འཇམ་དབྱངས་དོན་གྲུབ། བོད་ཀྱི་ལོ་རྒྱུས་དགེ་རྒན།
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།
རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཡར་རྒྱས་གོང་འཕེལ་འགྲོ་དགོས་ན་ཤེས་ཡོན་ལ་བརྟེན་དགོས་ཤིང་། ཤེས་ཡོན་ཡག་པོ་ཞིག་ཡོང་མི་ཡོང་ནི། དགེ་རྒན་རྣམ་པ་ཚོའི་ཤེས་ཚད་དང་ལྷག་བསམ་ལ་རག་ལུས་ཡོད་པས། མི་རིགས་དང་དགེ་རྒན་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བའི་ཚུལ་དུ་གནས་ཡོད་པའི་དབང་གིས་དགེ་རྒན་གྱི་དཔུང་ཁག་ཉམས་སོང་ན་མི་རིགས་དེ་ཡང་རྒུད་པ་ནས་ཉམས་པའི་ཕྱོགས་སུ་འགྲོ་རྒྱུ་དང་། དགེ་རྒན་གྱི་དཔུང་ཁག་སྲ་བརྟན་ཚགས་ཚུད་ཅིག་བྱུང་ན་མི་རིགས་དེ་ཡང་སྔོན་ཐོན་གྱི་མི་རིགས་གཞན་དག་དང་འདྲ་བར་འཛམ་གླིང་ཤེས་རིག་གི་སྡིངས་ཆའི་སྟེང་དཔུང་པ་མཉམ་གཤིབས་ངང་བསྐྱོད་ཐུབ་རྒྱུར་གདོན་མི་ཟ། དེར་བརྟེན་ང་ཚོ་བོད་གངས་ཅན་ལྗོངས་ལ་མཚོན་ན་གནའ་སྔ་མོ་ནས་བཟུང་དགེ་རྒན་ལ་དགེ་བའི་བཤེས་གཉེན་དང་། བླ་མ། སློབ་དཔོན། ཡོངས་འཛིན་ཞེས་མཚན་གྱིས་བསྟོད་ཅིང་སེམས་ནས་བཀུར་བ་ནི་ཧ་ཅང་དགའ་འོས་པ་ཞིག་རེད། རྒྱ་གར་འཕགས་པའི་ཡུལ་དུ་ཡང་དགེ་རྒན་ལ་གུ་རུ་ཞེས་འབོད་ཅིང་། གུ་རུ་ཞེས་པ་ནི་ལེགས་སྦྱར་ལྷ་ཡི་སྐད་དུ་ལྕི་བའི་དོན་ལ་འཇུག་པ་དང་། དེ་ནི་ཡོན་ཏན་གྱིས་ལྕི་བ་ཡིན་པའི་ཆ་ནས་གུ་རུ་ཞེས་བརྗོད་པ་ནི། སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་ཚོས་བསྒྱུར་གནང་བའི་བོད་འགྱུར་ཧ་ཅང་ལེགས་པོ་ཞིག་ཡིན་པར་སྙམ། དོན་དངོས་སུ་ཡང་། དགེ་རྒན་ནི་མི་རིགས་ཤིག་ཤེས་དཔལ་ལྡན་པའི་ཕྱོགས་སུ་དཀྲི་བའི་གདོང་མཆོངས་དམག་མི་ཞིག་དང་ཀུན་ནས་མཚུངས་ལ། དགེ་རྒན་ནི་མི་རིགས་ཤིག་རྨོངས་གཉིད་ལས་སད་མཁན་གྱི་ཞོགས་པའི་ཅོང་བརྡ་ཞིག་དང་ཧ་ཅང་འདྲ་བས། མི་མང་པོ་ཞིག་གིས་དགེ་རྒན་གྱི་ཕྱག་ལས་ནི། ཧ་ཅང་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཆེ་བ་ཞིག་ཀྱང་ཡིན་ཞེས་བརྗོད་ཀྱི་ཡོད་པ་ཡང་ངོ་མ་དོན་ལ་གནས་པ་ཞིག་རེད། དགེ་རྒན་ནི་དཀར་གསལ་གྱི་སྒྲོན་མེ་ཞིག་དང་འདྲ་བར་ང་ཚོའི་གཏི་མུག་གི་མུན་པ་དག་དྲུངས་ནས་འབྱིན་པར་བྱེད་ལ། དགེ་རྒན་ནི་ང་ཚོའི་མིག་ཟུང་ཁ་འབྱེད་མཁན་གྱི་ལྷ་རྗེ་ཨང་དང་པོ་དེ་ཡིན། དེས་ན་འདི་ལྟ་བུའི་དགེ་བའི་བཤེས་གཉེན་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་མང་དག་ཅིག་ཡོད་པ་ནས་འདིར་སྐབས་སུ་བབས་པ་བོད་རང་གི་མདོ་དང་བསྟན་བཅོས་དག་ཏུ་གསལ་བའི་དགེ་རྒན་གྱི་ཁྱད་ཆོས་རྣམས་རགས་ཙམ་བརྗོད་ནས། མཐའ་དོན་༸གོང་ས་མཆོག་གི་དགོངས་པའི་དཀྱིལ་འཁོར་དུ་འཆར་བའི་དགེ་རྒན་གྱི་ཁྱད་ཆོས་དག་༸གོང་ས་མཆོག་སྐུ་ངོ་མས་གསུངས་པའི་བཀའ་སློབ་གསུང་བཤད་དང་རིན་བྲལ་གྱི་བརྩམས་ཆོས་དག་ལ་གཞིར་བཟུང་ནས་བརྗོད་རྒྱུ་ཡིན་པས། ཅི་སྟེ་རང་ཉིད་མ་ཤེས་རྨོངས་པའི་དབང་གིས་ནོར་འཁྲུལ་གྱི་ཆ་མཆིས་ཚེ་རྒྱ་ཆེའི་ཀློག་པ་པོ་དང་མཁས་དབང་ཚོས་ཡོ་བསྲང་དང་བཀའ་སློབ་ལམ་སྟོན་ཡོད་པ་ཞུ།
དེ་ཡང་བོད་བརྒྱུད་ནང་བསྟན་གྱི་མདོ་དང་བསྟན་བཅོས་རྣམས་སུ་དགེ་བའི་བཤེས་གཉེན་གྱི་ཁྱད་ཆོས་སམ་མཚན་ཉིད་ཤིན་ཏུ་མང་པོ་གསུངས་ཡོད་པ་ནས་འདིར་དཔེ་མཚོན་འགའ་ཞིག་འགོད་ན་འདི་ལྟ་སྟེ། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་<<སུམ་བརྒྱ་པ་>>ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དད་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང་། །དུས་སུ་འདོམས་པ་དེ་ལྟར་བླ་མར་བསྔགས། །ཞེས་དང་། ཡང་སློབ་དཔོན་འཕགས་པ་ཀླུ་སྒྲུབ་མཆོག་གིས། དགེ་བའི་བཤེས་གཉེན་དེ་དག་གི། །མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད། །ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། ཉོན་མོངས་སེལ་བའི་ཤེས་རབ་ཅན། །དེ་དག་ལ་ནི་ཁྱོད་བརྟེན་ན། །ཁྱེད་ཀྱིས་མཁྱེན་གྱི་གུས་པར་མཛོད། །ཅེས་གསུངས་ཡོད། དེ་བཞིན་སློབ་དཔོན་ཞི་བ་ལྷས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་གནས་པ་དང་། ཞེས་དང་། སློབ་དཔོན་ཙནྡྲ་གོ་མིས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་གསུངས་ཡོད། <<མདོ་སྡེ་རྒྱན་>>ལས། ངག་ཚིག་ཤིན་ཏུ་རིགས་པ་དང་། །བསྟན་དང་རྣམ་འབྱེད་ཐེ་ཚོམ་གཅོད། །ལན་མང་བྱེད་དང་ལྡན་པ་ནི། །མགོ་སྨོས་རྣམས་སྤྲོས་གོ་རྣམས་ལ། །སངས་རྒྱས་རྣམས་ཀྱི་བསྟན་པ་ནི། །འཁོར་གསུམ་གྱིས་ནི་དག་པ་སྟེ། །འདི་ནི་ཉེས་པ་བརྒྱད་དག་དང་། །བྲལ་བ་ཉིད་དུ་ཤེས་པར་བྱ། །ལེ་ལོ་དང་ནི་མི་གོ་དང་། །སྐབས་མི་འབྱེད་དང་མ་ངེས་དང་། །ཐེ་ཚོམ་དག་ནི་མི་གཅོད་དང་། །དེ་དང་བྲལ་བར་བསྟན་མི་བྱེད། །སྐྱོ་བ་དང་ནི་སེར་སྣ་ཉིད། །འདི་དག་གཏམ་གྱི་ཉེས་པར་འདོད། །དེ་དག་མེད་ཕྱིར་སངས་རྒྱས་ཀྱི། །བཤད་པ་བླ་ན་མེད་པར་འགྱུར། །ཞེས་གསུངས་ཡོད་པ་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ལས་མཁས་པ་སོ་སོའི་ཚོའི་བཞེད་ཚུལ་མི་འདྲ་བའི་དབང་གིས་དགེ་བའི་བཤེས་གཉེན་ཚོའི་མཚན་ཉིད་དང་ཁྱད་ཆོས་འཇོག་སྟངས་ཀྱང་མང་དུ་སྣང་།
གོང་དུ་དྲངས་པའི་ལུང་ཚིག་འདི་དག་ནི། ནང་བསྟན་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ཚོའི་ཁྱད་ཆོས་གཙོ་བོར་བྱས་ནས་གསུངས་པ་ཞིག་ཡིན་པས་དེང་དུས་ཀྱི་གསར་བུ་རྣམས་ལ་གོ་དཀའ་བར་འདུག་སྙམ་ནས། འདིར་ཡོངས་ཁྱབ་སྤྱི་ལ་ཁྱབ་པ་དང་ཚང་མས་གོ་ཐུབ་པའི་ཁ་གསལ་གོ་བདེ་ཞིག་ཞུས་ན། <<མདོ་སྡེ་རྒྱན་>>ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག།།དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་དགེ་རྒན་ལ་ཁྱད་ཆོས་ཆེན་པོ་བཅུ་ཚང་དགོས་པར་གསུངས་ཡོད་དེ། དེ་ཡང་དུལ་བ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་ཉམས་སུ་བླངས་ཏེ་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་ཡག་པོ་ཡོད་པའི་དབང་གིས་ལུས་ངག་གི་སྤྱོད་པ་དུལ་བ་དང་། ཞི་བ་ནི་བསམ་གཏན་གྱི་བསླབ་པ་ཉམས་སུ་བླངས་ཏེ་རང་གི་རྒྱུད་ཀྱི་ཉོན་མོངས་མངོན་གྱུར་པ་ཞི་བ། ཉེར་ཞི་བ་ནི་ཤེས་རབ་ཀྱི་བསླབ་པ་ལ་བརྟེན་ནས་བདག་འཛིན་ནམ་བདེན་འཛིན་གྱི་ངར་བཅག་ནས་མངོན་གྱུར་ས་ཞི་བ་བཅས་གསུམ་ནི། མདོར་ན། བསླབ་པ་གསུམ་གྱི་ཉམས་ལེན་ཡོད་པ་དང། ཡོན་ཏན་ལྷག་པ་ནི་བསླབ་བྱའི་གཞུང་གི་ཐོག་རང་གི་དགེ་ཕྲུག་ལས་ཡོན་ཏན་ལྷག་པ། བརྩོན་བཅས་ནི་རང་གིས་ཐོས་བསམ་ཙམ་དུ་མ་ཟད། གཞན་ལ་སློབ་པ་ནའང་བརྩོན་འགྲུས་དང་ལྡན་པ། ལུང་གིས་ཕྱུག་པ་ནི་གཞུང་གཟིགས་རྒྱ་ཆེན་པོ་དང་། འདོད་པ་འདྲ་མིན་ཚང་མ་གསུང་རྒྱུ་ཡོད་པ། རྒྱབ་རྟེན་གྱི་ལུང་ཇི་དགོས་ཐོགས་པ་མེད་པར་དྲང་རྒྱུ་ཡོད་པ་ཞིག་དགོས། དེ་དག་དྲུག་པོ་ནི་རང་ཉིད་བླ་མར་འོས་པར་བྱེད་པའི་འོས་ཆོས་རང་རྒྱུད་སྨིན་པའི་ཡན་ལག་ཡིན། དེ་ཉིད་རབ་ཏུ་རྟོགས་པ་ནི་འཆད་བྱའི་གཞུང་དེ་ཉིད་ཀྱི་དོན་རབ་ཏུ་རྟོགས་པ། སྨྲ་མཁས་ལྡན་ནི་གསུང་བ་ལ་མཁས་པ་ཡིན། དགེ་རྒན་རྣམ་པ་སྐུ་ཡོན་ཧ་ཅང་ཆེ་ཡང་གསུང་མཁས་པོ་མེད་པ་དང་། ཁ་ཤས་ཡུལ་སྐད་དམ་པས་གཞན་གྱིས་གོ་མི་ཐུབ་པ། ཁ་ཤས་སྐོར་བ་མང་པོ་བསྐྱོན་ཏེ་གསུང་མི་གསལ་བ་སོགས་མིན་པ་དགོས། དེང་སྐབས་དགེ་རྒན་གྱི་འོས་ཆོས་ཡག་ཤོས་ཤིག་ནི་འཛིན་གྲྭའི་ནང་སློབ་པའི་སྐབས་སུ་གོ་བརྡ་སྤྲོད་མཁས་པོ་དང་། ཚིག་གསལ་པོ་དང་དག་པོ། ཟློས་སྐྱོན་མེད་པ་སོགས་རེད། བརྩེ་བའི་བདག་ཉིད་ནི་སོ་སོའི་སློབ་མ་ལ་སྙིང་ཐག་པ་ནས་བརྩེ་བ་མེད་ན་ཡོན་ཏན་གཞན་དགུ་པོ་རྣམས་ཀྱང་དེ་ཙམ་ཕན་ཐོགས་མེད། སྐྱོ་བ་སྤངས་པ་ནི་སློབ་མ་ལ་ཇི་ཙམ་ངོ་སྤྲོད་གནང་དགོས་ཀྱང་སུན་སྣང་མེད་པ་ཞིག་དགོས། དེ་བཞི་པོ་ནི་གཞན་རྗེས་སུ་འཛིན་པའི་ཡན་ལག་ལྟ་བུ་རེད། གོང་དུ་དྲངས་པའི་དགེ་རྒན་གྱི་ཁྱད་ཆོས་བཅུ་པོ་ནི་ནང་ཆོས་ཀྱི་གཞུང་ཙམ་མིན་པར། ཚན་རིག་དང་། བརྡ་སྤྲོད། སྐད་ཡིག རྩོམ་རིག རྒྱལ་རབས་ལོ་རྒྱུས་སོགས་གནའ་དེང་གི་ཤེས་ཡོན་ཅི་འདྲ་ཞིག་བསླབ་དགོས་ཀྱང་དགེ་རྒན་རྣམས་ལ་མེད་དུ་མི་རུང་བའི་ཁྱད་ཆོས་བཅུ་པོ་དག་རེད་སྙམ། དེ་ལ་སློབ་དཔོན་ཟམ་གདོང་རིན་པོ་ཆེས། མདོ་སྡེ་རྒྱན་ལས་བཤེས་གཉེན་གྱི་ཡོན་ཏན་བཅུ་གསུངས་པ་དེ་ཧ་ཅང་བསྡོམས་ཆེན་པོ་ཞིག་རེད། བཅུ་པོ་དེའི་ཐོག་ནས་དེང་རབས་ཀྱི་དགེ་རྒན་འོས་སྦྱོང་གནང་མཁན་ཚོ་ལ་འགྲེལ་བཤད་བྱེད་སྐབས་ཁོ་ཚོ་ཧ་ལས་ཀྱི་འདུག་ཅེས་གསུངས་གནང་ཡོད། མདོར་ན། ནམ་རྒྱུན་ང་ཚོས་ཤོད་བཞིན་པའི་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། རང་གཞན་གཉིས་ཀའི་དོན་དུ་མཁྱེན་བརྩེ་ནུས་གསུམ་ཞེས་གསུངས་པ་བཞིན། མཁས་པའི་ཤེས་རབ། བརྩེ་བའི་བསམ་པ། སྦྱོར་བའི་བཟོད་པ་བཅས་གསུམ་ངེས་པར་དུ་དགོས་པ་ཡིན།
ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་ནས་བོད་གཞིས་བྱེས་གཉིས་སུ་གྱེས་དགོས་པའི་གནས་སྟངས་འོག་བཙན་བྱོལ་དུ་ཐེངས་དང་པོར་ལས་དོན་མང་པོ་ཡོད་པའི་ཁྲོད་ནས་སློབ་གྲྭ་གསར་བཙུགས་གནང་ཞིང་། དེ་ནི་༸གོང་ས་མཆོག་གི་ཐུགས་ལ་བོད་མི་རིགས་འདིར་དེང་རབས་དང་མཐུན་པའི་ཤེས་ཡོན་ཚད་དང་ལྡན་པ་ཞིག་མེད་ན་མི་རིགས་གཞན་གྱི་རྗེས་སུ་ལུས་པ་དང་། རང་གི་ལུང་པ་བསྐྱར་ལེན་དགོས་ན་གནའ་སྲོལ་ད་འགྲོ་མ་ཡིན་པར་འཛམ་གླིང་གི་འགྲོས་དང་བསྟུན་ནས་འགྲོ་དགོས་པའི་གནད་འགག་དེ་གཟིགས་པ་རེད། ལྷག་པར་དུ་འཚར་ལོངས་བྱེད་བཞིན་པའི་བུ་ཕྲུག་ལོ་ཆུང་རྣམས་ནི་མ་འོངས་བོད་འཛུགས་སྐྲུན་བྱེད་མཁན་གྱི་སོན་རྩར་དགོངས་ནས་དེ་དག་ལ་བསླབ་པ་སློབ་གཉེར་ཡག་པོ་ཞིག་སྤྲོད་ཐུབ་ན་འབྱུང་འགྱུར་མི་རིགས་རིག་གཞུང་དང་བཅས་པར་དགེ་མཚན་ཆེ་བར་དགོངས་པ་ནི། རྨད་དུ་བྱུང་བའི་རྒྱལ་བའི་དགོངས་གཞི་ཟབ་མོ་ཡིན། དེ་ཡང་༸གོང་ས་མཆོག་གིས། ངས་སྔོན་མ་ནེ་རུ་མཇལ་བའི་སྐབས་བོད་དོན་སྐོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་ཞུ་རྒྱུའི་སྐོར་སོགས་ཀྱི་བཀའ་མོལ་མང་པོ་ཞིག་བྱུང་བའི་སྐབས། ཁོང་གིས་མ་འོངས་པའི་བོད་ཀྱི་རྩ་དོན་དེ་མཉམ་སྦྲེལ་རྒྱལ་ཚོགས་ལ་ཐུག་ཡོད་པ་མ་རེད། གང་ལ་ཐུག་ཡོད་དམ་ཟེར་ན། རྒྱ་གར་ནང་དུ་ཡོད་པའི་བོད་པ་གཞོན་ནུ་འདི་ཚོའི་སློབ་སྦྱོང་ལ་ཐུག་ཡོད་ཅེས་གསུངས་མྱོང་ཞེས་བཀའ་གནང་ཡོད། དེ་རྗེས་མ་སུ་རིིར་དགེ་རྒན་འོས་སྦྱོང་གནང་སྟེ་ཚད་དང་ལྡན་པའི་དགེ་བའི་བཤེས་གཉེན་མང་པོ་བསྐྱེད་བསྲིངས་གནང་ཡོད་ཅིང་། དུས་དེ་ནས་བཟུང་། ༸གོང་ས་མཆོག་ནས་དགེ་རྒན་ཚོར་བཀའ་སློབ་རབ་དང་རིམ་པ་གནང་ཡོད་དེ། འདིར་དཔེ་མཚོན་ཙམ་བཀོད་ན། སྤྱི་ལོ་ ༡༩༨༥ ལོའི་ཟླ་ ༦ ཚེས་ ༢༣ ཉིན་ཤེས་རིག་ཚོགས་ཆེན་ཐེངས་གསུམ་པའི་སྐབས་སུ་དྷ་ས་གཙུག་ལག་ཁང་དུ་སྩལ་བའི་བཀའ་སློབ་ལས། ང་རང་ཚོ་བོད་དགེ་ཚོའི་ངོས་ནས་གླ་ཆ་ལ་བལྟས་ཏེ་སོ་སོའི་མི་ཚེ་དང་། ལྷག་དོན་ལྟོ་གོས་ཀྱི་སླད་དུ་སློབ་གྲྭ་ཞིག་གི་དགེ་རྒན་ཚོའི་ནང་དུ་ལས་ཀ་བྱས་པར་ངོས་འཛིན་བྱས་ན་ནོར་འཁྲུལ་རེད། ཕྱོགས་གཅིག་ནས་ཕྲུ་གུ་མི་རེ་ངོ་རེའི་མི་ཚེ་གཅིག་གི་མདུན་ལམ་དང་། འགྲོ་སྟངས་ཀྱི་ཐོག་ལ་འབྲེལ་བ་ཆགས་ཡོང་གི་ཡོད་པ་ཡིན་དུས། དགེ་རྒན་ཚོའི་བསམ་བློའི་ནང་ལ་དངོས་གནས་དྲང་གནས་སོ་སོས་སློབ་སྦྱོང་སྤྲོད་སའི་ཕྲུ་གུ་ཚོའི་མ་འོངས་པའི་མི་ཚེའི་སྐོར་ལ་འགན་འཁུར་ཆེན་པོ་ཞིག་སོ་སོའི་སྒང་ལ་ཡོད་བསམས་ཏེ། གང་ལྟར་ཕྲུ་གུའི་མ་འོངས་པའི་འགྲོ་སྟངས་ཀྱི་ཐོག་ལ་སོ་སོས་སེམས་འཁུར་ལེན་དགོས། ཁྱིམ་ཚང་གི་ཕ་མ་ནང་བཞིན་གྱི་འགན་འཁུར་ཡོད་པ་མ་རེད་དེ། ཕྲུ་གུ་དེར་སློབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་ཞིག་ཡིན་དུས་ཕྲུ་གུའི་མདུན་ལམ་གྱི་འགན་དེའི་ཕྱེད་ཀ་དགེ་རྒན་ལ་ཡོད་པ་རེད། དགེ་རྒན་དང་ཕྲུ་གུའི་འབྲེལ་བ་ཤུགས་ཆེན་པོ་ཆགས་ཡོང་གི་ཡོད་དུས། བསམ་བློའི་ནང་ནས་འགན་འཁུར་བླངས་ནས་སློབ་སྟོན་བྱེད་རྒྱུ་དེ་གལ་ཆེན་པོ་འདུག་ཅེས་དང་། ཡང་༸གོང་ས་མཆོག་གིས། ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་དེ་དངོས་གནས་དྲང་གནས་མིའི་བརྩེ་སེམས་དང་། ཚོར་བ་ལྡན་པའི་ཐོག་ནས་ཕྲུ་གུ་དེ་ལ་བསླབ་པ་ཡིན་ན། ཕྲུ་གུའི་བསམ་བློའི་ནང་ལ་སློབ་ཚན་གྱི་དོན་དག་གསར་པ་རྣམས་ཤེས་པའི་ཐོག་རང་བཞིན་གྱིས་དགེ་རྒན་ལ་དགའ་བརྩེ་དང་གུས་པ་ཞིག་སླེབས་ཡོང་གི་རེད། དེ་སླེབས་ན་དགེ་རྒན་གྱི་ངོས་ནས་ཚིག་གཅིག་བསླབས་པ་ཡིན་ནའང་སེམས་ལ་འཇགས་པོ། ཕྲུ་གུར་བསླབ་བྱ་གཅིག་བརྒྱབ་པ་ཡིན་ནའང་སེམས་ལ་ཟུག་པོ། ཕྲུ་གུ་དེ་ཚོ་ཟླ་བ་ཁ་ཤས་ནང་དང་ཕ་མ་བྲལ་ཏེ་སློབ་གྲྭའི་ནང་དུ་སྡོད་པའི་རིང་ལ། དགེ་རྒན་གྱིས་དངོས་གནས་དྲང་གནས་ཤ་ཚ་ཡོད་པ་དང་། སེམས་འཁུར་ཡོད་པ་ཞིག་གི་ཐོག་ནས་ཕྲུ་གུར་ལྟ་རྟོག་བྱས་པ་ཡིན་ན། ཕྲུ་གུའི་སེམས་ལ་དགེ་རྒན་ཕ་མ་གཉིས་པ་ཡིན་པ་ལྟ་བུའི་སྣང་བ་ཞིག་སླེབས་ཏེ། དེ་འདྲའི་ཐོག་ནས་བློ་གཏོད་ས་ཞིག་དང་། ཕྲུ་གུའི་སློབ་སྦྱོང་གི་ཐོག་ལ་ཕན་ཐོགས་འབྱུང་ངེས་ཡིན་ཞེས་བཀའ་སློབ་ལམ་སྟོན་གནང་ཡོད་པ་ལས། དགེ་རྒན་ཚོས་རང་གི་ཕྲག་པར་གཡོལ་དུ་མེད་པའི་འགན་འཁྲི་དེ་ངེས་པར་དུ་འཁྱེར་དགོས་པ་དང་། དེ་དང་ཕྱོགས་མཚུངས་ཉེ་རིང་ཕྱོགས་ལྷུང་མེད་པར་སློབ་མ་རྣམས་རང་གི་བུ་ཕྲུག་བཞིན་སྙིང་ཉེ་པོ་དང་སེམས་ཐག་ཉེ་པོའི་ཐོག་ནས་གསོ་སྐྱོང་བྱེད་དགོས་པ་དེ་བསྟན་ཡོད་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཡིན།
དེས་ན། འཕགས་པ་ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ན། །མྱུ་གུ་སྔོན་པོ་མི་སྐྱེ་འོ། །ཞེས་གསུངས་པ་ལྟར། ཡོན་ཏན་ཐམས་ཅད་ཀྱི་འབྱུང་རྩ་ནི་དགེ་བའི་བཤེས་གཉེན་ཡིན་ཞིང་། དགེ་བའི་བཤེས་གཉེན་ལ་དད་གུས་མེད་ན་རང་གི་རྒྱུད་ལ་ཤེས་ཡོན་ཚད་ལྡན་ཞིག་ཐོབ་དཀའ་བས། ཇི་སྐད་དུ། བཤེས་གཉེན་ཚུལ་བཞིན་བསྟེན་པར་བྱས་པའི་མི། །དུད་འགྲོ་ལྟ་བུ་ཤིན་ཏུ་བླུན་ན་ཡང་། །འཇམ་དཔལ་དབྱངས་ལྟར་འགྱུར་ལ་ཚེགས་ཅི་ཡོད། །བཤེས་གཉེན་ཚུལ་བཞིན་བསྟེན་ཅིག་ཤཱཀྱའི་སྲས། ཞེས་དགེ་བའི་བཤེས་གཉེན་ཚུལ་བཞིན་དད་པས་རྩེ་གཅིག་ཏུ་བསྟེན་ན་སེམས་ཅན་དུད་འགྲོ་བཞིན་ཧ་ཅང་བླུན་ཞིང་ལྐུག་པ་ཞིག་ཡིན་ན་ཡང་མཐར་རྗེ་བཙུན་འཇམ་པའི་དབྱངས་ལྟར་ཤེས་རབ་ཀྱི་དབང་ཕྱུག་ཏུ་འགྱུར་བར་དཀའ་ཚེགས་ཅི་ཡང་མེད་པར་འགྱུར་བས། དགེ་བའི་བཤེས་གཉེན་ལ་སེམས་བསམ་པའི་གཏིང་ནས་དད་གུས་དང་བརྩི་བཀུར་བྱེད་དགོས་པ་བསྟན་ཡོད་ལ། བླ་མ་མཆོད་པ་ལས། སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི། །མ་རུངས་འདུལ་དཀའི་སྙིགས་དུས་འགྲོ་བ་ལ། །བདེ་གཤེགས་ལམ་བཟང་ཇི་བཞིན་སྟོན་པ་ཡི། །སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཞེས་དང་། ཡང་དེ་ཉིད་ལས། ཡོན་ཏན་འབྱུང་གནས་ཚུལ་ཁྲིམས་རྒྱ་མཚོ་ཆེ། །མང་ཐོས་ནོར་བུའི་ཚོགས་ཀྱིས་ཡོངས་སུ་བལྟམས། །ངུར་སྨྲིག་འཛིན་པ་ཐུབ་དབང་གཉིས་པའི་རྗེ། །གནས་བརྟན་འདུལ་བ་འཛིན་ལ་གསོལ་བ་འདེབས། །ཞེས་དགེ་བའི་བཤེས་གཉེན་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་དུས་རྟག་ཏུ་གསོལ་བ་འདེབས་དགོས་པའི་དྲན་བསྐུལ་ཞུས་ཡོད། རྗེ་བདག་ཉིད་ཆེན་པོ་ཐོག་མཐའ་མ་ལས། ལུང་རྟོགས་ཡོན་ཏན་དུ་མས་རྒྱུད་གཏམས་ཤིང་། །དབང་པོོ་ཞི་ཞིང་རབ་དུལ་སྙིང་རྩེར་བཅས། །གཞན་དོན་སྐྱོ་མེད་སྒྲུབ་པའི་སྙིང་སྟོབས་ཅན། །བཤེས་གཉེན་དམ་པས་རྗེས་སུ་འཛིན་པར་ཤོག །ཅེས་གསུངས་ཡོད།
མཐའ་དོན། འདི་ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་ལ་བཅོས་མིན་སེམས་ཀྱི་གཏིང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། སླད་མར་ཡང་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་མི་བཤིག་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་ཐམས་ཅད་འབད་མེད་ལྷུན་གྱིས་འགྲུབ་ཅིང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་དབྱར་གྱི་མཚོ་མོ་ལྟར་རྒྱས་ཤིང་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བ་མ་ཟད། ན་ཆུང་སློབ་མ་རྣམས་བློ་རིག་བཀྲ་ཞིང་གནའ་དེང་ཤེས་ཡོན་གཉིས་འཛོམས་ཀྱི་མཁས་པའི་གདན་གྲལ་དུ་སྙེག་ཐུབ་པ་དང་། དགེ་བའི་བཤེས་གཉེན་རྣམས་ཀྱི་རྒྱུད་ལ་ལྷག་བསམ་དང་བྱམས་བརྩེ་ཡི་ས་བོན་རྨང་ནས་རྒྱས་ཤིང་། ཤེས་ཡོན་དང་འཇོན་ནུས་ཀྱི་མེ་ཏོག་སྣ་མང་ཕྱོགས་ཀུན་ཏུ་བཞད་དེ། མི་རིགས་ཀྱི་འཐབ་རྩོད་དང་རིག་གཞུང་སྲུང་སྐྱོབ་ཀྱི་འབྲས་བཟང་དུས་ནས་དུས་སུ་སྨིན་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

ད་བར་དཔྱད་མཆན་མེད།