རྩོམ་ཡིག

གོ་དོན།

ཇི་བཞིན་བརྗོད་པའི་རྩོམ་ཡིག་ནི་རྒྱས་བཤད་དང་ཞིབ་འབྲིའི་ཐབས་ལ་བརྟེན་ནས་མི་སྣ་དང་བྱ་བ། ཡུལ་ལྗོངས། དངོས་པོའི་རྣམ་པ་བཅས་འབྲི་བའི་རྩོམ་ཡིག་ལ་ཟེར།
ཇི་བཞིན་བརྗོད་པའི་རྩོམ་ཡིག་སྐོར་གྱི་ཤེས་བྱ་ཡག་པོ་ཞིག་ངེས་པ་ལ། དེ་དང་འབྲེལ་བའི་ཆེད་སྤྱོད་ཀྱི་ཐ་སྙད་དག་ལ་གོ་བ་ལོན་དགོས། གཤམ་དུ་འབྲེལ་ཡོད་ཀྱི་ཆེད་སྤྱོད་ཐ་སྙད་དག་ལ་འགྲེལ་བ་མདོར་བསྡུས་རེ་བྱས་ཏེ་ངོ་སྤྲོད་པར་བྱ།

རྒྱས་བཤད།

རྒྱས་བཤད་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་ཆེས་རྩ་བའི་མཚོན་ཐབས་ཤིག་ཡིན། དེའི་ནུས་པ་ནི་མི་སྣ་ཞིག་གི་འཚོ་བའི་བརྒྱུད་རིམ་ངོ་སྤྲོད་པ་དང། མི་སྣའི་བར་གྱི་འབྲེལ་བ་ངོ་སྤྲོད་པ། དོན་རྐྱེན་བྱུང་བའི་དུས་ཚོད་དང་ཡུལ། འབྱུང་ཁུངས་དང་འཕེལ་རིམ་སོགས་ངོ་སྤྲོད་པ་བཅས་ཡིན།
རྒྱས་བཤད་ལ་སྤྱིར་རིགས་གཉིས་ཡོད་པ་སྟེ། སྤྱིའི་རྒྱས་བཤད་དང་བྱེ་བྲག་གི་རྒྱས་བཤད་དོ། །སྤྱིའི་རྒྱས་བཤད་ནི་བརྗོད་འདོད་ཀྱི་དངོས་པོ་དེ་སྤྱི་ཁོག་ཙམ་མམ་ཡང་ན་རགས་བསྡུས་ཤིག་ངོ་སྤྲོད་བྱེད་པ་ཡིན་པས། ཀློག་པ་པོ་རྣམས་ཀྱིས་སྤྱི་ཁོག་ཙམ་ཞིག་ཤེས་པར་བྱེད་ནུས། བྱེ་བྲག་གི་རྒྱས་བཤད་ནི་བརྗོད་འདོད་ཀྱི་དངོས་པོ་དེ་ཕྲ་ཞིབ་ཀྱི་སྒོ་ནས་བརྗོད་དགོས་པ་ཡིན་པས། ཀློག་མཁན་རྣམས་ལ་གསོན་ཉམས་ལྡན་པའི་སྣང་བ་སྟེར་ཐུབ།
རྒྱས་བཤད་བྱེད་ཐབས་ལ་ནང་གསེས་དབྱེ་ན་རིམ་བརྗོད་དང་ལྡོག་བརྗོད། བར་བཅུག། མཉམ་བརྗོད་བཅས་བཞི་ཡོད། རིམ་བརྗོད་ནི་མི་སྣ་དང་དོན་རྐྱེན་གང་རུང་ཞིག་གི་འཕེལ་རྒྱས་དང་འགྱུར་ལྡོག་གི་གོ་རིམ་རྣམས་ཇི་བཞིན་དུ་བརྗོད་པ་ཡིན་ཏེ། ཐོག་མར་འགོ་ཇི་ལྟར་ཚུགས་པ་དང་བར་དུ་ཇི་ལྟར་འཕེལ་བ། མཐའ་མར་ཇི་ལྟར་མཇུག་རྫོགས་པ་སོགས་གོ་རིམ་ལྟར་བརྗོད་པ་ཡིན། དེ་ལྟར་བརྗོད་ཚེ་རྩོམ་ཡིག་གི་སྒྲིག་རིམ་དང་ཚན་པ། ནང་དོན་གྱི་འཕེལ་རིམ་རྣམས་དཀྱུས་གཅིག་ཏུ་གནས་ཤིང་ཀློག་མཁན་གྱི་སེམས་ལ་གསལ་ལྷང་ངེར་འཆར་ཐུབ། ལྡོག་བརྗོད་ནི་བརྗོད་པར་འདོད་པའི་དོན་དེའི་མཇུག་འབྲས་སམ་ཡང་ན་བརྗོད་བྱའི་དོན་གྱི་གནད་ཆེའི་ཚན་པ་ཞིག་རྩོམ་ཡིག་གི་འགོ་རུ་བྲིས་ཏེ། སླར་རིམ་པ་བཞིན་དོན་རྐྱེན་དེ་ཇི་ལྟར་བྱུང་བའི་སྐོར་འབྲི་བ་ཡིན། དེ་ལྟར་འབྲི་བའི་དགོས་པ་ནི་བརྗོད་དོན་ལ་དོ་སྣང་ཡོང་བ་དང་བརྗོད་དོན་གཙོ་བོ་འབུར་ཐོན་ཡོང་བའི་ཆེད་དུ་རེད། བར་བཅུག་གམ་གསབ་བརྗོད་ནི་བརྗོད་པར་བྱ་བ་དེའི་དགོས་དབང་གི་ཆེད་དུ་རྗོད་བཞིན་པའི་དོན་རྐྱེན་དེ་མུ་མཐུད་དུ་མི་བརྗོད་པར། བརྗོད་དོན་དེ་དང་འབྲེལ་བ་ཡོད་པའི་དོན་གཞན་ཞིག་སྲུབས་འཇུག་བྱས་ནས་བརྗོད་རྗེས་སླར་དོན་དེ་མུ་མཐུད་བརྗོད་པ་ཡིན། བར་བཅུག་ཀྱི་ནང་དོན་དེ་བརྗོད་བྱའི་ནང་དོན་དངོས་དང་འབྲེལ་བ་ཤིན་ཏུ་ཆེ་བའི་སྔར་འདས་ཀྱི་བྱ་བ་ཞིག་གམ་ཡང་ན་དོན་དེར་འགྲེལ་བཤད་བྱས་པ་ལྟ་བུ་ཞིག་ཡིན་དགོས། བར་བཅུག་ཀྱིས་རྩོམ་ཡིག་གི་སྒྲིག་གཞི་གོ་རིམ་ལྡན་ཞིང། ནང་དོན་ཕུན་སུམ་ཚོགས་པ། བརྗོད་སྙིང་འབུར་དུ་ཐོན་པ་བཅས་ཀྱི་ནུས་པ་ཐོན་གྱི་ཡོད། མཉམ་བརྗོད་ནི་བྱ་བ་མི་འདྲ་བ་གཉིས་ཡན་ཆད་ལྷན་ཅིག་ཏུ་བྱུང་བ་ལྟར་བརྗོད་པ་ཡིན་ཏེ། བརྗོད་ཚུལ་རང་ངོས་ནས་བལྟས་ན་རིམ་བརྗོད་ཡིན་ཡང་བརྗོད་འདོད་ཀྱི་དོན་དེའི་དུས་ཚོད་ཀྱི་སྟེང་ནས་བལྟས་ན་མཉམ་བརྗོད་ཡིན།

ཞིབ་འབྲི།

ཞིབ་འབྲི་ཞེས་པ་ནི་གསོན་ཉམས་ལྡན་པའི་ཚིག་གི་སྦྱོར་བ་ལ་བརྟེན་ནས་མི་སྣ་དང་དོན་རྐྱེན། ཡུལ་ལྗོངས་སོགས་ཞིབ་ཕྲ་དང་གཟུགས་སྣང་གི་སྒོ་ནས་འབྲི་བ་ལ་ཟེར་ཞིང། དེ་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་མཚོན་ཐབས་ཤིག་ཡིན། ང་ཚོས་ཞིབ་འབྲི་བྱས་པ་བརྒྱུད་ནས་བྲི་ཡུལ་དེ་མིག་ལམ་དུ་མངོན་སུམ་འཆར་རྒྱུ་ཡོད་པ་ལྟ་བུ་ཞིག་དགོས་པ་མ་ཟད། རེག་ན་ཚོར་རྒྱུ་དང་ཉན་ན་ཐོས་རྒྱུ། མྱངས་ན་བྲོ་བ་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་ཀྱང་སྟེར་ཐུབ་པ་དགོས།
ཞིབ་འབྲི་ལ། དབྱེ་ཚུལ་མི་འདྲ་བ་ཡོད་དེ། ཞིབ་འབྲིའི་ལམ་སྲོལ་དང་ཕྲ་རགས་ཀྱི་ཆ་ནས་དབྱེ་ན་སྐྱ་འབྲི་དང་རྒྱས་འབྲི་གཉིས་སུ་དབྱེ་ཆོག་ལ། ཞིབ་འབྲི་བྱེད་ཐབས་ཀྱི་སྟེང་ནས་དབྱེ་ན་ཐད་འབྲི་དང་བརྒྱུད་འབྲི་གཉིས་ཡོད། ཡང་ཞིབ་འབྲི་བྱ་ཡུལ་གྱི་སྟེང་ནས་དབྱེ་ན་མི་སྣ་ཞིབ་འབྲི་དང་ཡུལ་ལྗོངས་ཞིབ་འབྲི་(གནས་ཡུལ་ཞིབ་འབྲི་ཡང་ཁོངས་སུ་གཏོགས།) གཉིས་ཡོད།
༡། སྐྱ་འབྲི་(རགས་བྲིས་ཀྱང་ཟེར)དང་རྒྱས་འབྲི།
སྐྱ་འབྲི་ནི་བྱ་དངོས་ཀྱི་ཁྱད་ཆོས་གཙོ་བོ་བཟུང་སྟེ། ཚིག་རྒྱན་གྱིས་མ་སྤྲས་པར་བབ་ཆགས་ཀྱི་རྣམ་པ་འབྲི་བ་ལ་ཟེར་ཞིང། རྒྱས་འབྲི་ནི་མི་སྣ་དང་བྱ་དངོས་གང་ཞིག་གི་ཁྱད་ཆོས་གཙོ་བོ་བཟུང་སྟེ་ཕྲ་ཞིང་ཞིབ་པའི་སྒོ་ནས་འབྲི་བ་ལ་ཟེར་ཏེ། ཞིབ་འབྲི་བྱེད་ཚུལ་འདི་ལ་དཔེ་དང་གཟུགས་རྒྱན། རབ་བཏགས་དང་ཕུལ་བྱུང་གི་རྒྱན་སོགས་བེད་སྤྱོད་དགོས།
༢། ཐད་འབྲི་དང་བརྒྱུད་འབྲི།
ཐད་འབྲི་(དྲང་འབྲི་ཡང་ཟེར།)ནི་མི་སྣ་དང་དོན་རྐྱེན། ཡུལ་ལྗོངས་ཀྱི་བཀོད་པ་སོགས་ཐད་ཀར་རམ་དྲང་པོར་བརྗོད་པ་ལ་ཟེར་ཞིང། བརྒྱུད་འབྲི་ནི་ཞིབ་འབྲི་བྱ་ཡུལ་དེ་ཐད་ཀར་དུ་མི་འབྲི་བར་མི་སྣ་དང་བྱ་དངོས་གཞན་བྲིས་པ་བརྒྱུད་ནས་འབུར་དུ་ཐོན་པར་བྱེད་པ་ལ་ཟེར། བརྒྱུད་འབྲི་བྱེད་སྐབས་གཞན་གྱི་ལྟ་ཚུལ་དང་གཏམ་གླེང་ལ་བརྟེན་ནས་ཞིབ་འབྲི་བྱ་ཡུལ་དེ་བརྒྱན་ནུས་པ་མ་ཟད། ཁོར་ཡུག་ལ་བརྟེན་ནས་ཀྱང་གཟེངས་སུ་ཐོན་པར་བྱེད་ནུས། དཔེར་ན་《སྙན་ངག་མེ་ལོང་མ་》ལས་བསྟན་པའི་སྐབས་མིན་བསྟོད་པའི་རྒྱན་ལ་སོགས་པའོ། །
༣། མི་སྣ་ཞིབ་འབྲི་དང་གཟུགས་རིས་ཞིབ་འབྲི།
མི་སྣ་ཞིབ་འབྲི་ནི་མི་སྣའི་གཟུགས་དབྱིབས་དང་སྐད་ཆ། བསམ་སྤྱོད་ཀྱི་འགྱུར་བ་ལ་སོགས་ཁྱད་ཆོས་ཐུན་མོང་མ་ཡིན་པ་འབྲི་བ་ལ་ཟེར། དེ་ཡང་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་ནང་དོན་གཙོ་བོ་ནི་མི་སྣ་འབྲི་བ་ཡིན་ཏེ། དོན་རྐྱེན་གཙོ་བོར་བརྗོད་པའི་རྩོམ་ཡིག་ཀྱང་མི་སྣ་དང་ཁ་འབྲལ་མི་རུང་། དེའི་ཕྱིར་རྩོམ་པ་པོ་རྣམས་ཀྱིས་སྔར་ནས་བཟུང་མི་སྣ་ཞིབ་འབྲི་བྱེད་པར་མཐོང་ཆེན་བྱེད། མི་དང་མིའི་བར་གྱི་ཁྱད་པར་ནི་གཟུགས་དབྱིབས་དང་སྐད་ཆའི་སྟེང་ནས་མངོན་པ་ཙམ་མ་ཟད། གཙོ་བོ་མིའི་རང་བཞིན་དང་བསམ་པའི་སྟེང་ནས་མངོན་གྱི་ཡོད། ང་ཚོས་མི་སྣ་འབྲི་སྐབས། གཙོ་བོ་མི་སྣའི་རང་བཞིན་མི་འདྲ་བ་དང་བསམ་པའི་དྲན་འཆར་མི་འདྲ་བའི་ཁྱད་ཆོས་རྣམས་འབྲི་དགོས་ཤིང། སྤྱིར་ན་གཟུགས་དབྱིབས་དང་སྐད་ཆ། བྱ་སྤྱོད། ཡིད་ཀྱི་འགྱུར་བ་བཅས་ཕྱོགས་བཞིའི་ཐོག་ནས་འབྲི་དགོས།
གཟུགས་དབྱིབས་ཞིབ་འབྲི་ཞེས་པ་ནི་རྩོམ་ཡིག་ཏུ་བྲིས་པའི་མི་སྣའི་གཟུགས་ཀྱི་ཁྱད་ཆོས་ཏེ། བྱད་བཞིན་དང། རྣམ་འགྱུར། གྱོན་གོས་སོགས་ཞིབ་འབྲི་བྱེད་པ་ལ་ཟེར། མི་སྣའི་རང་གཤིས་མཚོན་པའི་གཟུགས་དབྱིབས་ཤིག་འབྲི་དགོས་ན། དེའི་སྤྱི་ཚོགས་ཀྱི་གོ་གནས་དང་འཚོ་བའི་ཆ་རྐྱེན། ཁོར་ཡུག་དང་སེམས་ཀྱི་ཆགས་སྡང་སོགས་ལ་ཞིབ་ཏུ་བརྟག་དགོས། དེ་དག་ཇི་ལྟ་བུ་ཞིག་འབྲི་བར་དེ་ལྟ་བུའི་ཉམས་ཞིབ་བྱེད་དགོས།
སྐད་ཆ་ཞིབ་འབྲི་ནི་མི་སྣས་གཏམ་གླེང་བྱེད་པ་མཐའ་དག་ཞིབ་འབྲི་བྱེད་པ་ལ་ཟེར་ཏེ། མི་གཉིས་སམ་མང་པོ་གླེང་མོལ་བྱེད་པའམ་ཡང་ན་མི་གཅིག་གིས་ཁེར་ལབ་བྱེད་པ་སོགས་ཀྱང་འདུ་བ་ཡིན། དེའི་ནུས་པ་ནི་ཐད་འབྲིའི་སྐབས་དགོས་པ་མེད་པའི་བྱུང་རིམ་དང་ཁོར་ཡུག་སོགས་དེ་ལ་བརྟེན་ནས་བརྗོད་ཆོག་ལ། མི་སྣའི་རང་བཞིན་དང་སེམས་ཁམས། མི་སྣའི་བར་གྱི་འབྲེལ་བ་སོགས་མཚོན་ཐུབ་པར་མ་ཟད། སྐབས་རེར་གཏམ་རྒྱུད་བྱུང་རིམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པའང་འདོན་ཐུབ།
བྱ་སྤྱོད་ཞིབ་འབྲི་ཞེས་པ་ནི་མི་སྣའི་སེམས་ཀྱི་འགྱུར་བ་དང་རང་བཞིན་མཚོན་ཐུབ་པའི་བྱ་སྤྱོད་དང་འགུལ་སྐྱོད་འབྲི་བ་ལ་ཟེར། མི་ནི་འགུལ་སྐྱོད་ལ་བརྟེན་ནས་འཚོ་བ་དང། དོན་རྐྱེན་ཡོད་ཚད་མིའི་འགུལ་སྐྱོད་ལ་བརྟེན་ནས་བྱུང་བ་ཡིན་པས། མི་སྣའི་བྱ་སྤྱོད་ཞིབ་འབྲི་མ་བྱས་ན་མི་སྣ་ལེགས་པོ་ཞིག་འབྲི་མི་ཐུབ།
ནང་སེམས་ཀྱི་འགྱུར་བ་ཞིབ་འབྲི་ཞེས་པ་ནི། ཁོར་ཡུག་ངེས་ཅན་ཞིག་ནང་བྲི་ཡུལ་དུ་གྱུར་བའི་མི་སྣ་དེའི་ལྟ་ཚུལ་དང་ཚོར་བ། རྣམ་པར་རྟོག་པ་སོགས་སེམས་ཀྱི་འགྱུར་བ་འབྲི་བ་ལ་ཟེར་ཏེ། དེའི་དམིགས་ཡུལ་ནི་མི་སྣའི་རང་བཞིན་གསལ་རྗེན་དུ་ཐོན་པ་དང་ཕྱི་ཚུལ་དུ་མངོན་མི་ཐུབ་པའི་ནང་སེམས་ཀྱི་འགྱུར་བ་དེ་གཟུགས་ཅན་དུ་མཚོན་པར་བྱེད་པ་དེ་ཡིན།
ཁོར་ཡུག་ནི་མི་རྣམས་ཀྱི་མཐའ་སྐོར་གྱི་གནས་ཚུལ་དང་ཆ་རྐྱེན་ལ་བྱ་སྟེ། དབྱེ་ན་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་ཡོད། དེ་གཉིས་སོ་སོའམ་ཐུན་མོང་ཐོག་མི་སྣའི་བྱ་སྤྱོད་སྤེལ་སའི་“རྒྱབ་ཡོལ་”དང་མི་སྣ་འགུལ་སྐྱོད་བྱེད་སའི་“གར་སྟེགས”ཤིག་མཁོ་འདོན་བྱས་པ་དེ་ལ་གནས་དུས་ཞེས་ཟེར་བ་ཡིན། གནས་དུས་ཡག་པོ་ཞིག་འབྲི་ཐུབ་ཚེ། ད་གཟོད་རྩོམ་ཡིག་ལ་ཉམས་འགྱུར་ལྡན་ཞིང། གཏམ་རྒྱུད་བྱུང་རིམ་གྱི་འཕེལ་རྒྱས་དང་མི་སྣའི་རང་བཞིན་འབྲི་བ་ལ་ནུས་པ་འདོན་ཐུབ། གཤམ་དུ་ང་ཚོས་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་རེ་རེ་བཞིན་འཆད་པར་བྱའོ། །
ང་ཚོ་ནི་རང་བྱུང་ཁམས་དང་འབྲལ་ཐབས་མེད་ལ་དུས་དང་རྣམ་པ་ཀུན་ཏུ་རང་བྱུང་ཁམས་ཆེན་པོས་དྲིན་གྱིས་སྐྱོང་བཞིན་ཡོད་པ་མ་ཟད། རང་བྱུང་ཁམས་ལ་འཐབ་རྩོད་ཀྱང་བྱེད་བཞིན་མཆིས། རང་བྱུང་ཁམས་ནི་རྒྱ་ཆེ་ལ་དེ་སྟེང་གི་དངོས་པོ་ཡང་མཐའ་ཡས། དུས་བཞིའི་ཚ་གྲང་དང་ཉི་ཟླའི་འཆར་ནུབ་ཀྱི་འགྱུར་ལྡོག་སོགས་ལ་ཉམས་འགྱུར་ལྡན་ཞིང་དེ་ཡིས་ང་ཚོའི་འཚོ་བ་དང་བསམ་བློ་ལ་ཤན་ཤུགས་གཏོང་བཞིན་ཡོད། དེས་ན་དོན་རྐྱེན་གཙོ་བོར་འབྲི་བའི་རྩོམ་ཡིག་ཡིན་ནའང་འདྲ། མི་སྣ་གཙོ་བོར་འབྲི་བའི་རྩོམ་ཡིག་ཡིན་ཀྱང་རུང། ཡོད་ཚད་རང་བྱུང་ཁོར་ཡུག་ཞིབ་འབྲི་བྱེད་པ་དང་འབྲལ་ཐབས་མེད། ང་ཚོས་རང་བྱུང་ཁོར་ཡུག་ཞིབ་འབྲི་བྱས་པ་ལ་བརྟེན་ནས་རྩོམ་ཡིག་ལ་ཉམས་འགྱུར་སྟོན་པ་དང་རང་བྱུང་ཁོར་ཡུག་དེ་མི་སྣ་འགུལ་སྐྱོད་བྱེད་སའི་གནས་ཡུལ་ཞིག་དང་རྒྱབ་ལྗོངས་ཤིག་ཏུ་འཇོག་དགོས་ལ། དེ་ཡང་ཚིག་ཉུང་ཞིང་དོན་གསལ་བ་དང་སྐབས་རེར་ཚིག་རེ་འགའི་ནང་དུ་བྲིས་ནའང་ཆོག མཛེས་ཤིང་སྡུག་པའི་ཡུལ་ལྗོངས་ཤིག་འབྲི་བ་ནི་དེ་འདྲའི་ཁག་པོ་ཞིག་མིན་ཏེ། མི་ཕལ་བ་ཞིག་གིས་ཀྱང་“ནམ་མཁའ་གཡའ་དག་ཅིང་ཉི་འོད་ཀུན་ཏུ་འཕྲོ་”ཞེས་པ་ལྟ་བུའི་ཚིག་རྐང་འགའ་བརྗོད་ཤེས་མོད། འོན་ཀྱང་ཡུལ་དུས་དང་འཚམས་པའི་ཡུལ་ལྗོངས་ངོ་མཚར་ཅན་ཞིག་འབྲི་བ་ནི་དེ་འདྲའི་ལས་སླ་པོ་ཞིག་མ་ཡིན། དེས་ན་ཡུལ་ལྗོངས་ངོ་མཚར་ཅན་ཞིག་འབྲི་དགོས་ན་གཤམ་གྱི་ཕྱོགས་གསུམ་ལ་སྦྱངས་པ་བྱ་དགོས། དང་པོ། ཡུལ་ལྗོངས་ཞིབ་ལྟ་བྱེད་པར་མཁས་པ། གཉིས་པ། བྲི་བྱའི་ཡུལ་ལྗོངས་ཀྱི་ཕྱོགས་གང་ཞིག་འདེམས་གསེས་བྱེད་པ་ལ་མཁས་པ། གསུམ་པ། ཚིག་དོན་གྱི་ཉམས་འགྱུར་ལ་མཁས་པ་བཅས་སོ། །
ང་ཚོའི་འཚོ་བ་ནི་རང་བྱུང་ཁམས་དང་འབྲལ་མི་ནུས་པ་མ་ཟད་སྤྱི་ཚོགས་དང་ཡང་འབྲལ་ཐབས་མེད། ང་ཚོས་བཤད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅེས་པ་ནི་མི་སྣ་འགུལ་སྐྱོད་བྱེད་སའི་ཁོར་ཡུག་ལ་བརྗོད་པ་དང། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་ཚད་ངེས་ཅན་ཞིག་ལ་སླེབས་སྐབས་ཀྱི་དངོས་པོའི་ལོངས་སྤྱོད་དང་བསམ་པའི་ལོངས་སྤྱོད་གསར་སྐྲུན་བྱས་པའི་སྤྱི་འདུས་ཤིག་ལ་ཟེར། དེའི་ནང་སྡོད་གནས་ཀྱི་རྣམ་པ་དང་ཐོན་སྐྱེད་ཀྱི་ཆ་རྐྱེན། ཡུལ་སྲོལ་གོམས་གཤིས་དང། རིག་གནས་སྒྱུ་རྩལ་སོགས་འདུས་ཡོད།

རྒྱས་བཤད་དང་ཞིབ་འབྲིའི་ཁྱད་པར་ནི།

བྱ་བ་ཞིག་ཐོག་མར་བྱུང་བ་དང་བར་དུ་འཕེལ་བ། མཇུག་ཏུ་འབྲས་བུ་སྨིན་པ་ལ་སོགས་པའི་གོ་རིམ་དང་། བྱ་བ་བྱེད་པོ། དུས་ཚོད། བྱ་ཡུལ་སོགས་ངོ་སྤྲོད་པའི་ཚུལ་གྱིས་བརྗོད་པ་ཞིག་ཡིན་ན་རྒྱས་བཤད་ཡིན་ཞིང། ཞིབ་འབྲི་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོགས་གང་རུང་གི་ཉམས་འགྱུར་གསོན་ཉམས་ལྡན་པར་བྲིས་ཏེ། ཀློག་མཁན་གྱི་ཡིད་ལ་བདེ་སྡུག་གི་ཚོར་བ་ལྷང་ལྷང་བསྐྱེད་ཐུབ་པ་ཞིག་ཡིན་དགོས།

བློས་བསླང་དང་སྒྲིག་གཞི།

ང་ཚོས་རྩོམ་ཡིག་གི་རྒྱུ་ཆ་འདེམས་སྒྲུག་བྱས་ཤིང་བསམ་བློའི་སྙིང་པོ་གཏན་ལ་ཕབ་རྗེས། ད་གཟོད་རྩོམ་ཡིག་གི་བློས་བསླང་དང་སྒྲིག་གཞི་ལ་བསམ་བློ་གཏོང་དགོས།
བློས་བསླང་ནི་རྩོམ་ཡིག་འབྲི་སྐབས་བསམ་བློའི་སྙིང་པོར་རམ་འདེགས་བྱེད་པ་ལ་དམིགས་ནས་རྒྱུ་ཆ་རྣམས་གོ་རིམ་ལྡན་ཞིང་འབྲེལ་ཆགས་ལ་རྒྱུན་གཅིག་ཏུ་སྦྲེལ་བའི་བསམ་གཞིགས་ཀྱི་གོ་རིམ་ཞིག་ལ་ཟེར། འགོ་ཇི་ལྟར་འཛུགས་པ་དང་མཇུག་ཇི་ལྟར་བསྡུ་བ། ཇི་ལྟར་དོན་ཚན་དབྱེ་བ་དང་ཇི་ལྟར་མཚམས་སྦྱོར་བྱེད་པ། སྐབས་གང་ནས་བར་བརྒལ་བྱེད་པ་དང་སྐབས་གང་དུ་རམ་འདེགས་བྱེད་པ། མཚམས་གང་ནས་རྨང་འདིང་པ་དང་མཚམས་གང་དུ་ཛ་དྲག་ཏུ་གཏོང་བ་སོགས་རེ་རེ་བཞིན་གཏན་ལ་ཕབ་རྗེས་ད་གཟོད་སྒྲིག་གཞི་གྲུབ་པ་ཡིན།
ང་ཚོས་འདི་ལྟར་བཤད་རུང་སྟེ། ཐོག་མར་བློས་བསླང་བྱེད་དགོས་པ་དང་རྗེས་སུ་སྒྲིག་གཞི་གྲུབ་དགོས། བློས་བསླང་ནི་སྒྲིག་གཞི་བཀོད་སྒྲིག་བྱེད་པའི་(རྩོམ་ཁོག་འབུབ་པ)རྨང་གཞི་ཡིན་ཞིང་སྒྲིག་གཞི་ནི་བློས་བསླང་བྱས་པའི་རྣམ་པ་ཡིན། དེ་གཉིས་ཀྱི་བར་ལ་འབྲེལ་བ་དམ་པོ་ཞིག་ཡོད་པས་དབྱེ་བ་གསལ་པོར་འབྱེད་དཀའ།
དེས་ན་ང་ཚོས་གཤམ་དུ་རྩོམ་ཡིག་གི་སྒྲིག་གཞི་བཤད་པར་བྱ་སྟེ་བློས་བསླང་ཡང་དེ་རུ་འདུ་བ་ཡིན། རྩོམ་ཡིག་ནི་ནང་དོན་དང་རྣམ་པའི་གཅིག་འདུ་ཡིན་ཏེ། རྒྱུ་ཆ་དང་བསམ་བློའི་སྙིང་པོ་ནི་རྩོམ་ཡིག་གི་ནང་དོན་ཡིན་ལ། རྩོམ་ཡིག་གི་རྣམ་པ་ནི་སྐད་ཆ་དང་སྒྲིག་གཞི་ཡིན། ང་ཚོས་བསམ་བློའི་སྙིང་པོ་ནི་རྩོམ་ཡིག་གི་“བླ་སྲོག་”ཏུ་དཔེ་བླངས་པ་དང། རྒྱུ་ཆ་ནི་རྩོམ་ཡིག་གི་ཤ་ཁྲག་ལ་དཔེ་བླངས་པ་ཇི་བཞིན། སྒྲིག་གཞི་ནི་རྩོམ་ཡིག་གི་རུས་སྒྲོམ་ལ་དཔེ་བླངས་ན་འགྲིག
སྒྲིག་གཞི་བཀོད་སྒྲིག་བྱེད་པ་ལ་རྩ་དོན་གསུམ་ཡོད། དང་པོ། སྒྲིག་གཞི་བཀོད་སྒྲིག་བྱེད་སྐབས་ངེས་པར་དུ་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ནང་གི་འབྲེལ་བར་བསྟུན་དགོས། དཔེར་ན་ཇི་བཞིན་བརྗོད་པའི་རྩོམ་ཡིག་ནང་མི་དང་དོན་རྐྱེན་འབྲི་བ་ཡིན་པས། རྩོམ་ཁོག་འབུབ་སྐབས་མི་སྣའི་རང་བཞིན་(གཤིས་ཀ)གྲུབ་ཚུལ་དང་འཕེལ་རྒྱས་འགྲོ་བའི་གོ་རིམ། དོན་རྐྱེན་འགྱུར་ལྡོག་འགྲོ་བའི་བརྒྱུད་རིམ་བཅས་ལ་ཡིད་འཇོག་བྱེད་དགོས་ཏེ། ཡུལ་དུས་ཀྱི་འཕོ་འགྱུར་གྱིས་ནུས་པ་གལ་ཆེན་འདོན་ཐུབ་པ་ཡིན།
གཉིས་པ། སྒྲིག་གཞི་བཀོད་སྒྲིག་བྱེད་སྐབས་ངེས་པར་དུ་བསམ་བློའི་སྙིང་པོ་འདོན་པ་ལ་དམིགས་དགོས། བསམ་བློའི་སྙིང་པོ་ནི་རྩོམ་ཡིག་གི་བླ་སྲོག་ཡིན་པས། དོན་ཚན་དང་ཚན་པ་མང་ཉུང་ངམ། རྩོམ་གྱི་སྔ་གཞུག་གི་གོ་རིམ་དང་མགོ་འཛུགས་པ་དང་། མཇུག་བསྡུ་བའི་བཀོད་སྒྲིག་སོགས་གང་ཡིན་རུང་དེ་དག་གིས་བསམ་བློའི་སྙིང་པོ་འབུར་དུ་ཐོན་པར་རམ་འདེགས་བྱེད་དགོས།
གསུམ་པ། སྒྲིག་གཞི་བཀོད་སྒྲིག་བྱེད་སྐབས་ངེས་པར་དུ་ལད་མོ་དང་གསར་གཏོད་གཉིས་ཟུང་འབྲེལ་བྱ་རྒྱུ་དེ་གསར་སློབ་པ་ཞིག་གི་ངོས་ནས་ཞུས་ན་ལྷག་པར་དུ་གལ་ཆེ། དེས་ན་རྒྱུན་དུ་རྩོམ་ཡིག་བཀླགས་པ་དང་ནང་དོན་ལ་བསམ་བློ་གཏོང་བ། རྩོམ་འབྲི་ལ་སྦྱངས་པ་བྱེད་པ་བཅས་བྱ་དགོས་ལ། ལྷག་པར་དུ་གྲགས་ཅན་གྱི་རྩོམ་ཡིག་ཀློག་པའི་སྐབས་སུ་རྩོམ་ཡིག་དེ་ཚོའི་རྩོམ་ཁོག་འབུབ་སྟངས་ལ་བསམ་བློ་ཡང་ཡང་བཏང་སྟེ་རང་གིས་ལད་མོ་བྱས་ནས་སྦྱོང་དགོས། འོན་ཀྱང་ལད་མོ་བྱས་པ་ཙམ་གྱིས་ཡིད་ཚིམ་མི་རུང་བར་ལད་མོའི་རྨང་གཞིའི་ཐོག་གསར་གཏོད་བྱས་ནས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འགྲོ་ལམ་ཞིག་གཏོད་རྒྱུ་གལ་ཆེ། གཞན་ཡང་ང་ཚོས་རྩོམ་ཡིག་གི་སྤྱི་ཁོག་འབུབ་སྟངས་སློབ་དགོས་ཏེ། རྩོམ་ཡིག་མ་བྲིས་གོང་དུ་བློས་བསླང་བྱས་ཏེ་སྔ་གཞུག་གི་གོ་རིམ་དང། ཇི་ལྟར་མགོ་འཛུགས་པ། ཇི་ལྟར་མཇུག་བསྡུ་བ་སོགས་རྩོམ་ཡིག་གི་སྤྱི་ཁོག་ཅིག་སྔོན་དུ་ཡིག་ཐོག་ནས་བསྟན་དགོས། དེ་ལྟར་བྱས་ན་ད་གཟོད་མགོ་མཇུག་ཆ་ཚང་བ་ལ་ཕན་པ་ཡོད། གཤམ་དུ་ང་ཚོས་རྩོམ་ཡིག་གི་སྒྲིག་གཞིའི་རྩ་བའི་ནང་དོན་འགའ་རགས་ཙམ་སྤྲོས་ན།

༡༽ དོན་ཚན་དང་ཚན་པ།

དོན་ཚན་དང་ཚན་པ་ནི་སྒྲིག་གཞིའི་ནང་དོན་གཙོ་བོ་ཞིག་ཡིན་ཏེ། རྩོམ་པ་པོས་རྒྱུ་ཆ་རྣམས་ཕྱོགས་འགར་དབྱེ་ནས་སྔ་ཕྱི་གོ་རིམ་བསྒྲིགས་ཏེ་ནང་དོན་ཆ་ཚང་ཞིག་སྟོན་པ་ལ་དོན་ཚན་ཟེར། དོན་ཚན་གྱིས་རྩོམ་ཡིག་གི་ནང་དོན་དང་རྩོམ་པ་པོའི་རིག་ལམ་གྱི་བརྒྱུད་རིམ་དང་འགྲོ་ལུགས་མཚོན་ཞིང། ཚན་པ་(གོམས་གཤིས་ལ་“རང་བྱུང་ཚན་པ”ཟེར)ནི་རྩོམ་ཡིག་གི་ལེའུ་གཅིག་མིན་ལ་ས་བཅད་ཅིག་ཀྱང་མིན་པར་ནང་དོན་གྱི་ཆ་ཤས་ཤིག་རྫོགས་པ་ལ་ཟེར། ཚགས་པར་དང་དུས་དེབ་སྟེང་བཀོད་པའི་རྩོམ་ཡིག་ལྟར་ན་ནང་དོན་གྱི་ཆ་ཤས་ཤིག་རྫོགས་པ་ལ་ཟེར། ཚགས་པར་དང་དུས་དེབ་སྟེང་བཀོད་པའི་རྩོམ་ཡིག་ལྟར་ན་ནང་དོན་གྱི་ཆ་ཤས་ཤིག་རྫོགས་པའི་མཇུག་ཏུ་ཐིག་ཕྲེང་གཅིག་ཕབ་ནས་ཚན་པ་གཞན་ཞིག་མགོ་འཛུགས་དགོས་པའི་བླང་བྱ་བཏོན་ཡོད། དེ་ལ་རྣམ་པའི་སྟེང་ནས་བལྟས་ན། དོན་ཚན་ནི་རྩོམ་ཧྲིལ་པོ་ཞིག་གམ་ལེའུ་ཞིག་དང་བསྡུར་ན་ཆུང་ཡང་ཚན་པ་ལས་ཆེ། ཡིན་ནའང་སྐབས་རེར་དོན་ཚན་གཅིག་ནི་ཚན་པ་གཅིག་ཡིན་ལ། སྐབས་རེར་དོན་ཚན་གཅིག་ལ་ཚན་པ་འགའ་ཡང་ཡོད། ཚན་པའི་མཚོན་རྟགས་ནི་ཐིག་ཕྲེང་གཅིག་ཕབ་ནས་སླར་ཡང་འགོ་འཛུགས་པ་དེ་ཡིན་ལ། དོན་ཚན་ལ་མཚོན་རྟགས་ངེས་ཅན་ཞིག་མེད་མོད། འོན་ཀྱང་རྩོམ་ཡིག་འགར་དོན་ཚན་གཉིས་ཀྱི་བར་ན་ཐིག་ཕྲེང་འགའ་སྟོང་པར་བཞག་པའམ་ཡང་ན་དང་པོ། གཉིས་པ། གསུམ་པ་ཞེས་འགོད་པ་དེ་རྣམས་མཚོན་རྟགས་སུ་བྱེད།
དོན་ཚན་བགོ་བ་ལ་གཞི་འཛིན་ས་དགོས་ཏེ། གཞི་འཛིན་ས་དེ་ལའང་གཙོ་ཕལ་གྱི་ཁྱད་པར་ཡོད། གཞི་འཛིན་སའི་གཙོ་ཕལ་མི་འདྲ་བར་བརྟེན་ནས་དོན་ཚན་གྱི་བཀོད་སྒྲིག་བྱེད་སྟངས་ཀྱང་མི་འདྲ། ང་ཚོས་ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་དཔེ་བླངས་ནས་བཤད་ན་རྒྱུན་མཐོང་གི་དོན་ཚན་བཀོད་སྒྲིག་བྱེད་སྟངས་ལ་རིགས་གསུམ་ཡོད།

༡། དུས་ཚོད་ཀྱི་འཕོ་འགྱུར་ལྟར་དོན་ཚན་བཀོད་སྒྲིག་བྱེད་པ།
༢། ཡུལ་གྱི་འཕོ་འགྱུར་ལྟར་དོན་ཚན་བཀོད་སྒྲིག་བྱེད་པ།
༣། རྩོམ་པ་པོའི་ངོས་ཟིན་གྱི་གོ་རིམ་ལྟར་དོན་ཚན་བཀོད་སྒྲིག་བྱེད་པ་བཅས་སོ། །
དོན་ཚན་དང་ཚན་པ་རྣམས་སྔ་ཕྱི་འབྲེལ་ཆགས་ལ། འགྲོ་ལུགས་དང་མཐུན་ཚེ་བསམ་བློའི་སྙིང་པོ་མངོན་པར་གསལ་ཞིང་འབུར་དུ་ཐོན་ཐུབ། རྩོམ་ཡིག་ལ་ལ་མགོ་མཇུག་ཉོག་པ་དང་འབྲེལ་མི་ཆགས་པ་སོགས་ལ་རྒྱུ་རྐྱེན་མང་མོད། དོན་ཚན་གྱི་དབྱེ་བ་མི་གསལ་བ་ནི་གནད་འགག་གཙོ་བོ་རེད།

༢༽ མཚམས་སྦྱོར་དང་རམ་འདེགས།

རྩོམ་ཡིག་གི་དོན་ཚན་དང་དོན་ཚན་གྱི་བར་ལ་གོང་འོག་འབྲེལ་མཐུད་བྱེད་པའི་ཚན་པ་དང་ཚིག་སྦྱོར་དགོས་ཤིང། དེས་སྔ་ཕྱི་འབྲེལ་ཆགས་པར་བྱེད་པ་དེ་ལ་མཚམས་སྦྱོར་ཞེས་བྱ་སྟེ། རྩོམ་ཡིག་གི་ནང་དོན་སྔ་རྗེས་འབྲེལ་མཐུད་བྱེད་པའི་ནུས་པ་འདོན་ཐུབ། ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་སྐབས་གང་ནས་མཚམས་སྦྱོར་བྱ་དགོས་ཤེ་ན། སྤྱིར་བཏང་དུ་དོན་རྐྱེན་ཞིག་བྲིས་ཚར་རྗེས་དོན་རྐྱེན་གཞན་ཞིག་འབྲི་བ་དང། ཁོར་ཡུག་ཅིག་བྲིས་ཚར་རྗེས་ཁོར་ཡུག་གཞན་ཞིག་འབྲི་སྐབས་མཚམས་སྦྱོར་བྱེད་དགོས་ལ། རིམ་བརྗོད་དང་ལྡོག་བརྗོད། བར་བཅུག་བཅས་ཀྱི་བར་དུ་ཡང་མཚམས་སྦྱོར་དགོས་པར་མ་ཟད། རྒྱས་བཤད་དང་གཏམ་གླེང་གི་བར་དུ་ཡང་མཚམས་སྦྱོར་བྱེད་དགོས། དཔེར་ན། 《ཆེས་གཅེས་སུ་རུང་བའི་མི་སུ་ཡིན།》ཞེས་པའི་རྩོམ་ཡིག་ལས། ཐོག་མར་བརྩེ་དུང་བསྟན་པ་དང་དཔྱད་གཏམ་བརྗོད་པ་ནས་སླར་རྒྱས་བཤད་དང་ཞིབ་འབྲི་བྱེད་པའི་ཕྱོགས་སུ་བར་བརྒལ་བྱེད་དུས་“ངས་འདི་ནས་གཏམ་རྒྱུད་ཚན་པ་གཅིག་བཤད་”ཅེས་པའི་ཚིག་གིས་མཚམས་སྦྱོར་བྱས་ཏེ། སུའུ་ཀུང་རི་བོའི་གཡུལ་འཁྲུག་གི་གནས་ཚུལ་ཞིབ་མོར་བྲིས་ཡོད། ཡང་《དབུལ་ཕོངས་》ཞེས་པའི་རྩོམ་ཡིག་ནང་སྔོན་ལ་གསར་བརྗེའི་ཆེད་དུ་རང་ཉིད་ཀྱིས་ལོ་ངོ་བཅུ་ཕྲག་ཙམ་གྱི་རིང་ལ་དཀའ་སྤྱད་འབད་འཐབ་བྱས་སྐོར་མདོར་བསྡུས་བཤད་རྗེས་“གལ་ཏེ་གཞན་གྱིས་ངའི་ལག་ཏུ་བསགས་པའི་རྒྱུ་ནོར་ཡོད་དམ་མེད་ཅེས་དྲིས་བྱུང་ན། ངས་ཁྱོད་ལ་སྤྲོ་བ་ཅན་གྱི་གཏམ་ཞིག་བཤད་ཆོག”ཅེས་པའི་ཚིག་འདིས་མཚམས་སྦྱོར་བྱས་ཏེ། གཤམ་གྱི་དོན་དག་ཞིབ་བརྗོད་བྱས་ཡོད། ཡང་ལ་ལས་དུས་ཚོད་སོགས་འཕོ་འགྱུར་བྱེད་སྐབས་“མིག་འཛུམ་ཙམ་གྱི་རིང་ལ་ལོ་འགའ་འདས་སོང་”ཞེས་པའི་ཚིག་གིས་མཚམས་སྦྱོར་བྱེད་པ་དང། ཡང་ལ་ལས་དེར་བརྟེན་དང་བྱས་ཐོག དེའི་རྐྱེན་གྱིས། ཡིན་ཕྱིར། སྤྱིར་བཤད་ན། འོན་ཀྱང་། ཡིན་ན་ཡང། དེ་ལས་ལྡོག་སྟེ། དེར་མ་ཟད། ད་དུང། དེ་ལས་མཐོང་ཐུབ་པ་ནི། དེ་མཚུངས་སུ་སོགས་ཚིག་ཕྲད་ལ་བརྟེན་ནས་བར་བརྒལ་བྱེད་པའང་ཡོད།
རམ་འདེགས་ཞེས་པ་ནི། རྩོམ་ཡིག་ནང་ང་ཚོས་རྒྱུན་དུ་འདི་ལྟར་མཐོང་ཐུབ་པ་སྟེ། ནང་དོན་རིགས་འདྲ་བའམ་ཡང་ན་ནང་དོན་ཐག་ཉེ་བ་རྣམས་རེ་ཞིག་བར་བཅད་རྗེས་སླར་ཡང་བྲིས་ཏེ་གཅིག་རམ་གཅིག་འདེགས་ཀྱི་ནུས་པ་ཐོན་པ་དེ་ལ་རམ་འདེགས་ཞེས་ཟེར་བ་ཡིན།
རྒྱུན་མཐོང་གི་རམ་འདེགས་བྱེད་ཚུལ་ལ་རིགས་གསུམ་ཡོད་དེ། རྩོམ་ཡིག་གི་མགོ་མཇུག་ཕན་ཚུན་རམ་འདེགས་བྱེད་པ་དང། ཁ་བྱང་དང་ནང་དོན་གྱི་བར་རམ་འདེགས་བྱེད་པ། རྩོམ་ཡིག་གི་ཕྱོགས་སོ་སོ་ནས་ཕན་ཚུན་གཅིག་རམ་གཅིག་འདེགས་བྱེད་པ་བཅས་གསུམ་ཡོད། དཔེར་ན། 《མ་གལ་སྡོང་པོར་བསྔགས་པ།》ཞེས་པའི་རྩོམ་ཡིག་གི་འགོ་འཛུགས་སྐབས་ “མ་གལ་གྱི་སྡོང་པོ་དེ་དངོས་ནས་སྤྱིར་བཏང་ཞིག་མིན་པར། ངས་མ་གལ་གྱི་སྡོང་པོ་ལ་བསྔགས་བརྗོད་བྱའོ་”ཞེས་བྲིས་ཡོད་པ་དང། རྩོམ་ཡིག་གི་མཇུག་བསྡུ་སྐབས་ “མི་དམངས་མང་ཚོགས་མིག་ལམ་དུ་མི་འཇོག་པ་དང་མི་དམངས་མང་ཚོགས་ལ་མཐོང་ཆུང་བྱེད་པའི་མཁྲེགས་འཛིན་མཁན་དང་ཕྱིར་བཤོལ་མཁན་དེ་དག་གིས་སྐུ་དྲག་ལྟ་བུའི་ལྗོན་པ་ལ་བསྟོད་བསྔགས་དང། རྒྱུན་དུ་མཐོང་ཞིང་སྐྱེ་སྟོབས་ཆེ་བའི་མ་གལ་སྡོང་པོ་ལ་མཐོང་ཆུང་བྱེད་ཀྱི་ཡོད། འོན་ཀྱང་བདག་གིས་སྐད་གསང་མཐོན་པོའི་ངང་ནས་མ་གལ་གྱི་སྡོང་པོ་ལ་བསྔགས་བརྗོད་བྱའོ།”ཞེས་མགོ་མཇུག་གི་ནང་དོན་ཕན་ཚུན་རམ་འདེགས་བྱས་པས་སྒྲིག་གཞི་ཚགས་དམ་པ་དང་བསམ་བློའི་སྙིང་པོ་འབུར་དུ་ཐོན་པ་བྱུང་ཡོད། ཡང་《ལམ་ཕྲན་སྟེང་གི་དོགས་གཞི》ཞེས་པའི་རྩོམ་ཡིག་གི་འགོ་འཛུགས་སྐབས་“དེ་རིང་ཡང་ཕྲད་བྱུང། ཀྱག་ཀྱོག་གི་ལམ་ཕྲན་འདི་ནས་ཕྲད་བྱུང།”ཞེས་བྲིས་ཡོད་པ་དང། རྩོམ་གྱི་མཇུག་བསྡུ་སྐབས་“ཕྱིན་ཆད་འཕྲད་སྲིད་དམ། ཀྱག་ཀྱག་གི་ལམ་ཕྲན་འདི་ནས།”ཞེས་མཇུག་བསྡུས་ཡོད་ལ། རྩོམ་གྱི་སྐབས་སྐབས་སུའང་ནང་དོན་འདྲ་བའམ་ཕལ་ཆེར་འདྲ་མཚུངས་ཡིན་པ་རྣམས་རེ་ཞིག་བཅད་རྗེས་སླར་ཡང་བྲིས་ཡོད་པས་སྒྲིག་གཞིའི་ཚགས་ཇེ་དམ་དུ་སོང་ཡོད་དོ།།

༣༽ མགོ་བརྩམས་པ་དང་མཇུག་བསྡུ་བ།

བྱ་བ་གང་དང་གང་ཡིན་རུང་འགོ་རྩོམ་སྐབས་ཤིན་ཏུ་དཀའ་བ་ཇི་བཞིན་རྩོམ་ཡིག་ཀྱང་དེ་ལས་མ་འདས། གལ་ཏེ་རྩོམ་འགོ་གསོན་ཉམས་ལྡན་ཞིང་དཔེ་གསར་ཞིག་འཛུགས་ཐུབ་ན། ཀློག་པ་པོ་རྣམས་ཡིད་འགུགས་ཐུབ་ཅིང་ཀློག་འདོད་ཀྱི་སྤྲོ་བ་ཡང་སྟེར་ནུས། རྩོམ་འགོ་ལེགས་པོ་ཞིག་འཛུགས་པ་ལ་གཅིག་ནས་རྩོམ་ཡིག་ཧྲིལ་པོའི་རིག་ལམ་དང་བསྟུན་དགོས་ཤིང། གཉིས་ནས་བསམ་བློའི་སྙིང་པོ་མཚོན་པ་ལ་ནུས་པ་འདོན་ཐུབ་པ་དགོས། ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་མཚོན་ན། རྩོམ་འགོ་འཛུགས་ཚུལ་འགའ་ཡོད་པ་སྟེ།

༡། ཐད་ཀར་ནང་དོན་དངོས་འབྲི་བ། དེ་ནི་རྩོམ་གྱི་འགོ་གླེང་མ་ཐག་དུས་ཚོད་དང་མི་སྣ། ཡུལ་དང་དོན་རྐྱེན་སོགས་ངོ་སྤྲོད་བྱས་ཏེ་གཏམ་རྒྱུད་དངོས་ལ་འཇུག་པ་སྟེ། དེ་ལྟར་བྱས་ན་བབ་ཆགས་ལ་ཁ་གསལ་གྱི་ཚོར་སྣང་སྟེར་ཐུབ།
༢། ཐོག་མར་ཡུལ་ལྗོངས་ཤིག་ཞིབ་འབྲི་བྱས་རྗེས་དེ་ནས་དོན་དངོས་ལ་འཇུག་པ་སྟེ། དེ་ལྟར་བྱས་ཚེ་ཀློག་པ་པོའི་སྤྲོ་བ་འདྲེན་པ་ལ་ནུས་པ་འདོན་ཐུབ།
༣། གཏམ་རྒྱུད་དམ། སྙན་ངག ཡང་ན་འདས་ཟིན་པའི་དོན་རྐྱེན་ཞིག་བྲིས་རྗེས་དོན་དངོས་ལ་འཇུག་པ།
༤། དོན་རྐྱེན་གྱི་མཇུག་འབྲས་སྔོན་དུ་བཀོད་ནས་བཀླགས་མ་ཐག་ཡིད་དབང་འཕྲོག་པར་བྱེད་པ།
༥། དོན་རྐྱེན་འབྱུང་སྐབས་ཀྱི་གནས་དུས་དང་རྒྱུ་རྐྱེན་ངོ་སྤྲོད་བྱས་རྗེས་དོན་དངོས་ལ་འཇུག་པ། དེ་ལྟར་བྱས་ན་ཀློག་པའི་སྐབས་སུ་གཏམ་རྒྱུད་ཀྱི་མགོ་མཇུག་ཆ་ཚང་བ་ཞིག་ཡིད་ལ་འཆར་བའི་ནུས་པ་འདོན་ཐུབ།

རྩོམ་ཡིག་གི་མཇུག་བསྡུ་བའང་དེ་འདྲའི་སླ་མོ་ཞིག་མིན། མཇུག་བསྡུ་བ་ནི་རིག་ལམ་འཕེལ་རྒྱས་ཕྱིན་པའི་མཐར་ཐུག་གི་བྱ་བ་ཡིན། གལ་ཏེ་རྩོམ་ཡིག་གི་མཇུག་ལེགས་པོ་ཞིག་བསྡུ་ཐུབ་ན། ཀློག་པ་པོ་རྣམས་ལ་ཡུན་རིང་བརྗེད་དཀའ་བའི་བག་ཆགས་འཇོག་ཐུབ། ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་རྒྱུན་མཐོང་གི་མཇུག་བསྡུ་ཚུལ་གཤམ་གསལ་ཏེ།
༡། དོན་རྐྱེན་ཞིག་ཞིབ་བརྗོད་བྱས་ཚར་བ་དང་མཇུག་བསྡུ་བ་གཉིས་དུས་མཉམ་པ།
༢། བསམ་བློའི་སྙིང་པོ་དང་ཁ་མ་བྲལ་བར་ངོ་མཚར་གྱི་གཏམ་དང་ཡང་ན་བརྩེ་དུང་བརྗོད་པའམ། གཏམ་གླེང་བྱས་པ་ལ་བརྟེན་ནས་མཇུག་བསྡུ་བ།
༣། དོན་རྐྱེན་ཞིག་ཡོངས་སུ་མཇུག་མ་རྫོགས་པའམ་ཡང་ན་ཛ་དྲག་ཏུ་ཕྱིན་པའི་སྐབས་སུ་མཇུག་བསྡུ་བ།
༤། མཇུག་བསྡུ་སྐབས་འགོ་བརྩམས་པའི་ཚན་པ་ལ་རམ་འདེགས་བྱེད་པ་བཅས་སོ། །
གང་ལྟར་རྩོམ་ཡིག་གི་འགོ་རྩོམ་ཚུལ་དང་མཇུག་བསྡུ་ཚུལ་ལ་ཐབས་སྣ་ཚོགས་ཡོད་པས། ང་ཚོས་བསམ་བློ་ཞིབ་མོར་བཏང་སྟེ། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལམ་གསར་པ་ཞིག་གཏོད་པར་འབད་པ་བྱེད་དགོས།

ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲུབ་ཆ།

གོང་དུ་ཇི་བཞིན་བརྗོད་པའི་རྩོམ་ཡིག་སྐོར་གྱི་ཤེས་བྱ་ཕལ་མོ་ཆེ་བསླབས་ཟིན། དེས་ན། ངོ་སྤྲོད་བྱས་ཟིན་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་དེའི་གྲུབ་ཆ་ཅི་འདྲ་རེད་ཅེ་ན། འདིར་གླེང་འདོད་པའང་དེ་ཡིན།
སྐད་ཆ་མདོར་བསྡུས་དང་སླ་མོ་བྱས་ནས་བརྗོད་ན། ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་གྲུབ་ཆ་དྲུག་ཡོད་པ་དང། དེ་དག་ནི་ཚང་དགོས་པའི་ཆ་རྐྱེན་དྲུག་ཀྱང་ཡིན། དྲུག་པོ་རེ་རེ་བཞིན་བརྗོད་ན། མི་སྣ་དང་དོན་རྐྱེན། དུས་ཚོད། ཡུལ། རྒྱུ་རྐྱེན། མཇུག་འབྲས་བཅས་ཡིན། དེ་ལྟར་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན།
དེ་ཡང་ཇི་བཞིན་བརྗོད་པའི་རྩོམ་ཡིག་ལེགས་པོ་ཞིག་འབྲི་བ་ལ། རྩོམ་ཡིག་གི་སྲོག་དང་བརྗོད་བྱ་འདེམས་པ། རྩོམ་ཁོག་འབུབས་པ། མཚོན་བྱེད་ཐབས་ཤེས་དང་རྗོད་བྱེད་ཀྱི་ཚིག་སྦྱོར་ལ་བསམ་བློ་གཏོང་དགོས་པར་མ་ཟད། ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་ཚང་དགོས་པའི་ཆ་རྐྱེན་དྲུག་པོར་མཉམ་འཇོག་བྱ་དགོས། དེའི་རྒྱུ་མཚན་ནི་བྱ་དངོས་གང་དང་གང་ཡིན་རུང་དེ་བྱུང་བ་དང་འཕེལ་རྒྱས་འགྲོ་བའི་ནང་མི་སྣ་ངེས་ཅན་ཞིག་ཞུགས་དགོས་པ་དང་བྱེ་བྲག་ཏུ་ནང་དོན་ངེས་ཅན་ཞིག་ལྡན་དགོས་པར་མ་ཟད། ཡུལ་དུས་ངེས་ཅན་ཞིག་དང་ཁ་འབྲལ་མི་ནུས་ལ་རྒྱུ་རྐྱེན་དང་མཇུག་འབྲས་ངེས་ཅན་ཞིག་ཀྱང་ཚང་དགོས། དེ་ལྟར་བྱུང་ན་ད་གཟོད་ཀློག་པ་པོ་རྣམས་ལ་དྲན་སྣང་ཡག་པོ་ཞིག་འཇོག་ཐུབ་པས་ཡིན། འདི་ལྟར་རྩོམ་པ་པོས་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲུབ་ཆ་དྲུག་པོ་ངོ་སྤྲོད་གསལ་པོར་བྱས་པས། ཀློག་པ་པོ་རྣམས་ཀྱིས་དོན་རྐྱེན་འདིའི་བྱུང་བ་དང་འཕེལ་རྒྱས། མཇུག་འབྲས་སོགས་བློ་ངོར་གསལ་རྗེན་དུ་འཆར་ཐུབ། ཡིན་ན་ཡང་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཡོད་ཚད་ལ་གྲུབ་ཆ་དྲུག་པོ་ཚང་དགོས་པའི་ངེས་པ་མ་མཆིས་ཏེ། གནས་ཚུལ་ཁ་ཤས་ཀྱི་འོག་གྲུབ་ཆ་འགའ་རེ་ངོ་སྤྲོད་མི་བྱེད་པའམ། ཡང་ན་བསྡུས་ནས་འབྲི་བ་ཡོད། དཔེར་ན། རྩོམ་ཡིག་ནང་དུས་ཚོད་དགོས་མཁོ་ཆེར་མེད་ཚེ་ཞིབ་ཏུ་མི་འབྲི་བའམ་ཡང་ན་གཏན་ནས་མི་འབྲི་བའང་ཡོད། དེ་བཞིན་དུ་མཇུག་འབྲས་ཀྱང་རྩོམ་ཡིག་ཁ་ཤས་ནང་གསལ་པོར་བརྗོད་མེད་པའམ་ཡང་ན་ཀློག་པ་པོར་བསམ་བློ་གཏོང་ཆེད་དུ་དམིགས་ནས་མི་འབྲི་བ་ཡང་ཡོད།