བདེ་ལེགས་དཔལ་མོ། གཞི་འོག་བོད་དགེ།
སཾ་བྷོ་ཊ་ཀོ་ལེ་གྷལ་ཉིན་སློབ།

ངོ་སྤྲོད།

   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་གྱི་སྐོར་ལ་དགོངས་པ་གཏིང་ཟབ་བཞེས་གནང་གི་ཡོད། ཁོང་གིས་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་དགེ་རྒན་གྱི་བྱེད་སྒོ་ནི། སློབ་ཚན་སློབ་ཁྲིད་བྱེད་པ་ཙམ་མ་ཡིན་པར། སློབ་ཕྲུག་གི་བསམ་བློ་དང་སེམས་ཁམས་ཡར་རྒྱས་གཏོང་རྒྱུ་དེ་ཡང་ཤིན་ཏུ་གལ་ཆེན་པོ་ཡིན་པར་དགོངས་ཀྱི་ཡོད་པས་གུས་མོས་དེ་རིང་༧གོང་ས་མཆོག་གི་དགོངས་པ་བཞིན་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས་འགའ་ཞུ་རྒྱུ་ཡིན།

དང་པོ། བྱམས་བརྩེའི་བསམ་པ་ལྡན་པ།

   ༧གོང་ས་མཆོག་གི་དགོངས་པར་དགེ་རྒན་ཞིག་ལ་མེད་དུ་མི་རུང་བའི་ཁྱད་ཆོས་ནི། བྱམས་བརྩེའི་བསམ་པ་ཡིན། དགེ་རྒན་གྱིས་སློབ་ཕྲུག་ཚང་མར་གཅིག་མཚུངས་ཀྱི་བྱམས་སྐྱོང་དང་། སེམས་ཁུར། མ་ཡིས་རང་གི་བུ་ལ་གཅེས་པ་ལྟར་སློབ་ཕྲུག་གང་འདྲ་ཞིག་ཡིན་ཡང་དཀའ་ངལ་ལ་སེམས་ཁུར་དང་རོགས་རམ་བྱེད་ཐུབ་པ། ཁོང་ཚོའི་བདེ་སྡུག་ལ་སེམས་ཁུར་བྱེད་ཐུབ་པ་དགོས། དགེ་རྒན་ཞིག་ལ་ཆ་མཚོན་ན། བྱམས་བརྩེའི་བསམ་པ་མེད་ན་ནམ་ཡིན་ཡང་གདོང་པ་གནག་ནས་སློབ་ཚན་ཁྲིད་བསྡད་པ་ཡིན་ན་སློབ་ཕྲུག་ཚོའི་སེམས་ལ་ནམ་ཡང་བདེ་སྐྱིད་ཅིག་རག་རྒྱུ་ནི་དཀའ་མོ་རེད་དྲན་བཞིན་ཡོད། དགེ་རྒན་གྱིས་སློབ་ཕྲུག་ཚོ་ནི་རང་གི་གྲོགས་པོ་གྲོགས་མོ་ཡི་འདུ་ཤེས་གནང་ནས་སློབ་ཁྲིད་གནང་བ་ཡིན་ན་སློབ་ཕྲུག་ཚོའི་སེམས་ལ་བདེ་སྐྱིད་དང་སྤྲོ་བས་ཁེངས་ནས་སློབ་སྦྱོང་གནང་སྐབས་བྱམས་བརྩེའི་བསམ་པ་དེས་སློབ་མ་རྣམས་ཀྱི་སེམས་ནང་སྤོབས་པ་དང་བློ་སྟོབས་སྐྱེད་པར་ཕན་ཐོགས་ཆེན་པོ་ཡོད།

གཉིས་པ། བཟོད་བསྲན་དང་གུ་ཡངས།

   དགེ་རྒན་གྱིས་སློབ་ཕྲུག་སོ་སོའི་གཤིས་ཀ་དང་སློབ་སྦྱོང་གང་ཅིའི་ཐད་ནས་བཟོད་བསྲན་དང་གུ་ཡངས་པོ་གནང་དགོས། སློབ་ཕྲུག་ཚང་མ་གཅིག་པ་མིན་ལ། ཤེས་ཡོན་སྦྱོང་བའི་ཚད་དང་ནུས་པ་ཡང་མི་འདྲ་བས། དགེ་རྒན་གྱིས་སློབ་མ་རེ་རེའི་གཤིས་སྤྱོད་ཀྱི་ཁྱད་པར་ངོས་འཛིན་ཐུབ་པ་བྱས་ཏེ་ཁོང་ཚོར་འཚམས་པའི་སློབ་སྟོན་དང་རྒྱབ་སྐྱོར་སྤྲོད་དགོས། ༸གོང་ས་མཆོག་གིས་དགེ་རྒན་གྱིས་སློབ་ཕྲུག་ཚོར་ནོར་འཁྲུལ་བྱུང་སྐབས། ཁོང་ཁྲོ་མ་ལངས་པར་བྱམས་བརྩེ་དང་བཟོད་བསྲན་ཐོག་ནས་ལམ་སྟོན་བྱེད་དགོས་པ་ཡང་ནས་ཡང་དུ་གསུང་གནང་གི་ཡོད་པས་དགེ་རྒན་སུ་འདྲ་ཞིག་ཡིན་ཡང་སློབ་ཕྲུག་སུ་ཞིག་གིས་ནོར་འཁྲུལ་ཅི་བྱུང་ལ་བརྟག་དཔྱད་མ་གནང་བར་ཉེས་པ་གཏོང་པ་ནི་མ་འོས་པ་ཞིག་རེད་སྙམ། དེར་བརྟེན། དགེ་རྒན་གྱིས་སློབ་མ་རྣམས་ལ་བྱམས་བརྩེའི་ངང་ནས་སློབ་སྟོན་གནང་རྒྱུ་གལ་ཆེན་པོ་རེད་བསམ།

གསུམ་པ། ཤེས་ཡོན་ཕུན་སུམ་ཚོགས་པ།

   དགེ་རྒན་ལ་རང་ཉིད་ཀྱིས་སློབ་ཁྲིད་བྱེད་སའི་སློབ་ཚན་གྱི་ཐོག་ལ་ཤེས་ཡོན་ཕུན་སུམ་ཚོགས་པ་ཞིག་དགོས། ༧གོང་ས་མཆོག་གིས་དགེ་རྒན་རྣམས་ཀྱིས་དུས་རྟག་ཏུ་ཤེས་ཡོན་གསར་པ་སྦྱོང་བརྡར་དང་། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་དང་མཐུན་པའི་ཤེས་ཡོན་གོང་མཐོར་གཏོང་དགོས་པའི་བཀའ་སློབ་གནང་གི་ཡོད། དགེ་རྒན་ནི་ཤེས་ཡོན་གྱི་འབྱུང་ཁུངས་ཤིག་ཡིན་པས། རང་ཉིད་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་དགོས། དགེ་རྒན་རང་ཉིད་ཤེས་ཡོན་ཕུན་སུམ་ཚོགས་པ་ཞིག་མེད་ན། སློབ་ཕྲུག་རྣམས་ཀྱི་གྲུབ་འབྲས་ཀྱང་གཟེངས་སུ་ཐོན་པ་ཞིག་ཡོང་རྒྱུ་ནི་ཉིན་མོའི་རྨི་ལམ་རེད། དེ་འདྲ་སོང་ཙང་དགེ་རྒན་ལ་རྒྱུན་དུ་ཡར་རྒྱས་ཀྱི་སེམས་པ་དང་རྟག་ཏུ་དེབ་ནང་མགོ་རྒྱུས་ཐུབ་མཁན་ཞིག་དགོས་ཀྱི་ཡོད།

བཞི་པ། ལྷག་བསམ་རྣམ་དག

   དགེ་རྒན་ལ་ལྷག་བསམ་རྣམ་དག་ཡོད་དགོས། ལྷག་བསམ་རྣམ་དག་ཅེས་པ་ནི། རང་གི་ལས་འགན་ངོ་ཤེས་པའི་ཐོག སློབ་མའི་དོན་དུ་སྒེར་གྱི་དུས་ཚོད་དང་ནུས་པ་གཏོང་ཕོད་པ། སློབ་ཁྲིད་བྱེད་པ་ཁོ་ན་མ་ཡིན་པར་རྒྱུན་དུ་སློབ་གྲྭ་དང་སློབ་ཕྲུག་གི་མ་འོངས་པར་སེམས་ཁུར་བྱེད་ཐུབ་མཁན་ཞིག་དང་སློབ་གྲྭ་དང་སློབ་མ་རྣམས་ཀྱི་ལས་ཀ་གང་ཡིན་ལ་མདུན་མཆོངས་ཐུབ་མཁན་ཞིག་ངེས་པར་དུ་དགོས་ངེས་ཡིན། ༸གོང་ས་མཆོག་གིས་དགེ་རྒན་གྱི་ལས་ཀ་ནི། ཚོང་ལས་སམ་དཔལ་འབྱོར་གྱི་ཁེ་ཕན་རྐྱང་པའི་ཆེད་དུ་མ་ཡིན་པར། མི་རབས་གསར་པ་རྣམས་ལ་ཤེས་ཡོན་དང་བཟང་སྤྱོད་སློབ་གསོ་སྤྲོད་པའི་ཆེད་དུ་ཡིན་པས། ལྷག་བསམ་རྣམ་དག་གལ་ཆེན་པོ་ཡིན་པར་གསུངས།

ལྔ་པ། མིག་དཔེར་འོས་པའི་དགེ་རྒན་བཟང་པོ་ཞིག

   ༸གོང་ས་མཆོག་གིས་དགེ་རྒན་ནི། སློབ་ཕྲུག་གི་མིག་དཔེ་ཡིན་པས། ཁོང་ཚོའི་སྤྱོད་ལམ་དང་སྨྲ་བརྗོད། ལྟ་བ་བཅས་ཚང་མས་སློབ་ཕྲུག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་དགེ་རྒན་གྱི་སྒོ་གསུམ་གྱི་སྤྱོད་པ་ཁྱེར་སྟངས་ལ་དུས་རྟག་ཏུ་དོ་སྣང་བྱེད་དགོས་ལ། སློབ་ཕྲུག་གིས་ལད་མོ་བྱེད་འོས་པའི་སྤྱོད་པ་བཟང་པོ་སྟོན་དགོས། དགེ་རྒན་གྱི་སྤྱོད་ལམ་བཟང་པོ་དེས་སློབ་ཕྲུག་གི་རྒྱུད་ལ་བག་ཆགས་བཟང་པོ་འཇོག་ཐུབ་ཀྱི་ཡོད་པ་ཡང་ཡང་གསུང་གནང་གི་ཡོད། དེར་བརྟེན། དགེ་རྒན་གྱིས་བཀའ་མོལ་གནང་སྐབས་གུས་ཞབས་དང་ལྡན་པའི་ངང་ནས་བཀའ་མོལ་གནང་བ་དང་ཕྲུ་གུའི་མདུན་ལ་ཐ་མག་འཐེན་པ་དང་ཆང་རག་འཐུང་བ་ལ་སོགས་པ་མིག་ནང་མི་མཛེས་པའི་རིགས་བྱེད་རྒྱུ་ནི་ནམ་ཡང་མ་འགྲིགས་པ་ཞིག་རེད། དེ་བས་སློབ་མ་རྣམས་ལ་རང་ཡལ་བར་དོར་བ་གཞན་གཅེས་པར་འཛིན་དགོས་པའི་བཀའ་སློབ་ལམ་སྟོན་ཡང་ནས་ཡང་དུ་གནང་དགོས་པ་ནི་གལ་ཆེན་པོ་རེད་སེམས་ཀྱི་ཡོད།

དྲུག་པ། ཤེས་ཡོན་སློབ་ཁྲིད་ཀྱི་ནུས་པ།

   དགེ་རྒན་ལ་སློབ་ཚན་སློབ་ཁྲིད་བྱེད་པའི་ནུས་པ་དང་ཐབས་ལམ་ཕུན་སུམ་ཚོགས་པ་ཞིག་དགོས། ༧གོང་ས་མཆོག་གིས་ཤེས་ཡོན་སློབ་ཁྲིད་བྱེད་སྐབས་དེང་རབས་ཀྱི་འཕྲུལ་ཆས་དང་ལམ་ལུགས་གསར་པ་བེད་སྤྱོད་བྱེད་དགོས་པ་དང་། དེ་བཞིན་སྔར་སྲོལ་གྱི་ཤེས་ཡོན་སློབ་ཁྲིད་ཀྱི་ལམ་ལུགས་བཟང་པོ་རྣམས་ཀྱང་མུ་མཐུད་གནས་དགོས་པའི་བཀའ་སློབ་གནང་ཡོད། དགེ་རྒན་གྱིས་སློབ་ཚན་གྱི་ནང་དོན་རྣམས་སློབ་ཕྲུག་གི་གོ་རྟོགས་དང་འཚམས་པ་བཟོ་ཐུབ་པ་དང་། དཀའ་གནད་རྣམས་སྟབས་བདེ་པོ་བཟོས་ནས་སློབ་ཕྲུག་གིས་ལས་སླ་པོའི་ངང་རྟོགས་ཐུབ་པ་བཟོ་དགོས་པར་མ་ཟད་དགེ་རྒན་གྱིས་སློབ་ཕྲུག་ལ་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་སོགས་སློབ་ཁྲིད་གནང་དགོས་པ་ནི་གལ་ཆེན་པོ་ཡིན་ཚུལ་གསུངས་པ་བཞིན་དགེ་རྒན་གྱིས་སློབ་མ་རྣམས་ལ་གཞན་ལ་འཚེ་བ་བྱེད་མི་ཉན་པའི་ལམ་སྟོན་ངེས་པར་དུ་གནང་དགོས། དེ་ཙམ་མ་ཟད་རང་ཉིད་ཀྱིས་གང་སྦྱངས་པ་རྣམས་རང་རྒྱུད་ལ་ལེན་ཐུབ་པ་དང་། རང་དང་སྤྱི་ཚོགས་ལ་འགན་འཁུར་ཐུབ་པ་དང་ནུས་པ་འདོན་ཐུབ་པའི་མི་ཞིག་ཆགས་ཐབས་ལ་འབད་བརྩོན་བྱ་དགོས་སྐོར་སོགས། མདོར་ན། སློབ་སྦྱོང་གང་བྱས་པའི་འབྲས་བུ་བཟང་པོ་དེ་གཞན་ལ་ཕན་འདོགས་རྒྱུ་དང་གནོད་མི་སྐྱེལ་བའི་བསམ་བློའི་བློ་རྩ་བརྟན་པོ་ཡོད་མཁན་ཞིག་ཆགས་ཐུབ་རྒྱུ་དེ་ཡིན་སྙམ།

བདུན་པ། བསམ་བློའི་རང་དབང་།

   ༸གོང་ས་མཆོག་གིས་ག་དུས་ཡིན་ན་སློབ་ཕྲུག་རྣམས་ལ་བསམ་བློའི་རང་དབང་སྤྲོད་དགོས་གསུང་གནང་གི་ཡོད་པ་ནང་བཞིན་དགེ་རྒན་གྱིས་ངོས་ནས་སློབ་མ་རྣམས་ལ་བསམ་བློའི་རང་དབང་ངེས་པར་དུ་སྤྲོད་དགོས། དཔེར་ན། སློབ་མ་ཞིག་གིས་འཛིན་གྲྭའི་ནང་དགེ་རྒན་གྱིས་སློབ་ཁྲིད་གནང་སྐབས་རང་གི་བསམ་ཚུལ་དང་དྲི་བ་དྲིས་ལན་གནང་འདོད་ཀྱི་འདུན་པ་སོགས་ཀྱི་ལམ་ཁ་མ་བཀག་བར་རང་དབང་གི་ཐོག་ནས་ལན་འདེབས་དང་བསམ་ཚུལ་བཤད་བཅུག་དགོས་པར་མ་ཟད། དགེ་རྒན་གྱིས་སློབ་མའི་སེམས་ཁམས་ལ་དོ་སྣང་གནང་དགོས་པ་གསུང་བ་བཞིན་དགེ་རྒན་གྱིས་སློབ་མའི་སེམས་ཁམས་བདེ་ཐང་ཡིན་མིན་དང་ནང་གི་དཀའ་ངལ་ལ་སོགས་པ་ཅི་ཡོད་སོགས་ཀྱི་གནས་སྟངས་ལ་ཐུགས་ཁུར་གནང་ནས་སློབ་མའི་སེམས་ཁམས་སྤྲོ་པོ་ཡོང་བར་ཐབས་ལམ་སྣ་ཚོགས་བསྟེན་ཤེས་དགོས་པ་ཡིན། ཡང་བསམ་བློའི་རང་དབང་ཞེས་པ་ནི། སེམས་པ་རྒྱ་ཡན་དུ་བཏང་སྟེ། གང་བྱུང་མང་བྱུང་བྱེད་འཇུག་པ་དེ་མ་ཡིན་པ་ཤེས་དགོས།

མཐའ་དོན། ༸གོང་ས་མཆོག་གི་དགོངས་པ་ནི་རྒྱ་ཆེ་ལ་གཏིང་ཟབ་པ། ཀུན་ཁྱབ་རང་བཞིན་ཅན་དང་སྣ་ཚོགས་རང་བཞིན་ཞིག་ཡིན་པས་ཁྲོད་ནས་གུས་མོས་རང་ཉིད་ཀྱིས་ཤེས་ཚད་ཉུང་བསྡུས་སུ་འདིར་བཀོད་ཡོད་པ་ལགས་ན། གོང་གསལ་གྱི་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས་ཁག་ངེས་པར་དུ་ཚང་དགོས་པ་འདུག་སྙམ་མོ།།