ཨ་མེས་ཀྱི་ཕྲེང་བ།

ངའི་ཨ་མེས་ལ་ཕྲེང་བ་ཞིག་ཡོད་པ་དེ་ནི་ཤིང་ཙན་དན་གྱིས་བཟོས་པ་ཡིན་ཞིང་། མདོག་སྨུག་ནག་ཡིན། དེར་ཕྲེང་རྡོག་བརྒྱ་དང་བརྒྱད་ཡོད་ལ། ཕྲེང་དཔོན་ནི་བ་སོ་རིལ་བུ་ཞིག་ཡིན་ཞིང་ཆེ་ཆུང་ལ་ཧ་ལམ་སྲེག་པའི་སྒོ་ང་ཙམ་ཡོད། དེ་ནི་དཀར་ཞིང་འཇམ་ལ་འོད་ཆེམ་ཆེམ་བྱེད་པ་རེད།
ཕྲེང་བ་དེ་ནི་ཨ་མེས་ཀྱིས་ལོ་ཉི་ཤུ་ལྷག་ལ་མ་ཎི་བགྲང་བྱེད་བྱས་པ་ཡིན་པས་ཟད་ནས་འོད་ཆེམ་ཆེམ་བྱེད། ཕྲེང་ཐག་ནི་སྐུད་པ་དམར་མོ་ཡིན་ཞིང། དེར་ཚིལ་དྲེག་ཆགས་ནས་མདོག་ཀྱང་བསྒྱུར་འདུག དེ་ནི་ཨ་ལགས་སྟོབས་ལྡན་ཚང་གིས་ངའི་ཨ་མེས་ལ་གནང་བ་ཡིན་པས། ཨ་མེས་ཀྱིས་ཕྲེང་བ་དེར་མི་གཞན་ལ་ཐུག་ཏུ་མི་འཇོག་ལ། བྱིས་པར་དེ་བས་ཀྱང་རྩེ་རུ་མི་འཇུག
ང་ལོ་ན་དྲུག་བདུན་ཙམ་ཡིན་དུས་ཀྱི་ཉིན་ཞིག་ལ། ང་རང་མ་གཏོགས་ཡུལ་ན་མི་གཅིག་ཀྱང་མེད། ང་ངེད་ཚང་གི་ཁྱམས་ལ་སོང་དུས། ཨ་མེས་ཀྱི་ཕྲེང་བ་དེ་ཁྱམས་ཀྱི་ཀ་བའི་ཐོག་གི་ཕུར་བའི་མགོར་བཀལ་འདུག ང་ཨ་མེས་ཀྱི་ཕྲེང་དཔོན་དེར་རྩེ་འདོད་ཤིན་ཏུ་ཆེ་བས། མྱུར་དུ་བསྲོ་ཁང་ནང་ལ་རྒྱུག་སྟེ་རྐུབ་སྟེགས་ཆུང་ཆུང་ཞིག་ཁྱེར་འོངས་ནས། དེ་སྟེགས་སུ་བཞག་སྟེ་ཕུར་བའི་སྟེང་དུ་བཀལ་ཡོད་པའི་ཨ་མེས་ཀྱི་ཕྲེང་བ་དེ་ཚུར་འཐེན། ཡིན་ན་ཡང་། ང་རང་དམའ་དྲགས་པས། ཅི་ལྟར་འཐེན་ཀྱང་ལེན་མ་ཐུབ། ངས་ལག་ཟུང་གིས་ཕྲེང་བ་ཤེད་ཀྱིས་འཐེན་པ་ན། ཐག་སྒྲ་དང་བཅས་ཕྲེང་བ་གཏོར་ནས་ཕྲེང་རྡོག་ཐམས་ཅད་ཁྱམས་ཧྲིལ་པོར་འཐོར། ངས་དངངས་མ་སྐྲག་གིས་ཕྲེང་རྡོག་རེ་རེ་བཞིན་འཐུ་བཞིན་པའི་སྒང་ལ། གློ་བུར་དུ་རྒྱ་སྒོ་ཁྲོགས་སེ་ཕྱེས་པ་དང་མཉམ་དུ་མི་ཞིག་ཚུར་འོངས། མ་གཞི་དེ་ནི་ཨ་མེས་རེད། ཁོས་ཕྲེང་རྡོག་ཚང་མ་ཐང་དུ་ཐོར་འདུག་པ་མཐོང་ནས། སྨྱོས་པ་ལྟར་ཚུར་འོངས་ནས་ང་ལ་འགྲམ་ལྕག་ཚ་བེར་བ་ཞིག་གཞུས།
སྤྱིར་ན་ངའི་ཨ་མེས་ནི་མི་གཤིས་འཇམ་ཞིག་ཡིན་ལ། དུས་རྒྱུན་དུ་ང་ལ་གཅར་བ་ཕར་ཞོག་ཐ་ན་ཚིག་ལྕི་མོ་ཞིག་ཀྱང་བཤད་མ་མྱོང། ཡིན་ན་ཡང་། དེ་རིང་ཁོང་དངོས་གནས་ཞེ་སྤོ་གཏིང་ནས་ལངས་པ་འདྲ། ང་སྐྲག་ཐག་ཆོད་དེ་ངུ་སྐད་ཀྱང་འབྱིན་མ་ཐུབ་པར་ས་དེར་ལངས་བསྡད་པ་ཡིན། ཨ་མེས་ཀྱིས་ཕྲེང་རྡོག་རེ་རེ་བཞིན་བཏུས་ཚར་རྗེས། ཁ་ཚུར་འཁོར་ནས་ང་ལ་འགྱོད་སེམས་དང་བཅས་ཏེ། སྙིང་གོ་ལོ་ལོ། ཕྲེང་བ་འདི་ཨ་ལགས་ཚང་གིས་ང་ལ་གནང་བ་ཡིན། ཁྱོད་ཀྱིས་འདི་རྩེ་སྤྱད་བྱེད་མི་ཉན་ཡ། ཞེས་ཟེར། ཕར་བལྟས་ན་ཨ་མེས་འུ་ཐུག་ཡོད་པ་འདྲ། ངས་འཕྲལ་དུ་ལྭ་བའི་ཕུ་ཐུང་གིས་གདོང་གི་མིག་ཆུ་ཕྱིས་རྗེས། ཨ་མེས། ད་ནས་བཟུང་ངས་ཕྲེང་བ་འདི་གཏན་ནས་རྩེ་སྤྱད་མི་བྱེད་ཅེས་བཤད། ཨ་མེས་ཀྱིས་ངའི་ཚུགས་ཀར་བལྟས་ནས་ང་ལ་སྙིང་གོ ཨ་མེས་ཀྱི་གཅེས་ཕྲུག ད་སོ་མ་ཨ་མེས་ཀྱིས་ཁྱོད་ལ་འགྲམ་ལྕག་ཅིག་གཞུས་སོང་བ་སེམས་ལ་མ་འཛིན། ཁྱོད་ཨ་མེས་ཀྱི་གཅེས་ཕྲུག་རེད་ཅེས་ཟེར་ཞོར་དུ་ངའི་ཐོད་པར་འོ་ཞིག་བྱས། ངས་ཡིད་འཐད་པའི་ཚུལ་ལ་མགོ་བོ་ནང་དུ་གུག་གུག་བྱས། དེ་ནས་ཨ་མེས་ཕར་ཤིང་ཁང་ནང་དུ་སོང་ནས་སྐུད་པ་དམར་པོ་རིང་པོ་ཞིག་ཁྱེར་འོངས་ཏེ་བཞི་རྐྱ་བྱས་ནས་དལ་བུར་བསྒྲིམས། དེ་ནི་ད་ལྟའི་ཨ་མེས་ཀྱི་ཚིལ་དྲེག་ཆགས་པའི་ཕྲེང་ཐག་དེ་ཡིན་ལ། ད་བར་དུ་ཐེངས་གཅིག་ལའང་ཆད་མ་མྱོང་ཞིང་། ངས་ཀྱང་ཨ་མེས་ཀྱི་ཕྲེང་བ་དེ་ཐེངས་གཅིག་ལའང་རྩེ་སྤྱད་བྱས་མ་མྱོང་།

རྩོམ་ཡིག་གི་དཔྱད་མཆན།

ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་ན་བྱུང་རིམ་བཀོད་སྒྲིག་བྱེད་ཤེས་དགོས། དེ་ནི་མི་སྣ་གཙོ་བོར་འཛིན་པའམ་ཡང་ན་བརྗོད་དོན་གཙོ་བོར་འཛིན་པ་གང་ཡིན་རུང་གཏམ་རྒྱུད་ཀྱི་གོ་རིམ་ངེས་ཅན་ཞིག་བཀོད་སྒྲིག་བྱེད་དགོས་པ་དེ་ཡིན།
མི་སྣ་འབྲི་ན་གཏམ་རྒྱུད་ཀྱི་བྱུང་རིམ་མེད་མི་རུང་། མི་སྣའི་སྣང་བརྙན་འབྲི་བའམ་གཤིས་ཀ་གསལ་པོ་ཞིག་སྟོན་ན་གཏམ་རྒྱུད་ཀྱི་བྱུང་རིམ་ངེས་ཅན་ཞིག་ལ་བརྟེན་དགོས། དེར་བརྟེན་བྱུང་རིམ་ནི་མི་སྣའི་སྣང་བརྙན་གསར་བཟོ་དང་གཤིས་ཀ་གསལ་པོར་སྟོན་པའི་ཐབས་ཤེས་གཙོ་བོ་ཞིག་ཡིན། སྤྱིར་བྱུང་རིམ་ལ་འགོ་འཛུགས་པ་དང་བར་དུ་སྤེལ་བ། མཐོ་རླབས་སུ་སླེབས་པ། མཇུག་སྡུད་པ་བཅས་ཡོད། གོང་འཁོད་རྩོམ་དཔེ་དེ་ནི་བྱུང་རིམ་བཀོད་སྒྲིག་བྱས་པ་ཅུང་ལེགས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཡིན། ན་ཆུང་རྩོམ་པ་པོས་ཐེངས་ཤིག་གི་བྱ་སྤྱོད་ངན་པ་ཞིག་བྲིས་པ་བརྒྱུད་དེ་གསོན་ཉམས་ལྡན་པའི་སྒོ་ནས་བྱིས་པའི་དུས་ཀྱི་འཚོ་བའི་ཟུར་གཅིག་མཚོན་པར་བྱས་ཡོད། བྱ་སྤྱོད་ངན་པའི་བརྒྱུད་རིམ་དེ་མགོ་རྔ་མ་དང་བར་རྐེད་པ་ཚང་བ་ཞིག་བྲིས་འདུག

ངེད་ཚང་གི་བཟའ་མི།

ངེད་ཚང་ལ་ཨ་ཕ་དང་ཨ་མ། ནུ་མོ། ང་དང་བརྩིས་ན་མི་བཞི་ཡོད། བཟའ་མི་རེ་རེར་གཤིས་ཀ་རེ་དང་ཁྱད་ཆོས་རེ་ཡོད་པས། མི་རེ་རེས་རང་ཉིད་ལ་གོམས་པའི་སྒྲ་སྙན་རེ་རྡུང་གིན་ཡོད། འོན་ཀྱང་སྒྲ་སྙན་ཚང་མ་ལྷན་ཅིག་ཏུ་འཛོམས་ན་གཞས་གདངས་མཉམ་པའི་མཉམ་དཀྲོལ་རོལ་མོ་གཅིག་ཏུ་འགྱུར་བ་ཡིན་པས། ཁྱིམ་ཚང་གང་བོར་སྤྲོ་སྣང་བསམ་གྱིས་མི་ཁྱབ་པ་ཞིག་གིས་ཁེངས་འདུག

གད་མོ་སློང་བར་དགའ་བའི་ཨ་ཕ།
ཨ་ཕ་གད་མོ་སློང་བར་ཧ་ཅང་དགའ། ཁོང་ལ་ཁོམ་པ་ཅུང་ཙམ་རེ་ཡོད་ཚེ་ང་ཚོར་གད་མོ་སློང་བ་རེད། མཚན་མོ་ཞིག་ལ་ཨ་ཕས་“གནའ་སྔ་མོ་ཞིག་ལ་ཡོན་ཏན་པ་ཞིག་ཡོད། ཡོན་ཏན་པ་དེ་སློབ་མ་རྣམས་ལ་ཉམས་བཏོད་དེ་སློབ་ཁྲིད་བྱེད་པར་ཧ་ཅང་དགའ། ཉིན་ཞིག་ཡོན་ཏན་པ་དེས་སློབ་མར‘འདི་ན་བེམ་པོ་ཞིག་འདུག’ཅེས་པར་ཚིག་འགྲེལ་རྒྱག་སྐབས་སློབ་མ་རྣམས་ཀྱིས་ཚིག་འདིའི་གོ་བ་ལེན་དཀའ་སྙམ་སྟེ། འཕྲལ་དུ་སར་ཉལ་ནས་གྲག་འགུལ་མེད་པར་བསྡད།” དེ་ནས་ཨ་ཕས“འདི་ན་བེམ་པོ་ཞིག་འདུག”ཅེས་འབོལ་ཁྲིའི་སྟེང་དུ་ཉལ་ཏེ་ང་ཚོར་དགོད་ཁ་བསླངས། ཨ་མས་དགོད་ཞོར་དུ“ཁྱོད་ཀྱིས་ལྟོས་དང། ལོ་བཞི་བཅུར་འབུད་ལ་ཁད་ཡོད་ནའང་ད་དུང་བྱིས་པ་ཞིག་དང་ཨ་ན་མ་ན་རེད། ངོ་མ་ཆེ་ཆུང་ཟེར་བ་ཞིག་མི་འདུག”ཅེས་བཤད། ཨ་ཕས་འབོལ་ཁྲིའི་སྟེང་ནས་ཁོག་སྟོད་དྲང་མོ་བྱས་ཏེ“ངས་བཀུར་འོས་པའི་ལྕམ་མོ་ལགས། ཁྱོད་ཀྱིས་ཉོན་དང་ང་ཡིས་བཤད། འདི་ལ་སྤྲོ་བ་ལྡན་ན་ཚེ་ཐག་རིང་ཟེར་བ་རེད། དེ་མིན་ན་ཁྱོད་སྔ་མོ་ནས་ཨ་མ་རྒན་མོ་ཞིག་ཏུ་གྱུར་ཡོད་པ་མིན་ནམ”ཞེས་བཤད་པ་ན། ཁང་པའི་ནང་དུ་དགའ་སྤྲོས་ཁེངས་བྱུང།

ཉོག་གཏམ་བཤད་པར་དགའ་བའི་ཨ་མ།
ཨ་མས་བྱ་བ་ཆེ་ཆུང་གང་ལ་ཕྲད་ཀྱང་ཉོག་གཏམ་བཤད་ནས་ཚར་རྒྱུ་ཞིག་མེད།
སྟོན་ཀའི་ཉིན་ཞིག་ལ་ང་ཚོ་རི་མགོར་སྤྲོ་གསེང་བྱེད་དུ་འགྲོ་རྒྱུ་ཐག་གིས་བཅད། སློབ་གྲོགས་འགས་ཕྱི་རོལ་ན་ང་ལ་སྒུག་ཡོད། ཡིན་ནའང་ཨ་མས་“མཚོ་མོ། ཁྱོད་ཀྱིས་ལྭ་བ་དྲོན་པོ་ཞིག་ཟུངས་དང། དེ་མིན་ན་དྲོས་འཁྱག་འབྱུང་སྲིད། འོ། ད་དུང་བསིལ་གདུགས་འཛིན་དགོས། ཆར་བ་འབབ་རྒྱུ་ཡིན་ན་ཐང་གི”ཞེས་ཉོག་གཏམ་བཤད་བཞིན་འདུག ང་ལ་ཐབས་གཞན་མེད་པར་ལྭ་བ་མཐུག་པོ་ཞིག་རྒྱབ་ཁུག་ནང་དུ་བཅུག་རྗེས་བསིལ་གདུགས་བཟུང་བ་ཡིན་མོད། ཨ་མས་ད་དུང“སྒོར་མོ་བཟུང་ཡོད་དམ་་་་”ཟེར་བར་ང་ལ་སུན་སྣང་སྐྱེས་ཏེ“ཚང་མ་བཟུང་ཡོད”ཅེས་བཤད་ནའང་ཨ་མས་ད་དུང་སེམས་མི་བདེ་བར་“སིལ་ཏོག་ཟ་སྤྱད་ཀྱི་གྲི་ཆུང་ཟུངས་དང”ཞེས་བཤད་ཞོར་དུ་གྲི་ཆུང་ངའི་གློ་ཁུག་ནང་དུ་བཅུག ངས“ཨ་མ། ང་འགྲོ་རྒྱུ་ཡིན”ཞེས་བཤད་ཀྱང་ཁོ་མོས་ད་དུང“ལམ་ནས་རླངས་འཁོར་ལ་སེམས་ཆུང་བྱོས། ངལ་དུབ་བྱུང་ཚེ་ངལ་གསོས། སློབ་གྲོགས་ལ་འཛིང་རེས་བྱེད་མི་ཉན” ཟེར་བཞིན་འདུག ང་སྒོར་བུད་དེ་རྒྱང་རིང་དུ་སོང་ནའང། ཁོ་མོས་ད་དུང་“སྔ་མོ་ནས་ཕྱིར་ལོག གཞུང་ལམ་དུ་རྩེ་མི་ཉན། དགེ་རྒན་གྱི་ཁ་ལོངས་་་་་”ཞེས་གོ་ལ་མི་གོ་བའི་ཉོག་གཏམ་མང་པོ་ཞིག་བཤད་ཀྱིན་འདུག

ཟས་ལ་རྔམ་པའི་ནུ་མོ།
བདག་གི་ནུ་མོ་ནི་གཟུགས་སྐྱེས་ལུས་ཧ་ཅང་ཡག་པའི་བུ་མོ་རིག་རྒོད་ཅིག་ཡིན་ནའང་ཁོ་མོའི་ལྟོ་འདུན་ཧ་ཅང་ཆེ་སྟེ། གུང་ཇ་འཐུང་སྐབས་བདག་གིས་ཚོད་མ་དང་གོ་རེ་ཅོག་ཙེའི་སྟེང་དུ་བཞག་མ་ཐག་ཏུ་ནུ་མོས་སྒོ་ང་གཉིས་སྔ་མོ་ནས་ཟོས་འདུག བདག་གིས་ཁོ་མོར་མིག་ཟུར་གྱིས་ལྟ་ཙམ་བྱས་ཀྱང་ཁོ་མོས་ཅི་མི་སྙམ་པར་ཤ་ལེབ་འགའ་ཁོ་མོའི་དཀར་ཡོལ་ཁར་བཞག་རྗེས“ཧེ་ཧེ”ཞེས་ང་ལ་བལྟས་ནས་དགོད་ཀྱིན་འདུག
ཉིན་ཞིག་ལ་རྨོ་མོས་སིལ་ཏོག་ཀུ་ཤུ་ཁུག་མ་གང་ཁྱེར་ནས་ཡོང་། ང་ཕར་འཁོར་ཚུར་འཁོར་བྱེད་པའི་བར་དུ་སིལ་ཏོག་ཇེ་ཉུང་དུ་སོང་ཟིན། བདག་གིས་ནུ་མོར་བལྟས་པ་ན། ཁོ་མོའི་སྟོད་ལྭའི་ཁུག་མ་དང་རྐང་སྣམ་གྱི་ཁུག་མ་ཚང་མར་སིལ་ཏོག་གང་རེ་བཅུག་ཡོད་པར་མ་ཟད། ད་དུང་ཀུ་ཤུ་ཆེན་པོ་ཞིག་གི་མགོར་སོ་འདེབས་ཀྱིན་འདུག བདག་གིས“ཁྱོད་ནི་དངོས་ནས་སྤྱང་ལྟོགས་ཤིག་དང་ཨ་ན་མ་ན་རེད”ཅེས་གཤེ་གཤེ་བཏང་རུང་། ཁོ་མོས་ད་དུང་“གཅེན་མོ་ཡིན་ན་གྱོང་ཁུར་དགོས་རྒྱུ་རེད། འོ་ན་ཁྱོད་ཀྱིས་ང་ལ་‘ཨ་ཅེ’ཟེར་ནས་བོས་དང་ངས་ཁྱོད་ལ་ཀུ་ཤུ་རེ་སྟེར”ཟེར། དེ་བཞིན་དུ་ང་རང་ནམ་ཡིན་ཡང་ཅི་བྱེད་འདི་བྱེད་མེད་པའི་གནས་སུ་གཏད་འདུག

རྒྱལ་ཁ་གཞན་ལ་མི་སྟེར་བའི་བདག
བདག་ནི་རྒྱལ་ཁ་གཞན་ལ་མི་སྟེར་བ་ཞིག་ཡིན། ཉིན་ཞིག་ལ་བདག་གིས་རྩིས་རྒྱུགས་སྤྲད་པ་ལ་སྐར་གྲངས་བརྒྱད་ཅུ་ལས་མ་ལོན། ཨ་མས་“ཨ་ཧོ། ཁྱོད་རིག་པ་རྣོ་ཟེར་བས་སྐར་གྲངས་བརྒྱ་བླངས་ན་མི་ཆོག་གམ”ཞེས་བཤད། ངས་“སྐར་གྲངས་བརྒྱ་ལེན་ན་བརྒྱ་ལེན། ཐེངས་རྗེས་མར་ཁྱེད་ཀྱིས་ལྟོས་དང”ཞེས་བཤད། དེ་ནས་བཟུང་བདག་གིས་བརྩོན་སེམས་ཀྱི་ཤུགས་བསྐྱེད་དེ་རིག་པ་བསྒྲིམས་ནས་སློབ་ཁྲིད་ལ་ཉན་པ་དང་། ལས་བྱ་ནན་ཏན་གྱིས་བྲིས་པ། རྒྱུགས་སྤྲོད་སྐབས་སླ་བཅོས་གཏན་ནས་མི་བྱེད་པར་བསམ་བློ་ཞིབ་མོ་བཏང་མཐར། བར་རྒྱུགས་ཨང་དང་པོ་བླངས་པ་དང་རྒྱུགས་འབྲས་ལ་སྐར་གྲངས་བརྒྱ་ཐོབ། “ཨ་མ། ཁྱེད་ཀྱིས་ལྟོས་དང། སྐར་གྲངས་དུ་རེད”ཅེས་བདག་གིས་རྒྱུགས་གཞི་ཨ་མར་བསྟན་ཚེ། “ཨ་ལ་ལ། སྐར་མ་བརྒྱ་རེད། དེ་ཡིན་ནའང་ཁྱོད་ལ་ང་རྒྱལ་སྐྱེ་མི་རུང་། རྒྱུགས་སྤྲོད་ཐེངས་རེར་སྐར་གྲངས་བརྒྱ་རེ་བརྩོན་ལེན་བྱེད་དགོས། རྗེས་སུ་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ན་ད་གཟོད་མདུན་ལམ་རྒྱ་ཆེན་པོ་ཡོད་སྲིད”ཅེས་ཨ་མས་སླར་ཡང་ཉོག་གཏམ་རྣར་སུན་པ་དེ་བཤད།
ཐེངས་ཤིག་ལ་སློབ་གྲྭས་ལུས་རྩལ་འགྲན་ཚོགས་བསྡུས་བྱུང། སློབ་གྲོགས་ལ་ལས་རུ་འབྲིང་གི་ལས་བྱེད་པས་ལུས་རྩལ་འགྲན་བསྡུར་ལ་སྣེ་ཁྲིད་མི་བྱེད་པ་ཅི་ཡིན་ཞེས་ཚིག་ཤབ་ཤུབ་བཤད་ཀྱིན་འདུག བདག་གིས་ཞུགས་ན་ཞུགས་བསམ་བཞིན་མི་ཊར་བརྒྱད་བརྒྱ་ལ་བརྒྱུག་རྒྱུ་ཡིན་པའི་མིང་ཐོ་བཀོད། དེ་ནས་བདག་གིས་གཟའ་འཁོར་གཉིས་རིང་ལ་སེམས་ཤུགས་ཡོད་དགུ་བཏོན་ནས་གྲ་སྒྲིག་བྱས་པས། སློབ་གྲྭའི་ལུས་རྩལ་འགྲན་ཚོགས་སྟེང་དུ་བྱ་དགའ་ཨང་གཉིས་པ་བླངས། འཛིན་གྲྭའི་དགེ་རྒན་གྱིས་“ཁྱོད་ལ་བལྟས་ནས་མི་ཤེས་ཀི ཁྱོད་འདི་ལུས་རྩལ་ཕྱོགས་ལ་ཡང་ཧ་ཅང་བྱང་འདུག”ཟེར། བདག་གི་སེམས་ལ་ཁྱོད་ཚོས་བདག་ལ་མཐོང་ཆུང་བྱེད་དགོས་དོན་མེད། བདག་གིས་སེམས་ཐག་བཅད་པ་ན་མི་འགྲུབ་པའི་བྱ་བ་གཅིག་ཀྱང་མེད་སྙམ།
དེར་བརྟེན་གཞན་གྱིས་ང་ལ‘རྣམ་རྒྱལ་མ’ ཞེས་མཚང་མིང་བཏགས་པ་རེད།
ལོ་གསར་གནམ་གང་གི་དགོང་མོ་ནི་ངེད་ཚང་ལ་མཚོན་ན་ཆེས་སྤྲོ་སེམས་རབ་ཏུ་འཁོལ་བའི་དུས་ཤིག་ཡིན། ངེད་ཚང་གིས་ནུབ་འཚལ་འཐུངས་རྗེས། ཡང་ཨ་ཕ་ཡར་ལངས་ནས་སྐད་གསེང་མཐོན་པོས“ལོ་གསར་གནམ་གང་དགོང་མོའི་ཁྱིམ་ཚང་གི་གླུ་གར་འཁྲབ་སྟོན་ད་ལྟ་འགོ་བརྩམ་རྒྱུ་ཡིན། ལེ་ཚན་དང་པོ། གད་མོ་བགད་ནས་གསུས་པ་ན་བ་ཞེས་པ་དེ་འཁྲབ་རྒྱུ་ཡིན། འཁྲབ་མཁན་ནི་བོད་རྒྱལ་ཡོངས་བཞད་གད་སློང་མཁན་བཅུའི་ནང་གི་གཅིག་སྟེ – བསྟན་འཛིན་ཚེ་རིང་ཡིན”ཞེས་བསྒྲགས་པ་དང་མཉམ་དུ་ངེད་ཚང་གི་ཁྱིམ་ཚང་ལ་དགོད་སྒྲས་ཁེངས། ཨ་ཕས་ད་དུང་མུ་མཐུད་དུ་“ལེ་ཚན་གཉིས་པ། ཉོག་གཏམ་དབྱངས་ཀྱི་འགྱུར་ཁུགས་ཞེས་པ་དེ་འཁྲབ་རྒྱུ་ཡིན། འཁྲབ་མཁན་ནི་བོད་རྒྱལ་ཡོངས་ཀྱི་སྐད་གདངས་མཐོ་བའི་གླུ་མ་གྲངས་ཅན་ལྕམ་མོ་ཚེ་རིང་སྒྲོལ་མ་ཡིན”ཞེས་སྒྲོག་བཞིན་པའི་སྐབས་སུ་ཨ་མས་དགོད་ཁ་མི་བསུམ་པར་ཨ་ཕ་ལ་ཁུ་ཚུར་གྱིས་རྡུང་ཅི་ཐུབ་བྱས་ཏེ། ཁ་ནས“མི་རྒན་འདིར་ལྟོས་དང། དངོས་གནས་ཇེ་གླེན་ཇེ་གླེན་རེད”ཟེར། ནུ་མོ་དང་ངེད་གཉིས་སྐད་ཆ་དེར་ཧབ་ཆ་བརྒྱབ་ནས་བགད།

རྩོམ་ཡིག་གི་དཔྱད་མཆན།

སོ་སོར་བརྗོད་པ་ནི་དུས་མཉམ་གཅིག་ལ་ས་ཆ་མི་གཅིག་པ་ན་གནས་པའི་མི་སྣའི་བྱ་འགུལ་སོ་སོར་བརྗོད་པ་དེ་ཡིན། ཆབས་ཅིག་ཏུ་བསྡུས་ཏེ་བརྗོད་པ་ནི་སོ་སོར་བརྗོད་པའི་དོན་རྐྱེན་སྔར་མུས་བཞིན་ཆབས་ཅིག་ཏུ་བསྡུ་བའི་བརྗོད་ཐབས་ཤིག་ཡིན།
སོ་སོར་བརྗོད་པ་ནི་ཕལ་ཆེ་བས་གནས་སྐབས་སུ་ཆབས་ཅིག་ཏུ་བསྡུས་ནས་བརྗོད་པའི་མུ་བཅད་དེ་གཞུང་རྟ་གཅིག་གི་སྟེང་ནས་ཡལ་ག་གཉིས་རེ་བཞིན་བརྗོད་རྗེས་སླར་ཡང་གཞུང་རྟའི་སྟེང་ལ་བབས་ཏེ་སྔར་གྱི་ཁུངས་སྣེར་གཏུག་པའི་བརྗོད་ཐབས་ཤིག་ཡིན། བརྗོད་བྱའི་བྱ་བ་ནི་གཉིས་སམ་གསུམ་གྱི་ཡན་ཡིན་པ་དང་ཡང་ན་མི་སྣ་མང་བོ་ལྡན་པ། བྱ་བའི་འཕེལ་རིམ་རྙོག་འཛིང་ཆེ་བ། དོན་རྐྱེན་དང་དོན་རྐྱེན་བར་གཅིག་ལ་གཅིག་འདྲེས་འདུག་པ་སོགས་ཀྱི་གནས་ཚུལ་དང་ཕྲད་ན་སོ་སོར་བརྗོད་པ་དང་བསྡུས་ཏེ་བརྗོད་པའི་ཐབས་ལམ་སྤྱོད་དགོས། སྔོན་ལ་སོ་སོར་བརྗོད་པ་དང་ཕྱིས་སུ་བསྡུས་ཏེ་བརྗོད་པ། ཡང་ན་སྔོན་ལ་བསྡུས་ཏེ་བརྗོད་པ་དང་ཕྱིས་སུ་སོ་སོར་བརྗོད་རྗེས་སླར་ཡང་བསྡུས་ཏེ་བརྗོད་ཀྱང་ཆོག་གོ འདི་ནི་རྩོམ་པ་པོས་ནམ་ཡང་བཀོལ་བཞིན་འདུག་པའི་སྐད་ཆ་ཕྱོགས་གཉིས་ནས་གླེང་བའི་འབྲི་སྟངས་ཡིན།
སོ་སོ་དང་བསྡུས་ཏེ་བརྗོད་ཚུལ་བཀོལ་ན་མགོ་ཉོག་པའི་དོན་རྐྱེན་གྱི་བྱུང་རིམ་དེ་དག་ཁ་གསལ་ཞིང་དོན་གོ་བ་ཞིག་བརྗོད་ཐུབ་པར་མ་ཟད། མགོ་མཇུག་བར་གསུམ་ཆ་ཚང་བ་ཞིག་ཀྱང་བརྗོད་ཐུབ། ཡིན་ནའང་སློབ་གྲོགས་རྣམས་ཀྱིས་རྩོམ་ཡིག་སྦྱོང་སྐབས་སོ་སོར་བརྗོད་པའམ་བསྡུས་ཏེ་བརྗོད་པའི་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་ཞིག་བྱེད་དགོས།
གོང་དུ་འཁོད་པའི་རྩོམ་ཡིག་“ངེད་ཚང་གི་བཟའ་མི”ཞེས་པའི་རྩོམ་ཡིག་ཏུ་སྔོན་ན་བསྡུས་ཏེ་བརྗོད་པ་དང་དེ་ནས་སོ་སོར་བརྗོད་པ། སླར་ཡང་བསྡུས་ཏེ་བརྗོད་པའི་ཐབས་ལམ་སྤྱད་ཡོད། རྩོམ་མགོ་བརྩམས་མ་ཐག་ཏུ་བསྡུས་ཏེ་བརྗོད་པའི་ཐབས་ལམ་སྤྱད་དེ་“ངེད་ཚང་གི་བཟའ་མི་”ཡི་གནས་ཚུལ་མདོར་བསྡུས་ཤིག་མཚམས་སྦྱོར་བྱས་ཡོད། དེ་ནས་སོ་སོར་ཨ་ཕ་དང་ཨ་མ། ནུ་མོ། “བདག”་བཅས་མི་བཞི་པོའི་གཤིས་ཀའི་ཁྱད་ཆོས་བྲིས་འདུག རྩོམ་མཇུག་ཏུ་སླར་ཡང་བསྡུས་ཏེ་བརྗོད་པའི་ཐབས་ལམ་སྤྱད་དེ། ལོ་གསར་གནམ་གང་གི་དགོང་མོ་ཁྱིམ་ཚང་གང་བོ་ལྷན་དུ་འཛོམས་པ་དང་དགའ་སྤྲོ་རབ་ཏུ་ཁེངས་པའི་གནས་ཚུལ་བྲིས་པར་མ་ཟད། རྩོམ་ཡིག་ཏུ་ཁ་བྱང་ཆུང་ཆུང་བཀོལ་ཏེ། རྩོམ་ཡིག་གི་གྲུབ་ཆ་བཀོད་སྒྲིག་བྱས་པར་གོ་རིམ་གསལ་ཞིང་གྲལ་འགྲིག་པ་ཞིག་བྱས་ཡོད།
རྩོམ་ཡིག་ཏུ་མི་བཞི་བྲིས་པ་དང་མི་བཞི་པོར་རང་རང་གི་གཤིས་ཀ་དང་ཁྱད་ཆོས་རེ་ཡོད། རྩོམ་ཡིག་ནང་དུ་ཁ་བྱང་ཆུང་ཆུང་བཞི་བཀོད་དེ་མི་སྣ་བཞི་པོའི་གཤིས་རྒྱུད་དང་ཁྱད་ཆོས་སོ་སོར་བྲིས་འདུག རྩོམ་པ་པོ་ཆུང་ཆུང་གིས་ཨ་ཕ་འབྲི་སྐབས་“གད་མོ་སློང་བར་དགའ་བའི”ཁྱད་ཆོས་དམ་པོར་བཟུང་ནས“ཨ་ཕ”ཞེས་པའི་མི་སྣའི་སྐད་ཆ་དགོད་བྲོ་བ་དང་ངོ་མཚར་ལྡན་པ་ཞིག་ཡིན་པ་བྲིས་འདུག ཨ་མའི་ཁྱད་ཆོས་ནི“ཉོག་གཏམ་བཤད་རྒྱུར་དགའ་བ”དེ་ཡིན། བདག་སྤྲོ་གསེང་དུ་འགྲོ་སྐབས་ཀྱི་གནས་ཚུལ་བཀོད་དེ་ཨ་མའི་ཞལ་གདམས་ནན་མོ་བསྐྱར་བཤད་བྱས་པ་སོགས་ལས་མི་སྣའི་གཤིས་ཀའི་ཁྱད་ཆོས་ལྷུག་པར་མཚོན་ཡོད་པར་མ་ཟད། ཨ་མས་ཉོག་བཤད་བྱས་པའི་ཁྱད་ཆོས་ལས་ཨ་མ་བུ་མོར་བྱམས་སེམས་ཆེ་བ་དེ་ཡང་བལྟས་ན་རིག་པ་དང་ཉན་ན་གོ་བ་ལྟ་བུའི་གསོན་ཉམས་ལྡན་འདུག ནུ་མོ་ཟས་ལ་རྔམ་པ་བྲིས་པ་ཡང་འབུར་དུ་ཐོན་ཡོད། “བདག”འབྲི་སྐབས་བྱ་བ་ཆུང་ཆུང་གཉིས་བྲིས་ཏེ། བདག་གི་རྒྱལ་ཁ་གཞན་ལ་མི་སྟེར་བའི་གཤིས་ཀ་དེ་མངོན་པར་མཚོན་ཡོད། བདག་གི་ཁྱིམ་ཚང་གང་བོ་ཡི་མི་སྣ་བཞི་པོ་འབྲི་སྐབས་རྒྱུ་ཆ་བདམས་པ་ཚང་མ་འཚོ་བའི་ཁྲོད་ཀྱི་བྱ་བ་དུམ་བུ་རེ་ཡིན་པས། མི་སྣའི་གཤིས་ཀའི་ཁྱད་ཆོས་དམ་པོར་བཟུང་ནས་སོ་སོར་བརྗོད་པ་དང་བསྡུས་ཏེ་བརྗོད་པ་གཉིས་ཟུང་སྦྲེལ་བྱེད་པའི་ཐབས་ལམ་སྤྱད་དེ། རྩོམ་ཡིག་གི་བརྗོད་དོན་གཙོ་བོ་འབུར་དུ་ཐོན་ཞིང་གོ་རིམ་ལྡན་པ་ཞིག་བྲིས་ཡོད།