །གྲུ་རྫིང་ག་གྲུ་ར་རྫིང་ཡིན། །གྲུ་མོ་ག་གྲུ་མ་རྐྱང་མོ། །གྲེ་འགྱུར་ག་གྲེ་འ་འགྱུར་རོ། །གྲལ་དམའ་ག་གྲལ་ད་དམའ་དང༌། །གྲོ་རྩམ་ག་གྲོ་ར་རྩམ་ཡིན། །གྲོག་སྦུར་ག་གྲོག་ས་སྦུར་ལ། །གྲོགས་བཤེས་ག་གྲོགས་བ་བཤེས་སོ། །གྲོང་ཁྱེར་ག་གྲོང་ཁ་རྐྱང་ཁྱེར། །གྲོན་གཟན་ག་གྲོན་ག་གཟན་ལ། །གླ་བརྔན་ག་གླ་བ་རའི་བརྔན། །གླ་རྩི་ག་གླ་ར་རྩི་དང༌། །གླུ་གཞས་ག་གླུ་ག་གཞས་སོ། །གློ་སྙིང་ག་གློ་ས་སྙིང་ལ། ། གླིང་བཞི་ག་གླིང་བ་བཞི་དང༌། །གླེན་ལྐུགས་ག་གླེན་ལ་ལྐུགས་ཡིན། །གློག་འཁྱུག་ག་གློག་འ་འཁྱུག་གོ ༑དགེ་བཤེས་ད་དགེ་བ་བཤེས་དང༌། །དགེ་སློང་ད་དགེ་ས་སློང་ཡིན། །དགེ་སྒྲུབ་ད་དགེ་ས་སྒྲུབ་ལ།། དགུན་དཔྱིད་ད་དགུན་ད་དཔྱིད་དོ། །དགོན་གྲོང་ད་དགོན་ག་གྲོང་དང༌། །དགའ་སྟོན་ད་དགའ་ས་སྟོན་ཡིན། །དགྲ་སྟ་ད་དགྲ་ས་སྟ་ལ། །མགོ་སྐྲ་མ་མགོ་ས་སྐྲའོ། །མགར་བཤན་མ་མགར་བ་བཤན་ལ།། མགྲིན་མཛེས་མ་མགྲིན་མ་མཛེས་ཡིན། །མགྱོགས་སྐྱེན་མ་མགྱོགས་ས་སྐྱེན་དང༌། །མགྲོན་གཉེར་མ་མགྲོན་ག་གཉེར་རོ། །འགྱོད་གདུངས་འ་འགྱོད་ག་གདུངས་ལ། །འགྱེལ་བརྡབས་འ་འགྱེལ་བ་རའི་བརྡབས། །འགྲན་བྲལ་འ་འགྲན་བ་བྲལ་ཡིན། །འགྲོ་སྒོ་འ་འགྲོ་ས་སྒོའོ། །འགྲིམ་འགྲུལ་འ་འགྲིམ་འ་འགྲུལ་དང༌། །འགྲོགས་གྱེས་འ་འགྲོགས་ག་གྱེས་ཡིན། །རྒ་ཤི་ར་རྒ་ཤ་རྐྱང་ཤི། །རྒན་དམངས་ར་རྒན་ད་དམངས་སོ། །རྒས་བགྲེས་ར་རྒས་བ་བགྲེས་ལ། །རྒོད་སྤུ་ར་རྒོད་ས་སྤུ་དང༌། །རྒྱ་སྒོ་ར་རྒྱ་ས་སྒོ་ཡིན། ། རྒྱ་མཐོང་ར་རྒྱ་མ་མཐོང་ངོ། །རྒྱ་བསྐོན་ར་རྒྱ་བ་སའི་བསྐོན། །རྒྱ་ཐུར་ར་རྒྱ་ཐ་རྐྱང་ཐུར། །རྒྱ་ཁྱོན་ར་རྒྱ་ཁ་ཁྱོན་དང༌། །རྒྱ་ཕིབས་ར་རྒྱ་ཕ་རྐྱང་ཕིབས། །རྒྱ་མཚོ་ར་རྒྱ་མ་མཚོ་དང༌། །རྒྱུ་སྐར་ར་རྒྱུ་ས་སྐར་ལ༑ ༑རྒྱུ་སྟོང་ར་རྒྱུ་ས་སྟོང་ཡིན། །རྒྱུ་རྐྱེན་ར་རྒྱུ་ར་རྐྱེན་ནོ། །རྒྱུན་བསྲིང་ར་རྒྱུན་བ་བསྲིང་ལ། །རྒྱབ་མདུན་ར་རྒྱབ་མ་མདུན་ཡིན། །རྒྱལ་མཚན་ར་རྒྱལ་མ་མཚན་དང༌། །རྒྱལ་བྱེད་ར་རྒྱལ་བ་བྱེད་དོ། ། སྒོ་ལྕགས་ས་སྒོ་ལ་ལྕགས་དང༌། །སྒོ་གླེགས་ས་སྒོ་ག་གླེགས་ཡིན། །སྒོ་གཏན་ས་སྒོ་ག་གཏན་ལ། །སྒེའུ་ཁུང་ས་སྒེའུ་ཁ་རྐྱང་ཁུང༌། །སྒང་འབུར་ས་སྒང་འ་འབུར་དང༌། །སྒལ་གཞུང་ས་སྒལ་ག་གཞུང་ཡིན།། སྒུར་སྐྱོག་ས་སྒུར་ས་སྐྱོག་ལ། །སྒྱིད་ཁུང་ས་སྒྱིད་ཁ་རྐྱང་ཁུང༌། །སྒྲ་བརྙན་ས་སྒྲ་བ་རའི་བརྙན། །སྒྲ་གཅན་ས་སྒྲ་ག་གཅན་དང༌། །སྒྲོ་མདོངས་ས་སྒྲོ་མ་མདོངས་ལ། །སྒྲོག་སྐུད་ས་སྒྲོག་ས་སྐུད་དོ། །
ང༽ ངེས་འབྱུང་ངེས་རྐྱང་འ་འབྱུང་ལ། །མངོན་མཐོ་མ་མངོན་མ་མཐོ་དང༌། །མངའ་བདག་མ་མངའ་བ་བདག་ཡིན། །མངའ་ཐང་མ་མངའ་ཐ་རྐྱང་ཐང༌། །མངའ་འབངས་མ་མངའ་འ་འབངས་དང༌། །མངལ་སྒོ་མ་མངལ་ས་སྒོ་ཡིན། །རྔ་བརྡུང་ར་རྔ་བ་རའི་བརྡུང༌། །རྔ་མོང་ར་རྔ་མ་རྐྱང་མོང༌། །རྔུལ་གཟན་ར་རྔུལ་ག་གཟན་ལ། །རྔོག་མ་ར་རྔོག་མ་རྐྱང་ཡིན། །རྔོན་པ་ར་རྔོན་པ་རྐྱང་དང༌། །རྔམས་བརྗིད་ར་རྔམས་བ་རའི་བརྗིད། །
ཅ༽ གཅན་གཟན་ག་གཅན་ག་གཟན་ཡིན། །གཅེན་གཅུང་ག་གཅེན་ག་གཅུང་དང༌། །བཅོམ་ལྡན་བ་བཅོམ་ལ་ལྡན་ནོ། །བཅོས་རྡུགས་བ་བཅོས་ར་རྡུགས་དང༌། །ལྕེ་རྩེ་ལ་ལྕེ་ར་རྩེ་ཡིན། །ལྕགས་རི་ལ་ལྕགས་ར་རྐྱང་རི། །ལྕང་གླིང་ལ་ལྕང་ག་གླིང་ལ། །ལྕམ་དྲལ་ལ་ལྕམ་ད་དྲལ་ལོ། །
ཆ༽ ཆུ་བསྐོར་ཆུ་རྐྱང་བ་སའི་བསྐོར། །མཆན་ཁུང་མ་མཆན་ཁ་རྐྱང་ཁུང༌། །མཆུ་འགྲམ་མ་མཆུ་འ་འགྲམ་དང༌། །མཆིན་མཁྲིས་མ་མཆིན་མ་མཁྲིས་སོ། །མཆོག་གསུམ་མ་མཆོག་ག་གསུམ་ལ། །མཆོག་བརྙེས་མ་མཆོག་བ་རའི་བརྙེས། །
ཇ༽ རྗེ་བཙུན་ར་རྗེ་བ་བཙུན་ཡིན། །རྗེ་རྒྱལ་ར་རྗེ་ར་རྒྱལ་དང༌། །རྗེས་བསྙེགས་ར་རྗེས་བ་སའི་བརྙེགས། །འཇུ་དཀའ་འ་འཇུ་ད་དཀའ་འོ། །འཇིག་རྟེན་འ་འཇིག་ར་རྟེན་ལ། །འཇིགས་སྐྲག་འ་འཇིགས་ས་སྐྲག་དང༌། །འཇམ་རྩུབ་འ་འཇམ་ར་རྩུབ་ཡིན། །འཇའ་ཁྱིམ་འ་འཇའ་ཁ་ཁྱིམ་མོ། །ལྗགས་མཉེན་ལ་ལྗགས་མ་མཉེན་དང༌། །ལྗོན་ཤིང་ལ་ལྗོན་ཤ་རྐྱང་ཤིང༌། །
ཉ༽ ཉ་ལྕིབས་ཉ་རྐྱང་ལ་ལྕིབས་དང༌། །ཉི་ཟླ་ཉི་རྐྱང་ཟ་ཟླ་ཡིན། །ཉོ་བཙོངས་ཉོ་རྐྱང་བ་བཙོངས་ལ༑ ༑ཉག་སྤོར་ཉག་རྐྱང་ས་སྤོར་རོ། །ཉིན་མཚན་ཉིན་རྐྱང་མ་མཚན་ལ། །གཉེན་གཉེར་ག་གཉེན་ག་གཉེར་དང༌། །གཉའ་གནོན་ག་གཉའ་ག་གནོན་ཡིན། །གཉའ་སྒ་ག་གཉའ་ས་སྒའོ། །གཉེན་ཚན་ག་གཉེན་ཚ་རྐྱང་ཚན། །གཉེར་སྲུང་ག་གཉེར་ས་སྲུང་དང༌། །མཉམ་གཞག་མ་མཉམ་ག་གཞག་ལ། །སྙེ་མ་ས་སྙེ་མ་རྐྱང་ངོ༌། །སྙན་ཤལ་ས་སྙན་ཤ་རྐྱང་ཤལ། །སྙན་བརྒྱུད་ས་སྙན་བ་རའི་བརྒྱུད། །སྙོམ་ལས་ས་སྙོམ་ལ་རྐྱང་ལས། །
ཏ༽ གཏི་མུག་ག་གཏི་མ་རྐྱང་མུག །གཏན་འདུན་ག་གཏན་འ་འདུན་དང༌། །གཏན་ཚིགས་ག་གཏན་ཚ་རྐྱང་ཚིགས། །གཏམ་གཏོང་ག་གཏམ་ག་གཏོང་ངོ༌། །གཏར་བསྲེག་ག་གཏར་བ་བསྲེག་ལ། ། གཏིང་ཟབ་ག་གཏིང་ཟ་རྐྱང་ཟབ། །གཏིང་རྡོ་ག་གཏིང་ར་རྡོ་དང༌། །གཏོང་ཕོད་ག་གཏོང་ཕ་རྐྱང་ཕོད།། གཏུམ་དྲག་ག་གཏུམ་ད་དྲག་དང༌། །གཏེར་མཛོད་ག་གཏེར་མ་མཛོད་ཡིན། །བཏང་སྙོམས་བ་བཏང་ས་སྙོམས་ལ། །རྟ་སྒ་ར་རྟ་ས་སྒའོ། །རྟ་རྔ་ར་རྟ་ར་རྔ་ལ། །རྟགས་བརྒྱད་ར་རྟགས་བ་རའི་བརྒྱད། །རྟིང་སྐོར་ར་རྟིང་ས་སྐོར་དང༌། །རྟོད་བཏགས་ར་རྟོད་བ་བཏགས་སོ། །སྟག་གཟིག་ས་སྟག་ག་གཟིག་དང༌།། སྟེང་ཤོད་ས་སྟེང་ཤ་རྐྱང་ཤོད། །སྟེར་སྦྱིན་ས་སྟེར་ས་སྦྱིན་ཡིན། །སྟོད་སྨད་ས་སྟོད་ས་སྨད་དོ། །སྟོད་གཡོག་ས་སྟོད་ག་གཡོག་དང༌། །སྟོན་ཐོག་ས་སྟོན་ཐ་རྐྱང་ཐོག །སྟོབས་འབྱོར་ས་སྟོབས་འ་འབྱོར་ལ༑ ༑སྟོར་བརླག་ས་སྟོར་བ་རའི་བརླག །ལྟ་སྒོམ་ལ་ལྟ་ས་སྒོམ་ལ། །ལྟེ་དྲོད་ལ་ལྟེ་ད་དྲོད་དང༌། །ལྟག་མཇིང་ལ་ལྟག་མ་མཇིང་ཡིན། །ལྟོ་འཕྱེ་ལ་ལྟོ་འ་ཕའི་འཕྱེ། །ལྟོགས་སྐོམ་ལ་ལྟོགས་ས་སྐོམ་མོ། །
ཐ༽ ཐ་རྒོད་ཐ་རྐྱང་ར་རྒོད་ཡིན། །ཐབས་མཁས་ཐབས་རྐྱང་མ་མཁས་དང༌། །ཐུགས་རྗེ་ཐུགས་རྐྱང་ར་རྗེ་སྟེ། །ཐེར་གཟན་ཐེར་རྐྱང་ག་གཟན་ནོ། །མཐང་ཤམ་མ་མཐང་ཤ་རྐྱང་ཤམ། །མཐའ་ལྕགས་མ་མཐའ་ལ་ལྕགས་དང༌། །མཐར་ཕྱིན་མ་མཐར་ཕ་ཕྱིན་ལ། །མཐུ་རྩལ་མ་མཐུ་ར་རྩལ་ལོ།། མཐུན་སྦྱོར་མ་མཐུན་ས་སྦྱོར་དང༌། །མཐོ་དམན་མ་མཐོ་ད་དམན་སྟེ། །མཐོང་ཐོས་མ་མཐོང་ཐ་རྐྱང་ཐོས །མཐོང་སྐོར་མ་མཐོང་ས་སྐོར་རོ། །འཐབ་རྩོད་འ་འཐབ་ར་རྩོད་དང༌། །འཐེང་འགྲོས་འ་འཐེང་འ་འགྲོས་ཡིན། །མཐེབ་མཛུབ་མ་མཐེབ་མ་མཛུབ་བོ། །
ད༽ དག་བཀྲུས་དག་རྐྱང་བ་བཀྲུས་ལ། །དྭངས་སྙིགས་དྭངས་རྐྱང་ས་སྙིགས་ཏེ། །དར་འཕྱར་དར་རྐྱང་འ་ཕའི་འཕྱར། །དལ་བྲེལ་དལ་རྐྱང་བ་བྲེལ་དང༌། །དུང་སྐོར་དུང་རྐྱང་ས་སྐོར་ཡིན། །དུད་འགྲོ་དུད་རྐྱང་འ་འགྲོ་ལ། །དོམ་དྲེད་དོམ་རྐྱང་ད་དྲེད་དང༌། །དྲི་བསུང་ད་དྲི་བ་བསུང་ངོ༌། །དྲང་ཐད་ད་དྲང་ཐ་རྐྱང་ཐད། །དྲག་ཆར་ད་དྲག་ཆ་རྐྱང་ཆར། །དྲན་གསལ་ད་དྲན་ག་གསལ་དང༌། །དྲུག་དཀར་ད་དྲུག་ད་དཀར་རོ། །དྲུང་འཁོར་ད་དྲུང་འ་འཁོར་ལ། །དྲུང་འཚོ་ད་དྲུང་འ་འཚོ་སྟེ། །དྲོད་སྡུད་ད་དྲོད་ས་སྡུད་དང༌། །གདིང་བ་ག་གདིང་བ་རྐྱང་ངོ༌། །གདུགས་ཕུབ་ག་གདུགས་ཕུབ་རྐྱང་དང༌། །གདུང་མ་ག་གདུང་མ་རྐྱང་ལ། །གདུང་རྒྱུད་ག་གདུང་ར་རྒྱུད་ཡིན། །གདོན་བགེགས་ག་གདོན་བ་བགེགས་སོ། །གདོལ་རིགས་ག་གདོལ་ར་རྐྱང་རིགས། །གདོས་སྐྱ་ག་གདོས་ས་སྐྱ་དང༌། །བདེ་གཤེགས་བ་བདེ་ག་གཤེགས་ལ༑ ༑བདེ་སྐྱིད་བ་བདེ་ས་སྐྱིད་དོ། །བདུད་འདུལ་བ་བདུད་འ་འདུལ་དང༌། །བདེན་རྫུན་བ་བདེན་ར་རྫུན་ཡིན། །མདའ་གཞུ་མ་མདའ་ག་གཞུ་ལ། །མདེའུ་ལྕགས་མ་མདེའུ་ལ་ལྕགས་སོ། །མདོག་བཟང་མ་མདོག་བ་བཟང་ལ། །འདག་འཇིམ་འ་འདག་ས་འཇིམ་སྟེ། །འདབ་གཤོག་འ་འདབ་ག་གཤོག་དང༌། ། འདམ་སེང་འ་འདམ་ས་རྐྱང་སེང༌། །འདམ་རྫབ་འ་འདམ་ར་རྫབ་དང༌། །འདེགས་སྤྱད་འ་འདེགས་ས་སྤྱད་ཡིན། །འདེད་གཏོང་འ་འདེད་ག་གཏོང་ལ། །འདོམ་འཇལ་འ་འདོམ་འ་འཇལ་ལོ། །འདྲེན་མཆོག་འ་འདྲེན་མ་མཆོག་ལ། །རྡོ་སྟེགས་ར་རྡོ་ས་སྟེགས་བུ། །སྡར་མ་ས་སྡར་མ་རྐྱང་སྟེ། །སྡེ་དཔོན་ས་སྡེ་ད་དཔོན་དང༌། །སྡིག་སྤོང་ས་སྡིག་ས་སྤོང་ཡིན། །སྡུག་བསྔལ་ས་སྡུག་བ་སའི་བསྔལ། །སྡོང་བུ་ས་སྡོང་བ་རྐྱང་བུ། །སྡོམ་བརྩོན་ས་སྡོམ་བ་རའི་བརྩོན། །སྡོམ་སྡིག་ས་སྡོམ་ས་སྡིག་དང༌། །ལྡང་འདུག་ལ་ལྡང་འ་འདུག་ལ། །ལྡན་འདུས་ལ་ལྡན་འ་འདུས་སྟེ། །ལྡེ་མིག་ལ་ལྡེ་མ་རྐྱང་མིག །ལྡུམ་ར་ལ་ལྡུམ་ར་རྐྱང་ཡིན། །
ན༽ ནགས་ཀླུང་ནགས་རྐྱང་ཀ་ཀླུང་ལ། །ནང་གཟན་ནང་རྐྱང་ག་གཟན་ཡིན། །ནད་གཞི་ནད་རྐྱང་ག་གཞི་སྟེ། །ནམ་མཁའ་ནམ་རྐྱང་མ་མཁའོ། །གནང་སྦྱིན་ག་གནང་ས་སྦྱིན་དང༌། །གནོད་འཚེ་ག་གནོད་འ་འཚེ་ལ། །གནམ་ས་ག་གནམ་ས་རྐྱང་ཡིན། །གནམ་གཡང་ག་གནམ་ག་གཡང་ངོ༌། །གནས་བསྐལ་ག་གནས་བ་སའི་བསྐལ། །རྣ་རྒྱན་ར་རྣ་ར་རྒྱན་ཏེ། །རྣམ་རྒྱལ་ར་རྣམ་ར་རྒྱལ་དང༌། །རྣམ་འགྱུར་ར་རྣམ་འ་འགྱུར་ཡིན། །རྣམ་དཔྱོད་ར་རྣམ་ད་དཔྱོད་ལ། །རྣམ་རྟོག་ར་རྣམ་ར་རྟོག་སྟེ། །སྣ་རྡུག་ས་སྣ་ར་རྡུག་དང༌། །སྣ་ཁྲིད་ས་སྣ་ཁ་ཁྲིད་དོ། །སྣེ་ལེན་ས་སྣེ་ལ་རྐྱང་ལེན། །སྣམ་སྦྱར་ས་སྣམ་ས་སྦྱར་དང༌། །སྣུམ་སྐུད་ས་སྣུམ་ས་སྐུད་དེ། །སྣོད་བཅུད་ས་སྣོད་བ་བཅུད་དོ། །
པ༽ པུས་མོ་པུས་རྐྱང་མ་རྐྱང་མོ། །དཔག་ཆེན་ད་དཔག་ཆ་རྐྱང་ཆེན། །དཔའ་རྟུལ་ད་དཔའ་ར་རྟུལ་དང༌། །དཔུང་འཇོམས་ད་དཔུང་འ་འཇོམས་སོ། །དཔུང་གཉེན་ད་དཔུང་ག་གཉེན་ལ། །དཔུང་གསིག་ད་དཔུང་ག་གསིག་དང༌། །དཔྲལ་མཚམས་ད་དཔྲལ་མ་མཚམས་ཏེ། །དཔྱི་མགོ་ད་དཔྱི་མ་མགོའོ། །སྤོ་མཐོ་ས་སྤོ་མ་མཐོ་དང༌། །སྤང་གཤོང་ས་སྤང་ག་གཤོང་ཡིན། །སྤུན་ཟླ་ས་སྤུན་ཟ་ཟླ་དང༌། །སྤུས་གཙང་ས་སྤུས་ག་གཙང་ངོ༌། །སྤེན་བད་ས་སྤེན་བ་བད་དང༌། །སྤོས་ཤེལ་ས་སྤོས་ཤ་རྐྱང་ཤེལ། །སྤྱི་གཙུག་ས་སྤྱི་ག་གཙུག་སྟེ། །སྤྱང་ཀི་ས་སྤྱང་ཀ་རྐྱང་ཀི །སྤྱང་གྲུང་ས་སྤྱང་ག་གྲུང་ཡིན། །སྤྱན་རྫི་ས་སྤྱན་ར་རྫི་ལ། །སྤྲ་ཚུགས་ས་སྤྲ་ཚ་རྐྱང་ཚུགས། །སྤྲོ་འཕེལ་ས་སྤྲོ་འ་འཕེལ་དང༌། །སྤྲིན་འཁྲིགས་ས་སྤྲིན་འ་འཁྲིགས་སོ། །
ཕ༽ ཕུ་མདའ་ཕུ་རྐྱང་མ་མདའ་དང༌། །ཕྱེ་གཏོར་ཕ་ཕྱེ་ག་གཏོར་ཏེ། །ཕྱག་མཛོད་ཕ་ཕྱག་མ་མཛོད་ལ། །ཕྱག་དམ་ཕ་ཕྱག་ད་རྐྱང་དམ། །ཕྱག་རྟགས་ཕ་ཕྱག་ར་རྟགས་ཡིན། །ཕྱོགས་ཁྱེར་ཕ་ཕྱོགས་ཁ་ཁྱེར་རོ། །
བ༽ བ་གླང་བ་རྐྱང་ག་གླང་ཡིན། །བུ་བཙས་བུ་རྐྱང་བ་བཙས་ལ། །བག་དྲོ་བག་རྐྱང་ད་དྲོ་དང༌། ། བད་ཀན་བད་རྐྱང་ཀ་རྐྱང་ཀན། །བར་སྣང་བར་རྐྱང་ས་སྣང་ལ། །བུན་བཏང་བུན་རྐྱང་བ་བཏང་དང༌།། བོག་ཤས་བོག་རྐྱང་ཤ་རྐྱང་ཤས། །བྱ་བྱིའུ་བ་བྱ་བ་བྱིའུ་འོ། །བྱ་གག་བ་བྱ་ག་རྐྱང་གག །བྱ་རྒོད་བ་བྱ་ར་རྒོད་དང༌། །བྱ་འདབ་བ་བྱ་འ་འདབ་སྟེ། །བྱ་སྐྱིབས་བ་བྱ་ས་སྐྱིབས་སོ། །བྱང་ཆུབ་བ་བྱང་ཆ་རྐྱང་ཆུབ། །བྱམས་མགོན་བ་བྱམས་མ་མགོན་ཡིན། །བྱི་རུ་བ་བྱི་རུ་རྐྱང་དང༌། །བྱིན་ལྡིར་བ་བྱིན་ལ་ལྡིར་རོ༑ ༑བྱིས་གཞོན་བ་བྱིས་ག་གཞོན་དང༌། །བྱེ་བྲལ་བ་བྱེ་བ་བྲལ་སྟེ། །བྲམ་ཟེ་བ་བྲམ་ཟ་རྐྱང་ཟེ། །བྲེ་སྲང་བ་བྲེ་ས་སྲང་ཡིན། །བྲོ་གར་བ་བྲོ་ག་རྐྱང་གར། །བླ་མ་བ་བླ་མ་རྐྱང་སྟེ། །བླ་བྲེ་བ་བླ་བ་བྲེ་དང༌། ། བླང་དོར་བ་བླང་ད་རྐྱང་དོར། །བློ་གྲོས་བ་བློ་ག་གྲོས་ལ། །བློ་རྣོ་བ་བློ་ར་རྣོ་དང༌། །བླུན་རྨོངས་བ་བླུན་ར་རྨོངས་ཏེ། །དབང་རྟེན་ད་དབང་ར་རྟེན་ནོ། །དབང་ཕྱུག་ད་དབང་ཕ་ཕྱུག་དང༌། །དབུགས་བརྩེགས་ད་དབུགས་བ་རའི་བརྩེགས། །དབུལ་ཕྱུག་ད་དབུལ་ཕ་ཕྱུག་སྟེ། །དབྱར་སྟོན་ད་དབྱར་ས་སྟོན་ནོ། ། དབྱར་སྐྱེས་ད་དབྱར་ས་སྐྱེས་ཡིན། །དབྱེ་འབྱེད་ད་དབྱེ་འ་འབྱེད་དང༌། །འབོ་རྒྱུག་འ་འབོ་ར་རྒྱུག་ལ།། འབགས་སླད་འ་འབགས་ས་སླད་དོ། །འབབ་གཞོལ་འ་འབབ་ག་གཞོལ་ལ། །འབའ་ཡིག་འ་འབའ་ཡ་རྐྱང་ཡིག །འབུལ་སྡུད་འ་འབུལ་ས་སྡུད་དང༌། །འབྲུ་འཕྱར་འ་འབྲུ་འ་འཕྱའི་འཕྱར། །འབྲི་མཛོ་འ་འབྲི་མ་མཛོ་དང༌། །འབྲང་རྩིབས་འ་འབྲང་ར་རྩིབས་ལ། །འབྲལ་འཛོམ་འ་འབྲལ་འ་འཛོམ་སྟེ།། འབྲས་སྨིན་འ་འབྲས་ས་སྨིན་ནོ། །འབྲུག་སྒྲ་འ་འབྲུག་ས་སྒྲ་ལ། །འབྲོག་དགོན་འ་འབྲོག་ད་དགོན་དང༌། །འབྲོང་གཡག་འ་འབྲོང་ག་གཡག་སྟེ། །འབྲོང་འདེད་འ་འབྲོང་འ་འདེད་དོ། །འབྱུང་འཇིག་འ་འབྱུང་འ་འཇིག་དང༌། །སྦོ་སྒེག་ས་སྦོ་ས་སྒེག་ཡིན། །སྦལ་ལྕོང་ས་སྦལ་ལ་ལྕོང་སྟེ། །སྦོམ་ཕྲ་ས་སྦོམ་ཕ་རྐྱང་ཕྲ། །སྦྱིན་བདག་ས་སྦྱིན་བ་བདག་ལ། །སྦྲང་བུ་ས་སྦྲང་བ་རྐྱང་བུ། །སྦྲང་རྩི་ས་སྦྲང་ར་རྩི་དང༌། ། སྦྲུལ་འཁྱིལ་ས་སྦྲུལ་འ་འཁྱིལ་ཡིན། །རྦ་རླབས་ར་རྦ་ར་རླབས་དང༌། །
མ༽ མྱུ་གུ་མ་མྱུ་ག་རྐྱང་གུ། །མྱུར་འགྲོ་མ་མྱུར་འ་འགྲོ་དང༌། །དམག་འཁྲུག་ད་དམག་འ་འཁྲུག་ཡིན། །དམངས་རིགས་ད་དམངས་ར་རྐྱང་རིགས། །རྨ་བྱ་ར་རྨ་བ་བྱ་ཡིན། །རྨུ་རྒོད་ར་རྨུ་ར་རྒོད་དང༌། ། རྨོ་རྨོས་ར་རྨོ་ར་རྨོས་སོ། །རྨད་བྱུང་ར་རྨད་བ་བྱུང་ལ། །རྨོས་དོར་ར་རྨོས་ད་དོར་ཏེ། །སྨན་དཔྱད་ས་སྨན་ད་དཔྱད་དང༌། །སྨིན་མ་ས་སྨིན་མ་རྐྱང་ཡིན། །སྨོན་གནས་ས་སྨོན་ག་གནས་ལ། །སྨྲ་བརྗོད་ས་སྨྲ་བ་རའི་བརྗོད། །
ཙ༽ བཙག་བུ་བ་བཙག་བ་རྐྱང་བུ། །བཙས་བརྔ་བ་བཙས་བ་རའི་བརྔ། །བཙོག་གྲིབ་བ་བཙོག་ག་གྲིབ་དང༌། །རྩ་ལྟུང་ར་རྩ་ལ་ལྟུང་ངོ༌། །རྩ་ཕོན་ར་རྩ་ཕ་རྐྱང་ཕོན། །རྩ་བརྟག་ར་རྩ་བ་རའི་བརྟག །རྩིག་རྨང་ར་རྩིག་ར་རྨང་ཡིན། །
ཚ༽ ཚ་གྲང་ཚ་རྐྱང་ག་གྲང་དང༌། །ཚུལ་ཁྲིམས་ཚུལ་རྐྱང་ཁ་ཁྲིམས་ལ། །ཚོང་འདུས་ཚོང་རྐྱང་འ་འདུས་ཏེ། །ཚོན་བཀྲ་ཚོན་རྐྱང་བ་བཀྲའོ། །ཚང་ར་ཚང་རྐྱང་ར་རྐྱང་དང༌། །མཚན་ཇུས་མ་མཚན་ཇ་རྐྱང་ཇུས། །མཚོ་བརྒལ་མ་མཚོ་བ་རའི་བརྒལ། །མཚོན་ཆ་མ་མཚོན་ཆ་རྐྱང་ངོ༌། །
ཛ༽ འཛུམ་དཀར་འ་འཛུམ་ད་དཀར་དང༌། །རྫིང་ཆུ་ར་རྫིང་ཆ་རྐྱང་ཆུ། །རྫུ་འཕྲུལ་ར་རྫུ་འ་འཕྲུལ་ཏེ། །རྫོང་གཞིས་ར་རྫོང་ག་གཞིས་སོ། །
ཝ༽ ཝ་སྐྱེས་ཝ་རྐྱང་ས་སྐྱེས་ཡིན། །
ཞ༽ ཞེ་སྡང་ཞེ་རྐྱང་ས་སྡང་ལ། །ཞིང་རྨོད་ཞིང་རྐྱང་ར་རྨོད་དང༌། །ཞིབ་རྩིང་ཞིབ་རྐྱང་ར་རྩིང་སྟེ། ། བཞད་བགད་བ་བཞད་བ་བགད་དོ། །གཞིས་བྱེས་ག་གཞིས་བ་བྱེས་ཡིན། །
ཟ༽ ཟེ་མཇུག་ཟེ་རྐྱང་མ་མཇུག་ལ། །ཟུག་རྔུ་ཟུག་རྐྱང་ར་རྔུ་ཡིན། །ཟུག་གཟེར་ཟུག་རྐྱང་ག་གཟེར་དང༌། །ཟུར་ལྕོག་ཟུར་རྐྱང་ལ་ལྕོག་གོ །ཟླ་གམ་ཟ་ཟླ་ག་རྐྱང་གམ། །གཟི་བརྗིད་ག་གཟི་བ་རའི་བརྗིད། །གཟི་ཁྲ་ག་གཟི་ཁྲ་རྐྱང་ལ། །གཟའ་ཚེས་ག་གཟའ་ཚ་རྐྱང་ཚེས། །གཟར་སྟན་ག་གཟར་ས་སྟན་དང༌། །བཟའ་བཏུང་བ་བཟའ་བ་བཏུང་སྟེ། །བཟོད་བརྩོན་བ་བཟོད་བ་རའི་བརྩོན། །
འ༽ འོད་སྐོར་འོད་རྐྱང་ས་སྐོར་ཡིན། །
ཡ༽ ཡེ་ཤེས་ཡེ་རྐྱང་ཤ་རྐྱང་ཤེས། །ཡང་ལྕི་ཡང་རྐྱང་ལ་ལྕི་དང༌། །ཡུལ་ལྗོངས་ཡུལ་རྐྱང་ལ་ལྗོངས་ཏེ༑ ༑ཡོངས་བཞེས་ཡོངས་རྐྱང་བ་བཞེས་སོ། །གཡི་དཀར་ག་གཡི་ད་དཀར་དང༌། །གཡུ་སྦྱང་ག་གཡུ་ས་སྦྱང་སྟེ། །གཡོ་སྒྱུ་ག་གཡོ་ས་སྒྱུ་ལ། །གཡང་གཞི་ག་གཡང་ག་གཞིའོ། །གཡང་ཀླུབས་ག་གཡང་ཀ་ཀླུབས་དང༌། །གཡར་སྐྱི་ག་གཡར་ས་སྐྱི་ཡིན། །གཡུང་པོ་ག་གཡུང་པ་རྐྱང་པོ། །གཡུལ་འགྲན་ག་གཡུལ་འ་འགྲན་ནོ། །གཡུལ་འགྱེད་ག་གཡུལ་འ་འགྱེད་དང༌། །གཡུལ་རྒྱལ་ག་གཡུལ་ར་རྒྱལ་ཏེ། ། གཡོག་འཁོར་ག་གཡོག་འ་འཁོར་རོ། །
ར༽ རི་དབང་རི་རྐྱང་ད་དབང་ལ། །རབ་གསལ་རབ་རྐྱང་ག་གསལ་ཏེ། །རིམ་འགྲོ་རིམ་རྐྱང་ག་གྲོ་དང༌། །རླུང་གཡོར་ར་རླུང་ག་གཡོར་ཡིན། །རླུང་མཁྲིས་ར་རླུང་མ་མཁྲིས་དང༌། །བརླ་ཤ་བ་འོག་ར་བརླའོ། །
ལ༽ ལོ་འབྲས་ལོ་རྐྱང་འ་འབྲས་དང༌། །ལང་ཚོ་ལང་རྐྱང་ཚ་རྐྱང་ཚོ། །ལམ་རྒྱུས་ལམ་རྐྱང་ར་རྒྱུས་ཏེ། །ལམ་སྟོན་ལམ་རྐྱང་ས་སྟོན་ནོ། །
ཤ༽ གཤོག་རྩལ་ག་གཤོག་ར་རྩལ་ལ། །བཤེར་དཔོན་བ་བཤེར་ད་དཔོན་དང༌། །གཤོམ་མདའ་ག་གཤོམ་མ་མདའ་སྟེ། །བཤལ་དྲུད་བ་བཤལ་ད་དྲུད་དོ། །བཤལ་སྦྱོང་བ་བཤལ་ས་སྦྱོང་ཡིན། །
ས༽ ས་བདག་ས་རྐྱང་བ་བདག་དང༌། །ས་གཞི་ས་རྐྱང་ག་གཞི་སྟེ། །སོ་རྙིལ་སོ་རྐྱང་ར་རྙིལ་ལ། །སོ་ནམ་སོ་རྐྱང་ན་རྐྱང་ནམ། །སངས་རྒྱས་སངས་རྐྱང་ར་རྒྱས་ལ། །སེར་རྒོད་སེར་རྐྱང་ར་རྒོད་དོ། །སེར་སྣ་སེར་རྐྱང་ས་སྣ་དང༌། །སོན་གཏོར་སོན་རྐྱང་ག་གཏོར་རོ། །སྲབ་རྨེད་ས་སྲབ་ར་རྨེད་ལ། །སློང་མོ་ས་སློང་མ་རྐྱང་མོ། །སློབ་དཔོན་ས་སློབ་ད་དཔོན་དང༌། །གསལ་ཁྲ་ག་གསལ་ཁ་ཁྲའོ། །གསར་རྙིང་ག་གསར་ར་རྙིང་དང༌། །གསུང་དབྱངས་ག་གསུང་ད་དབྱངས་ཏེ། །གསེར་ཏོག་ག་གསེར་ཏ་རྐྱང་ཏོག །གསེར་དངུལ་ག་གསེར་ད་དངུལ་ཡིན། །གསོ་སྦྱོང་ག་གསོ་ས་སྦྱོང་དང༌། །གསོལ་གཟིམ་ག་གསོལ་ག་གཟིམ་ལ༑ ༑གསོད་གཅོད་ག་གསོད་ག་གཅོད་དེ། །གསོལ་ལྕོག་ག་གསོལ་ལ་ལྕོག་གོ །སྲ་རྩི་ས་སྲ་ར་རྩི་ལ། ། བསེ་ཕོར་བ་བསེ་ཕ་རྐྱང་ཕོར། །བསེ་རུ་བ་བསེ་ར་རྐྱང་རུ། །བསགས་སྦྱངས་བ་བསགས་ས་སྦྱངས་སོ། ། བསགས་སྤེལ་བ་བསགས་ས་སྤེལ་དང༌། །བསད་བཅད་བ་བསད་བ་བཅད་དེ། །བསམ་གཏན་བ་བསམ་ག་གཏན་ལ། །བསྲེས་རྨེ་བ་བསྲེས་ར་རྨེ་ཡིན། །བསོད་ནམས་བ་བསོད་ན་རྐྱང་ནའོ། །
གཅིག་བཅུ་ག་གཅིག་བ་བཅུ་དང༌། །གཉིས་དགུ་ག་གཉིས་ད་དགུ་ཡིན། །གསུམ་བརྒྱད་ག་གསུམ་བ་རའི་བརྒྱད། །བཞི་བདུན་བ་བཞི་བ་བདུན་ནོ། །ལྔ་དྲུག་ལ་ལྔ་ད་དྲུག་ཡིན། །ཉི་ཤུ་ཉི་རྐྱང་ཤ་རྐྱང་ཤུ། །སུམ་ཅུ་སུམ་རྐྱང་ཅ་རྐྱང་ཅུ། །དྲུག་ཅུ་དང་ནི་བདུན་ཅུ་དང༌། །བརྒྱད་ཅུའི་ཅུ་རྣམས་བས་འཕུལ་མེད། །ཆིག་བརྒྱ་ཉིས་བརྒྱ་སུམ་བརྒྱ་སོགས། །སྔ་མར་འཕུལ་མེད་བ་རའི་བརྒྱ། །ཚིག་སྦྲེལ་ཉིས་སྦྲེལ་སོགས་ཀྱང་མཚུངས། །གོ་ངོ་དོ་ནོ་བོ་མོ་འོ། །ཞེས་པ་ལ་སོགས་གོང་ནས་ལེན། །

ཐ་མར་དགེ་བ་མཇུག་གི་དོན།

ཞེས་པ་འདི་ཡང་སྔ་དུས་སློབ་བུ་དུ་མས་བློ་འཛིན་གྱི་བརྩི་བཞག་ཏུ་བཏང་ཞིང༌། སླར་ཡང་གཞན་གྱི་ངོར་མཆོད་བརྗོད་སོགས་ཁ་སྐོང་ཅུང་ཟད་དང་སྦྱར་བྱང་བཅས་བྱེད་པ་པོ་ནི་དཀའ་བཅུའི་མིང་ཅན་རཏྣ་ཨརྠ་སིདྷིའོ། །དག་ཡིག་འདི་ཉིད་པར་དུ་བརྐོས་སྐབས་གཟིགས་བདེའི་ཁྱད་གསལ་བྱེད་སྡེ་ཚན་དུ་བསྒྲིགས་པ་ཙམ་ལས་ཚིག་དོན་ལ་བཟོ་བཅོས་མེད་པར་བཀོད་ཡོད་པས་ཐུགས་དོགས་དབུ་ཡོན་གནང་དགོས་མེད་པས་ཡིད་ཆེས་པར་མཛད་འཚལ།
ཨོཾ་སྭ་སྟི། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ངོ་བོ་ལས་དང་བྱེད་པ་ཆེད། །འབྱུང་ཁུངས་འབྲེལ་བ་གནས་གཞི་དང༌། །བོད་པ་དང་བཅས་རྣམ་དབྱེ་བརྒྱད། །ཆོས་ཀྱི་ངོ་བོ་ཙམ་ཞིག་ནི། །རྗོད་པའི་མིང་རྣམས་དང་པོ་ཡིན། །ཁྱད་པར་རྗོད་ལ་ལས་ལ་སོགས། །རྣམ་དབྱེ་བདུན་ཏེ་གཞི་གང་ལ། །བྱས་པའི་བྱ་བ་སྟོན་པའི་སྒྲ། །ལ་སོགས་རྣམ་དབྱེ་གཉིས་པ་དང༌། །གང་གིས་བྱེད་པ་སྟོན་པའི་སྒྲ། །ཀྱིས་སོགས་རྣམ་དབྱེ་གསུམ་པ་དང༌། གང་གི་ཆེད་དུ་བྱས་སྟོན་པའི། །ལ་སོགས་རྣམ་དབྱེ་བཞི་པ་དང༌། །འབྱུང་ཁུངས་གང་ནས་འབྱུང་སྟོན་པའི། །ནས་སོགས་རྣམ་དབྱེ་ལྔ་པ་དང༌། །གང་གི་ཡིན་པ་སྒྲུབ་བྱེད་པའི། ། ཀྱི་སོགས་རྣམ་དབྱེ་དྲུག་པ་དང། །གནས་གཞི་གང་ལ་ཡོད་སྟོན་པའི། །ལ་སོགས་རྣམ་དབྱེ་བདུན་པ་དང༌། །བོད་པའི་མིང་ཚིག་སྔོན་སྦྱོར་བའི། །ཀྱེ་སོགས་རྣམ་དབྱེ་བརྒྱད་པའོ། །མདོར་ན་རྣམ་དབྱེ་འདི་དག་ནི། །ཆོས་ཀྱི་ངོ་བོ་སྟོན་པ་དང༌། །ཁྱད་པར་སྟོན་པ་གཉིས་སུ་འདུ། །རྒྱས་པ་གཅིག་ཚིག་གཉིས་ཚིག་དང༌། །མང་ཚིག་དང་བཅས་གསུམ་གསུམ་དུ། །ཕྱེ་བས་ཉི་ཤུ་རྩ་བཞི་འོ། །ཕྱེ་བ་དག་ནི་མཚན་གཞི་ཡིས། །རྣམ་དབྱེའི་ངོ་བོ་བཤད་བྱ་སྟེ། །རྣམ་དབྱེ་དང་པོའི་གཅིག་ཚིག་ནི། །བོད་འདིར་ཀ་བ་བུམ་པ་སོགས། །མིང་རྐྱང་ཉིད་ལ་ཕལ་ཆེ་བར། །རྣམ་དབྱེ་གསལ་བར་ཐོན་པ་མེད། །འོན་ཀྱང་སྐབས་འགར་བུམ་སོགས་ལ། །རྫ་སོགས་ཚིག་སྦྱར་རྫ་བུམ་པའོ། །ཀ་བའོ་གཟུགས་སོ་ཞེས་རྣམས་ཀྱིས། །རྣམ་དབྱེ་བསྟན་པར་མཁས་མང་བཞེད། །གཉིས་ཚིག་བུམ་པ་དག་ཅེས་དང༌། །མང་ཚིག་བུམ་པ་རྣམས་ཞེས་པའི། །དག་དང་རྣམས་ནི་དང་པོར་བཞེད། །གཉིས་པ་ལས་སུ་བྱ་བའི་དབྱེ། །བུམ་པ་ན་དང་བུམ་པ་ལ།། བུམ་པ་རུ་ཞེས་གཞི་ལ་ནི། །རྣམ་དབྱེ་ན་ལ་རུ་སྦྱར་ཏེ། །ཆུ་བླུག་ཅེས་པའི་བྱ་བའི་སྒྲ། །མཐའ་མར་སྦྱར་བའི་ན་ལ་དང༌། །རུ་བཅས་རྣམ་དབྱེ་གཉིས་པར་འགྱུར། །དེ་བཞིན་ལྷོ་རུ་ཕྱོགས་སུ་དང༌། །ཀུན་ཏུ་སོགས་ཀྱི་རུ་སུ་དང༌། །ཏུ་བཅས་འགྲོ་དང་སྡོད་སོགས་ཀྱི། །བྱ་བའི་སྒྲར་སྒྱུར་གཉིས་པ་ཡིན། །སངས་རྒྱས་ཀྱིས་དང་བཤེས་གཉེན་གྱིས། །ཉན་རང་གིས་དང་སེམས་དཔའ་ཡིས། །ཞེས་པའི་བྱེད་པོ་སངས་རྒྱས་དང༌། །བཤེས་གཉེན་སོགས་ལ་ཀྱིས་གྱིས་དང༌། །གིས་ཡིས་སོགས་སྦྱར་བྱེད་པའི་སྒྲ། །ཆོས་གསུང་ཞེས་པ་མཐར་སྦྱར་བའི། །བར་གྱི་ཀྱིས་གྱིས་གིས་ཡིས་རྣམས། །རྣམ་དབྱེ་གསུམ་པའི་ངོ་བོ་ཡིན། །དེས་མཚོན་བྱེད་པོ་གང་ཞིག་གིས། །བྱ་བ་གང་བྱས་སྟོན་པའི་སྒྲ། །ཀྱི་སོགས་གསུམ་པར་གོ་བར་བྱ། །ཕ་ལ་གོས་ཚེམ་ཞེས་པ་ཡིས། །དགོས་པ་ཕ་ཉིད་གཞིར་བཟུང་ནས། །དེ་ལ་ཆེད་དོན་ལ་སྦྱར་ཏེ། །གོས་ཚེམ་ཞེས་པའི་སྒྲ་སྦྱར་བའི། །ལ་ནི་རྣམ་དབྱེ་བཞི་པ་ཡིན། །དེ་བཞིན་ཤེས་རབ་ཆེད་དུ་ནི། །ཐོས་པ་མང་དུ་ཚོལ་ཞེས་དང༌། །ཆོས་ཤེས་པ་རུ་གཞུང་བསླབ་དང༌། །འཚང་རྒྱ་བ་རུ་ལམ་བསྒོམ་སོགས། །དེ་རྣམས་བར་གྱི་དུ་རུ་རྣམས། །རྣམ་དབྱེ་བཞི་པ་ཡིན་པར་འདོད། །རི་ལས་བུམ་པ་ནས་ཞེས་པའི། །འབྱུང་ཁུངས་རི་དང་བུམ་པ་ལ། །ནས་ལས་སྦྱར་ཏེ་བྱུང་བ་ཡིན། །སྒྲ་མཐུན་ཆུ་འབབ་སོགས་སྦྱར་བའི། །བར་གྱི་ནས་ལས་ལྔ་པ་ཡིན། །དབྱངས་ཀྱི་གཞན་གྱི་རང་གི་དང༌། །བླ་མའི་སེམས་དཔའ་ཡི་ཞེས་པའི། །འབྲེལ་གཞི་དབྱངས་དང་གཞན་དང་བདག །བླ་མ་སེམས་དཔའ་རྣམས་ལ་ནི། །འབྲེལ་བྱེད་ཀྱི་གྱི་གི་འི་ཡི། །སྦྱར་ཏེ་འབྲེལ་ཆོས་ཡན་ལག་དང༌། །ནོར་དང་ལུས་དང་ཆོས་སྤྱོད་པ། །སྦྱར་བའི་དབྱངས་ཀྱི་ཡན་ལག་དང༌། ། གཞན་གྱི་ནོར་དང་རང་གི་ལུས། །བླ་མའི་ཆོས་དང་སེམས་དཔའི་སྤྱོད། །ཅེས་པ་དག་གི་བར་སྐབས་ཀྱི།། ཀྱི་གྱི་གི་འི་ཡི་རྣམས་ནི། །རྣམ་དབྱེ་དྲུག་པའི་ངོ་བོ་ཡིན། །རྒྱབ་ཏུ་སྟེང་དུ་ས་གཞི་རུ། །གཡས་སུ་ནང་ན་ནང་ལ་ནི། །བུམ་པ་འདུག་པའི་ཡོད་ཅེས་པའམ། །ཡོད་པའི་བརྟེན་པའི་རྒྱབ་དང་སྟེང༌། །ས་གཞི་གཡས་དང་ནང་རྣམས་ལ། །བརྟེ
ན་བརྗོད་ཏུ་དུ་རུ་སུ་དང༌། །ལ་ན་སྦྱར་ཏེ་བརྟེན་པའི་སྒྲ། །འདུག་སོགས་སྦྱར་བའི་བར་སྐབས་ཀྱི། །ཏུ་སོགས་རྣམ་དབྱེ་བདུན་པ་ཡིན། །གང་ཞིག་འབོད་པའི་ཐོག་མ་རུ། །ཀྱེ་དང་ཀྭ་ཞེས་སྦྱར་བ་ནི། །དཔེར་ན་ཀྭ་ཡེ་གྲོགས་པོ་དག །ཀྱེ་ཀྱེ་རྒྱལ་བའི་སྲས་དག་ཅེས། །དོན་ལ་མངོན་དུ་ཕྱོགས་པའི་ཕྱིར། །རྒྱལ་སྲས་གྲོགས་པོར་འབོད་པའི་བརྡ། །ཀྱེ་ཀྭ་དག་ནི་བརྒྱད་པའོ། །
༈ གངས་ལྗོངས་ཡི་གེའི་ཕྱི་མོ་སྲིད་པའི་མིག །ཐུགས་བསྐྱེད་རྟ་བདུན་འཕྲུལ་གྱིས་རབ་དྲངས་པས། །མདོ་རྒྱུད་ཐ་སྙད་པད་ཚལ་རྒྱས་མཛད་པ། །སློབ་དཔོན་ཐུ་མིའི་བཀའ་དྲིན་བསམ་གྱིན་དད། ། གཞུང་ལུགས་གནམ་རུའི་རྒྱུད་ལས་དྲངས་པའི་མདས། །ཉེས་བཤད་འབོད་སྒྲོག་མག་པ་དྲུང་འབྱིན་ཅིང༌། །སྔོན་མེད་འགྲེལ་བཤད་སི་ཏ་གྲོགས་འགུགས་པ། །ར་མ་གཉིས་པ་རིན་ཆེན་དོན་གྲུབ་གྲགས། ། དེ་ཕྱིར་དེའི་གསུང་སུམ་རྟགས་དགོངས་འགྲེལ་སོགས། །ལེགས་བཤད་མཁས་པའི་མ་ལ་ཡ་ཀླུང་ལས། ། བྱུང་བ་དཔྱོད་ལྡན་ཡིད་འཕྲོག་བསུང་ཞིམ་དྲི། །འཛད་མེད་སྤོས་མཆོག་བསྟན་ལ་སྨན་ཕྱིར་བསྐྲུན།། །།
ཅེས་པ་འདི་ཡང་དེང་སྐབས་སྙིགས་མཐར་སླེབས་པའི་དབང་གིས་ཆེན་པོར་རློམ་པ་དག་ཀྱང་འདི་སྣང་ཕུན་ཚོགས་ལ་ཐོབ་བྱ་མཐར་ཐུག་ཏུ་འཛིན་པར་བརྟེན་བསྟན་དར་ལྷ་རམས་པའི་གསུང་ལས། རིག་པའི་གནས་འདི་སྦྱང་རིན་མེད་ཅེས་དོར། །མཁས་པར་མ་དྲིས་ཐེ་ཚོམ་ཡོངས་མ་བསལ། །བསླབ་པར་འོས་པ་མ་སྦྱངས་སྐྱེས་བུ་འགའ། །བླུན་པོའི་གོ་ས་ཐོབ་འདི་སྐལ་བ་ཕྲ། །ཞེས་པ་ལྟར་བདག་གིར་བཞེས་པ་སྣང་རུང༌། །མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་བཟློག་པར་ནུས། །ཞེས་པ་ལྟར་ཐོག་མར་རྒྱུ་ལ་དོན་གཉེར་བྱེད་འདོད་དག་དང༌། རྒྱལ་བསྟན་རིན་པོ་ཆེའི་བྱི་དོར་དུ་འགྱུར་བའི་ལྷག་བསམ་གྱིས་ཕྲན་འདུ་གསུམ་པ་ཆབ་གྲྭ་ངག་ལྡན་ཐུབ་བསྟན་གསུང་རབ་དང༌། སྙེ་དྲུང་ཚེ་རིང་དོན་འགྲུབ་ཟུང་ནས། བསྟན་ལ་སྨན་པའི་ལྷག་བསམ་ཅན་ལྗང་ཚ་ཚོང་དཔོན་དགེ་ལེགས་ལ་བསྐུལ་མ་ཞུས་པ་བཞིན་དངུལ་སྲང་བརྒྱ་དང་བདུན་ཅུའི་རྒྱུ་ཡོན་སྦྱར་ཏེ་མཁས་དབང་བྲ་སྟི་དཀའ་ཆེན་གྱི་གསུང་སུམ་རྟགས་ཀྱི་རྣམ་བཤད་དགོངས་འགྲེལ་དང༌། དག་ཡིག དབྱངས་ཅན་དགའ་བློའི་རྟགས་འཇུག་གི་འགྲེལ་པ། དཀའ་གནད། རྩ་བ་བཅས་ལེ་ཚན་བརྒྱད་པར་དུ་བསྐྲུན་པའི་སྦྱར་བྱང་དུ་ཐུབ་གསུང་པས་སྨྲས་པའོ། ། ཕྲན་ངག་ལྡན་པས་ཞལ་འདེབས་དངུལ་སྲང་ལྔ་བཅུ་ང་གཅིག་བཅས་ཕུལ་བ་གསུང་རབ་ཀུན་ལ་ཐོགས་མེད་དུ་འཇུག་པའི་མིག་ཏུ་གྱུར་ཅིག།
པར་འདི་ཕོ་བྲང་ཆེན་པོ་པོ་ཏ་ལའི་ཞོལ་པར་ཁང་ཆེན་མོ་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་དུ་བཞུགས། །

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །བྲ་ཏི་རིན་ཆེན་དོན་གྲུབ་ནི་ཕྱི་ལོའི་དུས་རབས་བཅུ་བདུན་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས། དགུང་ལོ་གཞོན་ནུའི་དུས་ནས་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་དེ་དགེ་བཤེས་ཀྱི་མཚན་རྟགས་བཞེས། ཞོགས་དོན་ཡོད་མཁས་གྲུབ་(༡༦༦༧ – ༡༧༣༧)སོགས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་མདོ་སྔགས་ཆོས་ཀྱི་བདག་པོར་གྱུར།
ཁོང་གི་གསུང་རྩོམ་ནི། 《བླང་དོར་རྣམ་པར་ཕྱེ་བའི་གཏམ་ཀུན་བཟང་ལམ་སྲོལ》དང༌། 《ཏིང་ངེ་འཛིན་སྒྲུབ་ཐབས་ཏིང་འཛིན་རྒྱན་གྱི་སྣང་བ།》 《བྱང་ཆུབ་ལམ་རིམ་གྱི་ཉམས་ཁྲིད་བྱང་ཆུབ་རྒྱན་ཕྲེང༌།》 《བྱ་དཀའ་བའི་སྙན་ཚིག་དབྱངས་ཅན་ངག་གི་རོལ་མཚོ།》 《བསྟན་འབར་མའི་ཚིག་དོན་གསལ་བར་བྱེད་པའི་རྣམ་བཤད་ཐེག་མཆོག་རྒྱན་གྱི་ཕྲེང་བ།》 《བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པའི་འགྲེལ་པ་ཀུན་ཏུ་བཟང་པོའི་དགོངས་རྒྱན།》 《རྟགས་འཇུག་བཤད་སྦྱར་ཚིགས་བཅད་མ།》 《དག་ཡིག་སྨྲ་བའི་སྒྲོན་མེ།》 《སྒྲའི་ང་རོ་འདྲེན་ཚུལ་རྨད་བྱུང་དོན་གྱི་བདུད་རྩིའི་རོ་འཛིན་》བཅས་པོད་གཅིག་བཞུགས་སོ། །