ཤིང་ཚང་འཇམ་དབྱངས་བསོད་ནམས། གཞི་བར་བོད་དགེ།
སེར་བྱས་འབྲིང་རིམ་སློབ་གྲྭ།
༄༅། །ད་ལོ་སྟེ་རང་ཅག་བོད་མི་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང༌། འཛམ་གླིང་ཞི་བདེའི་དེད་དཔོན། དུས་རབས་ཉེར་གཅིག་པའི་ལམ་སྟོན་པ་ཆེན་པོ། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་དགུ་བཅུར་ཕེབས་པ་དང་བསྟུན། བོད་མི་མི་རེ་ངོ་རེ་དང་བོད་མི་སྤྱིའི་བསོད་ནམས་གོང་མཐོར་སླད་དུ་ལོ་གཅིག་ཧྲིལ་པོ་མགོན་པོ་གང་གི་སྐུའི་གོ་སྟོན་སྲུང་བརྩིའི་ཆ་ཤས་སུ་སྤྱི་སྒེར་ཚང་མས་རང་ནུས་གང་ཡོད་ཀྱིས་༸གོང་ས་མཆོག་གི་བཀའ་དྲིན་ཚོར་བའི་སྒོ་ནས་སྲུང་བརྩི་ཞུ་དགོས་སྐོར་དཔལ་ལྡན་བོད་མི་སྒྲིག་འཛུགས་བཀའ་ཤག་ནས་བཀའ་ཕེབས་པ་ཇི་བཞིན་སྤྱི་བོའི་རྒྱན་དུ་བཀུར་ཏེ། ཕྲན་ནས་ཀྱང་མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཇི་ལྟ་བ་བཞིན། དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱིས་ངེད་དགེ་རྒན་རྣམས་ལ་རྩོམ་ཡིག་རེ་འབྲི་རྒྱུའི་གོ་སྐབས་སྩལ་བ་ལྟར། རྩོམ་ཡིག་གི་བརྗོད་གཞི་”༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་”སྐོར་རྩ་བའི་ས་བཅད་གསུམ་གྱི་སྒོ་ནས་བཤད་པ་ལ།
དང་པོ། སྤྱིར་དགེ་རྒན་གྱི་མཚན་ཉིད།
གཉིས་པ། མཚན་ཉིད་ཀྱི་ཟུར་དེ་དག་ལས་ངེས་པར་དུ་ཚང་དགོས་པའི་ཁྱད་ཆོས་དག་ནན་བཤད།
གསུམ་པ། ཁྱད་ཆོས་དེ་དག་ཚང་བའི་སྒོ་ནས་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་སྟངས།
ས་བཅད་དང་པོ། སྤྱིར་དགེ་རྒན་གྱི་མཚན་ཉིད།
དེ་ཡང་ཇི་སྐད་དུ། རྒྱལ་བ་བྱམས་པ་མགོན་པོའི་མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། ། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་སྟེན། ། ཞེས་ཕར་ཕྱིན་ཐེག་པའི་གཞུང་ནས་གསུངས་པའི་དགེ་བའི་བཤེས་གཉེན་ནམ་དགེ་རྒན་གྱི་མཚན་ཉིད་བཅུ་གསུངས་པ་དེ་དག་དེང་སང་གི་དགེ་རྒན་ཞིག་གི་ཉིན་ཞག་ཕྲུགས་གཅིག་གི་བྱེད་སྒོ་དང་མཐུན་པ་སྦྱར་ཏེ་སྙན་ངག་དང་རབ་བཏགས་སོགས་ཀྱི་ཚིག་གི་སྤྲོས་བཤད་ཡོངས་སུ་དོར་ཅིང་ཁྱད་ཆོས་བཅུ་པའི་དོན་གྱི་གོ་བ་རྩལ་འདོན་གྱིས་ཅུང་ཟད་འབྲི་བ་ནི།
༡། བཤེས་གཉེན་དུལ་བ་ཞེས་པས་ནི། དགེ་རྒན་རང་ཉིད་ཀྱི་སྒོ་གསུམ་སྟེ་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཞི་དུལ་བག་ཕེབས་ཤིག་དགོས་པར་བསྟན། དུས་རྟག་ཏུ་རང་དོན་ལ་འདོད་སྲེད་ཆུང་ཞིང་གཞན་དོན་རྣམས་ལ་ལྷག་བློ་ཆེར་བསྐྱེད་ཐུབ་མཁན་སློབ་མ་ཀུན་གྱི་མིག་དཔེར་འོས་པའི་བཙུན་པའི་ཡོན་ཏན་དང་ལྡན་པ་ཞིག་དགོས་པའོ། །
༢། ཞི་བ་ཞེས་པས་ནི། དགེ་རྒན་རང་ཉིད་དུས་དང་རྣམ་ཀུན་ཏུ་ཆགས་སོགས་ཉོན་མོངས་རགས་པའི་དབང་དུ་མ་སོང་བར། སྒོ་གསུམ་སྤྱོད་ལམ་ཞི་ཞིང་དུལ་བའི་ཐོག་རང་ཚུགས་བརྟན་པོའི་ངང་རྒྱུན་དུ་རང་གི་སེམས་ལ་བརྟག་དཔྱད་དང་བྱ་ར་བྱས་ཏེ་སེམས་རྒྱུད་ཉོན་མོངས་དང་མ་འདྲེས་པའི་ཐབས་ལ་འབད་དགོས་པར་བསྟན་པའོ། །
༣། ཉེར་ཞི་བ་ཞེས་པས་ནི། དགེ་རྒན་རང་ཉིད་ཉོན་མོངས་རགས་པའི་གཞན་དབང་དུ་ལྟུང་བ་སྟེ། རང་ལྟ་མཆོག་འཛིན་དང་ཁྱེད་སྡུག་ང་བཟང་གི་ལྟ་བ་འཁྱེར་ནས་དགེ་རྒན་དང་ལས་བྱེད་བར་ཕྱོགས་རིས་ཀྱི་དབྱེ་བ་ཕྱེ་མི་རུང་ལ། རང་གི་སློབ་མ་རྣམས་ལ་གཅིག་མཚུངས་ལྟ་རྟོག་དགོས་པ་ལས་བཟང་ངན་གྱི་དབྱེ་འབྱེད་གཏན་ནས་མི་བྱེད་པར་ལུས་སེམས་ཉེ་བར་ཞི་སྟེ་ལྷིང་ཆགས་པར་གནས་ཏེ། དགེ་རྒན་བཟང་པོ་ཞིག་བྱེད་དགོས་པར་བསྟན་པའོ། །
༤། ཡོན་ཏན་ལྷག་པ་ཞེས་པས་ནི། དགེ་རྒན་རང་ཉིད་ཀུན་སྤྱོད་དང་ཡོན་ཏན་གང་གི་ཐད་ནས་རང་གི་སློབ་མ་ལས་ལྷག་པ་ཞིག་དགོས་པ་བསྟན་པའོ། ། རང་ཉིད་ཡོན་ཏན་སོགས་སློབ་མ་ལས་ཞན་པ་དང་གནས་སྐབས་གསོལ་ཕོགས་སོགས་ཁེ་ཐོབ་ཕྲན་བུ་བློས་མ་ཐོངས་པར་དེ་མུར་ཉི་མ་སྐྱེལ་ཐབས་བྱས་ན་སློབ་མ་དེ་བས་གནོད་ཚབས་ཆེ་བ་ཞིག་ལས་མེད། དེས་ན་དགེ་རྒན་ཞིག་ཡིན་ཕྱིན་རྒྱུན་དུ་སློབ་སྦྱོང་ལ་དོ་དབྱིངས་འབད་བརྩོན་བྱེད་རྒྱུ་ཤིན་ཏུ་འགངས་ཆེ་བར་སེམས།
༥། བརྩོན་བཅས་ཞེས་པས་ནི། རང་ཉིད་དགེ་རྒན་ཞིག་ཡིན་ཕྱིན། རྒྱུན་དུ་ཤེས་ཡོན་རིག་གནས་དག་ལ་དཔེ་ཀློག་གིས་མཚོན་པའི་ཐབས་ཤེས་སྣ་རྒུས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་དགོས་པར་བསྟན། དེ་སྔོན་སྦྱངས་ཟིན་པ་དང་། དགེ་རྒན་གྱི་ཕྱག་ལས་རག་པ་ཙམ་གྱིས་འདོད་པ་ཚིམས་ཏེ་བཞུགས་མི་རུང་། སང་ཉིན་གྱི་སློབ་ཁྲིད་གང་བྱ་རྒྱུ་རྣམས་དེ་རིང་ནས་འཆར་འགོད་དང་རང་སྦྱོང་བྱེད་དགོས། སྲོལ་རྒྱུན་གྱི་སློབ་ཁྲིད་ལས་སྙིང་པོ་བཅུད་ལེན་བྱས་ཏེ་དེང་རབས་དང་མཐུན་པའི་ཁྲིད་ཐབས་ལ་བརྟེན་ནས་སློབ་མའི་ཤེས་ཡོན་གྱི་རེ་བ་སྐོང་ཐབས་ལ་སྒོ་གང་ས་ནས་འབད་དགོས་པའོ། །
༦། ལུང་གིས་ཕྱུག་ཅེས་པས་ནི། རང་ཉིད་དགེ་རྒན་ཞིག་ཡིན་པས་དེ་སྔོན་སློབ་གྲྭ་འགྲིམས་བཞིན་པའི་སྐབས་སུ་དགེ་རྒན་མང་པོ་ཞིག་བསྟེན་ཏེ་ཁོང་རྣམ་པའི་དྲུང་ནས་ཤེས་ཡོན་དུ་མ་ཞིག་ཐོབ་ཡོད་པ་ལྟ་ཅི་སྨྲོས། གང་བསླབས་ཟིན་པ་རྣམས་དྲན་པས་བཟུང་ནས་བརྗེད་དུ་མི་འཇུག་པ་དང་། བརྗེད་པ་རྣམས་སླར་ཡང་བསྐྱར་སྦྱོང་བྱས་ནས་དྲན་གསོ་གཏོང་དགོས། ལྷག་པར་དུས་ཚོད་སྟོང་པའི་སྐབས་རང་གི་བསླབ་བྱའི་གཞུང་དང་འབྲེལ་བའི་དཔེ་དེབ་མང་པོ་ལྟ་ཀློག་བྱེད་རྒྱུ་དང་། དགེ་རྒན་ཕན་ཚུན་བགྲོ་གླེང་དང་ཤེས་ཡོན་བརྗེ་རེས་བྱས་ནས་རང་ཉིད་ལུང་གི་ཡོན་ཏན་གོང་འཕེལ་གཏོང་ཐབས་ལ་འབད་དགོས་པའོ། །
༧། དེ་ཉིད་རབ་ཏུ་རྟོགས་ལ་ཞེས་པས་ནི། གང་བསླབ་བྱའི་གཞུང་དག་དང་དེ་དང་འབྲེལ་ཆགས་ཀྱི་གཞུང་གཞན་རྣམས་ཀྱི་ཚིག་དོན་གཉིས་ཀ་དཔྱིས་ཕྱིན་པར་ཤེས་པ་བྱས་ཏེ། བློ་གདེང་འཕེར་བའི་ཐོག་ནས་སློབ་ཁྲིད་གནང་ཐུབ་པ་བྱེད་དགོས། དེ་ལྟ་མིན་པར་འོལ་ཚོད་ཀྱིས་སློབ་ཁྲིད་བྱས་ན་འབྱུང་འགྱུར་སོན་རྩ་རྣམས་ཀྱི་མི་ཚེ་འཕྲོ་བརླག་གཏོང་མཁན་ཞིག་ཏུ་འགྱུར་སྲིད་པས་དེ་འདྲའི་ཉེན་ཚབས་ཅན་གྱི་ལས་ལ་ནམ་ཡང་འཇུག་མི་རུང་།
༨། སྨྲ་མཁས་ལྡན་ཞེས་པས་ནི། སློབ་ཁྲིད་བྱེད་དུས་སྐབས་བབས་ཀྱི་སློབ་ཚན་དང་འབྲེལ་མེད་པའི་གཏམ་ཉོག་དང་གྲོང་ཚིག། མ་རབས་ཀྱི་ཚིག་སྦྱོར་རིགས་ལ་འཛེམ་ཟོན་བྱེད་དགོས། གང་ལ་སློབ་སའི་སློབ་མ་ལ་དབང་པོ་རབ་འབྲིང་མཐའ་གསུམ་ཡོད་པས། ཁོང་ཚོའི་བསམ་བློ་དང་བསྟུན་ཏེ་བསླབ་བྱའི་གཞུང་དེ་ཉིད་སློབ་ཁྲིད་བྱེད་སྐབས་བརྡ་དག་གསལ་གསུམ་གྱི་སྒོ་ནས་སྤྲོས་པ་རྒྱས་བསྡུས་རན་པ་བྱས་ཏེ། སློབ་མའི་སེམས་ལ་འཇུག་བདེ་བའི་སྨྲ་མཁས་ཤིག་དང་ལྡན་པའི་ཐབས་ལ་འབད་དགོས་པ་བསྟན་པའོ། །
༩། བརྩེ་བའི་བདག་ཉིད་ཅེས་པས་ནི། དགེ་རྒན་གྱི་ཕྱག་ལས་ནི་དམིགས་བསལ་སྤྱི་ཚོགས་ཞབས་ཞུ་ཡིན་འོས་པ་ལས་རང་ཉིད་ཀྱི་གཏམ་དང་སྙན་གྲགས། ཐོབ་དང་གོ་ས་རྩོད་དེ་བརྗིད་ཉམས་སྟོན་ས་ཞིག་དེ་བས་མིན། འཛིན་གྲྭའི་ནང་སློབ་ཁྲིད་ཁྲལ་གྱི་འདུ་ཤེས་ཙམ་གྱི་གསོལ་ཕོགས་ལེན་ཐུབ་ཙམ་བྱས་ཏེ་བཞུགས་མི་རུང་། དགེ་རྒན་ནི་སློབ་གྲྭའི་ཁོར་ཡུག་ནང་གི་མ་ཚབ་ལྟ་བུ་ཡིན་པས། སློབ་མ་རྣམས་ལ་སྙིང་བརྩེ་བའི་བསམ་པ་དང་ལྡན་པའི་སྒོ་ནས་དཔེ་མཁྱུད་མེད་པའི་ཐོག་ནས་སློབ་ཁྲིད་བྱེད་དགོས། དགེ་རྒན་གྱིས་རྒྱུན་དུ་སློབ་མ་ཚོ་གཅིག་མཚུངས་ཀྱི་བྱམས་དང་བརྩེ་བས་སྐྱོང་དགོས་ལ། སློབ་མའི་སེམས་རྒྱུད་ལའང་ཕ་མ་ལྟ་བུའི་ཡིད་ཆེས་བློ་འགེལ་བྱེད་སའི་དགེ་རྒན་བྱམས་བརྩེ་དང་ལྡན་པ་ཞིག་བསྐྲུན་དགོས་པ་བསྟན་པའོ། །
༡༠། སྐྱོ་ངལ་སྤངས་ཞེས་པས་ནི། དགེ་རྒན་གྱིས་སློབ་མའི་རྒྱུད་ལ་ཤེས་ཡོན་འཇགས་ཐབས་ཆེད་ལུས་ངག་ཡིད་གསུམ་བསམ་པ་རྣམ་དག་གིས་དཀའ་སྤྱད་ཁུར་དུ་བཞེས་དགོས་པར་བསྟན་པའོ། ། སྐབས་རེར་སློབ་མ་འགས་བསམ་ཤེས་མ་ཐུབ་ནས་ཚུར་ལྟ་སྟངས་ངན་པ་དང་གནོད་སྐྱེལ་མཁན་ཡང་བྱུང་སྲིད། དེ་འདྲ་བྱུང་དུས་མ་ཡིས་བུ་ལ་བརྩེ་བས་སྐྱོང་ཚུལ་ལྟར་ལྷག་པར་གདོང་ལེན་དང་བྱམས་བརྩེའི་གཞན་དབང་དུ་བཏང་ནས་སེམས་ཀྱི་སྐྱོ་བ་རྣམས་སྤངས་ཏེ། སྙིང་ཁོང་རུས་པའི་གཏིང་ནས་སློབ་མར་ཕན་སེམས་སྐྱེ་ཐབས་ལ་འབད་དགོས་པ་ཡིན།
ས་བཅད་གཉིས་པ། མཚན་ཉིད་ཀྱི་ཟུར་དེ་དག་ལས་ངེས་པར་དུ་ཚང་དགོས་པའི་ཁྱད་ཆོས་དག་ནན་ཏན་གྱིས་བཤད་པ་ནི།
སྤྱིར་དགེ་རྒན་ཞིག་ཡིན་ཕྱིན་མདོ་སྡེ་རྒྱན་ལས་གསུངས་པའི་དགེ་རྒན་གྱི་ཁྱད་ཆོས་བཅུ་པོ་དེ་དག་དང་ལྡན་པ་ཞིག་བྱེད་དགོས། དེ་ལྟར་མ་བྱུང་ཡང་མ་མཐའ་གཤམ་འཁོད་ཀྱི་ཁྱད་ཆོས་འདི་ཚོ་ངེས་པར་དུ་ཚང་དགོས། དེ་ཡང་རིམ་པ་བཞིན་འཆད་ན།
དང་པོ། ཡོན་ཏན་ལྷག་པ་དང་ལྡན་དགོས་ཏེ། དགེ་རྒན་ཞིག་ཡིན་ཕྱིན་རང་གིས་སློབ་ཁྲིད་བྱ་རྒྱུའི་བསླབ་གཞི་རྣམས་དཔྱིས་ཕྱིན་པ་མཁྱེན་རྟོགས་ཡོད་པ་དང་དེ་དང་འབྲེལ་ཡོད་གཞུང་གཞན་དང་གཞན་དག་ལ་ལྟ་རྒྱ་དང་མཐོང་རྒྱ་མི་དམན་པ་ཞིག་དགོས། གང་སློབ་པའི་བསླབ་གཞི་ལ་རྒྱུས་མངའ་དང་མྱོང་ཚོར། རིག་རྩལ་སོགས་གང་ཐད་ནས་སློབ་མ་ལས་ལྷག་པ་ཞིག་དགོས། སློབ་ཁྲིད་ཁྲོད་སློབ་མ་ཚོའི་དོགས་འདྲི་གང་བྱུང་རྣམས་དགེ་རྒན་གྱིས་ལོག་རྟོག་བསལ་ཐུབ་པ་དང་དེ་དང་འབྲེལ་ཡོད་དཔེ་དེབ་སོགས་ངོ་སྤྲོད་གནང་ཐུབ་དགོས། དེ་ཡང་༸གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་གནང་དོན། “དགེ་རྒན་སོ་སོས་གང་སྦྱངས་པའི་ཡོན་ཏན་རྣམས་སློབ་མའི་རྒྱུད་ཀྱི་དབང་པོ་མཆོག་དམན་གྱི་སྒོ་དང་བསྟུན་ནས་སློབ་ཁྲིད་བྱེད་ཐུབ་མཁན་ཞིག་དགོས།” གསུངས་པ་ལྟར། མདོར་ན། དགེ་རྒན་ནི་མི་གཞན་གྱི་རྒྱུད་ལ་ཤེས་ཡོན་སྤེལ་མཁན་ཞིག་ཡིན་པས་གང་སྤེལ་རྒྱུའི་ཤེས་བྱའི་རྣམ་གཞག་རྒྱུས་མངའ་ཡོད་པོའི་སྒོ་ནས་ཕ་རོལ་པའི་སློབ་མའི་རྒྱུད་ལ་བུམ་པ་གང་བྱོའི་ཚུལ་དུ་སྤྲོད་ཐུབ་དགོས།
གཉིས་པ། བརྩོན་པ་དང་བཅས་པ་དགོས་ཏེ། བརྩོན་འགྲུས་ནི་གྲུབ་འབྲས་གང་གི་རྩ་བ་ཡིན་ལ། དགེ་རྒན་ཞིག་ཡིན་ཕྱིན་རང་ཉིད་དུས་རྟག་ཏུ་སློབ་སྦྱོང་བྱེད་རྒྱུ་ལ་དགའ་མོས་དང་གསར་གཏོད་ལ་དོ་སྣང་ཡོད་མཁན་ཞིག་ཡིན་དགོས་པར་མ་ཟད། དུས་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་གསར་པ་ཤེས་རྟོགས་ཆེད་བརྩོན་འགྲུས་ནི་ཆུ་བོའི་རྒྱུན་བཞིན་སྲིང་ཐུབ་མཁན་ཞིག་དགོས། དེ་ཡང་༸གོང་ས་མཆོག་གིས་གསུངས་དོན་ལྟར་ན། “བརྩོན་པ་ནི་འབྲས་བུ་བཟང་པོ་ཐོབ་པའི་ལམ་སྲོལ་གཙོ་བོ་དེ་ཡིན་པས། དགེ་རྒན་ཞིག་གིས་སྒོ་གསུམ་གྱི་བརྩོན་པ་བྱེད་མ་ཐུབ་ན། སློབ་མ་ཚོས་ཀྱང་བརྩོན་འགྲུས་བྱེད་རྒྱུ་མ་རེད། དཔེར་ན། སློབ་མ་ཚོར་དུས་རྟག་ཏུ་དཔེ་དེབ་ཀློག་དགོས་པའི་བསླབ་བྱ་གནང་བཞིན་ཡོད་ན། ཐོག་མར་དགེ་རྒན་རང་ཉིད་ཀྱང་དཔེ་དེབ་ལ་དགའ་མོས་ཡོད་པ་དང་དཔེ་ཀློག་གི་གོམས་གཤིས་བཟང་པོ་རྣམས་སློབ་མར་མིག་དཔེ་བཟང་པོ་ཞིག་ངེས་པར་སྟོན་ཐུབ་དགོས།” མདོར་ན། དགེ་རྒན་ཞིག་ཡིན་ཕྱིན་བརྩོན་འགྲུས་ཀྱི་རྟ་ཕོ་བཞོན་ཏེ་གནའ་དེང་གི་ཤེས་བྱ་རིག་པའི་གནས་དག་སྦྱོང་བ་རྒྱུན་སྲིང་ནས་གསར་གཏོད་ཀྱི་རྗེས་སུ་ཟིན་པ་ཞིག་བྱེད་དགོས།
གསུམ་པ། བརྩེ་བའི་བདག་ཉིད་དང་ལྡན་དགོས་ཏེ། སློབ་མ་ཚོར་དོན་དམ་པའི་ཕན་སེམས་དང་བྱམས་བརྩེ་མེད་པར་སློབ་མའི་རྣ་བར་ཤེས་ཡོན་ཕྲན་བུ་སྤྲོད་ཐུབ་པ་ཙམ་གྱིས་མི་འདང་སྟེ། དེ་ཡང་༸གོང་ས་མཆོག་གིས་བཀའ་སློབ་ཏུ། “སློབ་མ་ཚོར་བྱམས་བརྩེ་མེད་པའི་དགེ་རྒན་ནི་དངོས་གནས་དགེ་རྒན་ཚད་ལྡན་ཞིག་མིན།” ཞེས་གསུངས་པ་ལྟར། བྱམས་པ་དང་བརྩེ་བ་ནི་དགེ་རྒན་གྱི་མཚན་ཉིད་ནང་གི་གཙོ་བོ་ཞིག་ཡིན། སློབ་མ་ནང་ཁུལ་དབྱེ་འབྱེད་མེད་པར་གཅིག་མཚུངས་ཀྱི་ཐོག་ནས་བྱམས་སྐྱོང་བྱེད་ཐུབ་པ་དང་། སློབ་མ་རྣམས་ཀྱི་དཀའ་ངལ་ལ་སེམས་ཁུར་བླངས་ཏེ་ཕན་པའི་བསམ་པས་རོགས་རམ་བྱེད་ཐུབ་མཁན་ཞིག་དགོས།
བཞི་པ། སྐྱོ་ངལ་སྤངས་པ་དགོས་ཏེ། དགེ་རྒན་གྱིས་རང་གི་ལས་འགན་སྒྲུབ་པའི་ཁྲོད་དཀའ་ངལ་མང་པོ་འཕྲད་སྲིད། དཔེར་ན། སློབ་མ་དང་ཕ་མ། སློབ་གྲྭའི་དབུ་འཛིན་དང་ཕྱག་རོགས་ལས་བྱེད་རྣམ་པ་དང་ལྟ་བ་མཐུན་མིན་དང་། སློབ་ཁྲིད་ཀྱི་འབྲས་བུ་མྱུར་དུ་མི་སོན་པས་མཚམས་རེར་སེམས་ཤུགས་ཆག་སྲིད། དེ་ཡང་༸གོང་ས་མཆོག་གིས། “སེམས་ཤུགས་ཆག་པ་ནི་བྱ་བ་གང་གི་ཡང་བར་ཆད་ཆེ་ཤོས་ཡིན།” ཞེས་གསུངས་པ་ལྟར་སེམས་ཤུགས་ཆག་པ་ནི་བྱ་བ་འགྲུབ་བྱེད་ཀྱི་བར་ཆད་ཆེ་ཤོས་ཡིན་པ་ངོས་ཟིན་པའི་ཐོག། མདོར་ན། དགེ་རྒན་ཞིག་གིས་རང་གི་སློབ་མ་རྣམས་ཀྱི་མ་འོངས་པའི་མདུན་ལམ་བཟང་པོ་ཡོང་བའི་སླད་བློས་གཏོང་དང་ཞབས་ཕྱི་ཞུ་གང་ཐུབ་སྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་དགོས། དེ་ལྟར་ཡོད་ན་སློབ་གྲྭའི་དགེ་རྒན་བྱེད་པའི་རིང་དཀའ་ངལ་ཇི་ཙམ་འཕྲད་ཀྱང་ཡིད་མི་ཞུམ་པར་མ་ཟད་རང་གི་ཆེད་ལས་ལ་ཡི་རང་དང་སྙིང་སྟོབས་འཕེལ་ཐུབ། མདོར་ན། དགེ་རྒན་ཞིག་ལ་མ་མཐའི་ཁྱད་ཆོས་འདི་བཞི་པོ་དང་ལྡན་པའི་ཐོག་ནས་སློབ་ཁྲིད་བྱེད་དགོས།
ས་བཅད་གསུམ་པ། ཁྱད་ཆོས་དེ་དག་ཚང་བའི་སྒོ་ནས་༸གོང་ས་མཆོག་གི་བཀའ་སྒྲུབ་སྟངས་ནི།
རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བོད་མི་མི་ཉུང་བ་ཞིག་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་མ་ཐག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཕུགས་རྒྱང་རིང་པོའི་ཐུགས་དགོངས་པ་ཆེར་བཞེས་ཀྱིས་རྒྱ་གར་གཞུང་ལ་འབོད་སྐུལ་ཞུས་ཏེ། བོད་མི་ཁ་གཙང་གི་སློབ་གྲྭ་ཟུར་འཛུགས་གནང་ཡོད། དེའི་དགོས་དོན་གཙོ་བོ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་དང་ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་ཐབས་ཡིན་པ་དང་། ལྷག་པར་དུ་མགོན་པོ་གང་གིས་དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་ཚོར་བཀའ་སློབ་གནང་དོན། བོད་པའི་སློབ་ཕྲུག་ཚོ་མ་འོངས་པར་གནའ་དེང་་ཤེས་ཡོན་ཟུང་འབྲེལ་ལྡན་པའི་འདབ་གཤོག་གཉིས་ལྡན་དང་། བོད་རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་དང་ལ་རྒྱ་ཡོད་མཁན་བོད་མི་རྣལ་མ་ཞིག་གསོ་སྐྱོང་བྱེད་དགོས་ཚུལ་དང་། ཤེས་ཡོན་ཚད་མཐོ་པོ་ཡོད་པ་གཅིག་པུས་མི་ཆོག་པར་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་རྣམས་ཚད་དང་ལྡན་པ། བོད་མི་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་སྐྱེད་སྲིང་དགོས་པའི་བཀའ་སློབ་གྲངས་ལས་འདས་པ་ཕེབས་ཡོད། དེས་ན། དོན་བསྡུས་ཏེ་སྨྲོས་ན། མདོ་སྡེ་རྒྱན་ལས་གསུངས་པའི་དགེ་རྒན་གྱི་མཚན་ཉིད་དེ་དག་དང་ལྡན་པའི་སྒོ་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགེ་རྒན་རྣམས་ལ་གནང་བའི་ལམ་སྟོན་དང་མཐུན་པ། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླང་དོར་བཀའ་སློབ་རྣམས་དུས་དང་རྣམ་པ་ཀུན་ཏུ་སྤྱི་བོའི་རྒྱན་དུ་བཀུར་ཏེ་བོད་ཕྲུག་ཚོའི་དགེ་རྒན་མཚན་ཉིད་དང་ལྡན་པ་ཞིག་བྱེད་རྒྱུ་ཅི་ནས་ཀྱང་གལ་ཆེའོ། །

ད་བར་དཔྱད་མཆན་མེད།