བཀྲ་ཤིས་སྒྲོལ་མ། གཞི་གོང་བོད་དགེ།
བོན་གཞིས་སཾ་བྷོ་ཊ་དྷོ་ལན་ཇི་ཉིན་སློབ།

སྔོན་གྱི་གཏམ།

སྐུ་ཚེ་གང་པོར་གཞན་དོན་མཛད་ཅིང་སྐུ་ཡི་རྣམ་ཐར་ངོ་མཚར་ཆེ།།
འདི་དང་ཕྱི་མའི་ལམ་སྣེ་འདྲེན་པའི་གསུང་གི་བྱིན་རླབས་བདུད་རྩི་འཕྱོ།།
འགྲོ་དྲུག་ཀུན་ལ་བྱམས་བརྩེ་སྙོམས་པའི་ཐུགས་ཀྱི་གཟིགས་པ་རྟ་བདུན་དབང་།།
༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་སངས་རྒྱས་གཟུགས་དང་གཉིས་སུ་མེད།།

   ཅེས་ཤིས་བརྗོད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་སྟེ། འདིར་སྐབས་བབ་གླེང་བར་བྱ་བ་ཡང་རང་ཅག་བོད་མི་རྣམས་མི་ལོ་དྲུག་ཅུ་ལྷག་གི་རིང་གཞིས་བྱེས་གཉིས་སུ་གྱེས་ཏེ། དཀའ་སྡུག་གི་ལམ་འཕྲང་ཇི་སྙེད་ཅིག་འགྲིམས་དགོས་བྱུང་ཞིང་། རྒྱ་དམར་གྱིས་སྡུག་སྤྱོད་ངན་རྩུབ་ཀྱི་སྲིད་ཇུས་འོག་བོད་ཀྱི་ཆོས་རིག་གི་ངོ་བོ་རྩ་བརླག་ཏུ་གཏོང་ཅི་ཐུབ་བྱས་ཀྱང་། ད་བར་བོད་ཀྱི་རྩ་དོན་མ་ཉམས་མ་རྒུད་པར་འཛམ་གླིང་ཐོག་གསོན་པོར་གནས་པ་ནི། མགོན་སྐྱབས་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བྱིན་རླབས་དང་བཀའ་དྲིན་ཉག་གཅིག་གི་འོག་ནས་བྱུང་བ་སྨྲ་བའི་ངལ་བ་ཅི་ལ་བསྟེན་དགོས་སམ། ཁྱད་པར་ཁོང་གིས་མ་འོངས་སྔོན་གཟིགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་དེ་དྲང་བདེན་གྱི་ལམ་ནས་བདེན་མཐའ་གསལ་དགོས་ན། རང་མི་རིགས་ཀྱི་མ་འོངས་སོན་རྩ་རྣམས་ལ་གནའ་དེང་ཤེས་ཡོན་གྱི་ལམ་ནས་ཟུངས་ཁྲག་རྒྱས་པར་བྱེད་དགོས་པ་མ་ཟད། རང་ཉིད་ཀྱི་ཐུན་མོང་མིན་པའི་རིག་པའི་གནས་ཀྱི་རྩ་བའམ་གཞུང་ཤིང་དུ་གྱུར་པ་སྐད་དང་ཡི་གེ །ཆོས་དང་ལོ་རྒྱུས་སོགས་རྩ་བ་ཚུགས་པའི་སྟེང་། དུས་རབས་དང་རྗེས་སུ་མཐུན་པའི་ཤེས་ཡོན་ཚད་ལྡན་ཞིག་དགོས་པར་དགོངས་ཏེ། ཕུགས་རྒྱང་རིང་པོའི་དགོངས་གཞིའི་འོག་བོད་པའི་སློབ་གྲྭ་ཟུར་དུ་གསར་འཛུགས་ཀྱིས་བོད་མི་རིགས་ཀྱི་འགན་དབང་ལྕི་པོ་འདེགས་ནུས་པའི་འདབ་གཤོག་གཉིས་ལྡན་གྱི་བོད་ཕྲུག་ཚད་ལྡན་གང་མང་གསོ་སྐྱོང་བྱ་རྒྱུ་དེ་གལ་ཆེ་དོན་ཆེར་གཟིགས་ཏེ་༸རྒྱལ་བའི་མཛད་པ་ཀུན་གྱི་མཐིལ་དུ་བཟུང་ཡོད།

དེས་ན་ཁོང་གིས་མ་འོངས་པའི་སོན་རྩ་བོད་ཕྲུག་ཚད་ལྡན་ཞིག་གསོ་སྐྱོང་བྱེད་པར་སྒོ་ཀུན་ནས་སྣེ་འཁྲིད་ཀྱི་བྱ་བར་མཁས་པའི་དགེ་རྒན་ཚད་ལྡན་ཞིག་ངེས་པར་དུ་དགོས། དེ་ཡང་། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཡོངས་སུ་ཚང་བའི་སྐྱེས་བུ་ཞིག་དགོས་པ་དང་བོད་ཕྲུག་རྣམས་དེ་དག་གི་འོག་ནས་འཚར་ལོངས་དགོས་པ་གལ་ཆེན་དུ་གཟིགས་ཡོད། གང་ལགས་ཤེ་ན། རྒྱལ་ཁབ་དང་མི་རིགས། སྤྱི་ཚོགས་ཤིག་རྗེས་ལུས་ཉམས་རྒུད་ཀྱི་གནས་སུ་ལྷུང་མིན་ཡང་མི་རིགས་དེའི་ན་གཞོན་རྣམས་ཀྱི་བསམ་བློའི་འཚར་ལོངས་དང་། ཤེས་ཡོན་གྱི་སྤུས་ཚད་ཇི་ཙམ་ཡོད་མེད་ལ་རག་ལས་པར་བརྟེན། སློབ་མ་ཞིག་གི་ནང་གི་བསམ་བློ་དང་ཕྱིའི་ཀུན་སྤྱོད་ཀྱི་འཚར་ལོངས་ནི་སློབ་མ་དེས་སློབ་གཉེར་གྱི་བརྒྱུད་རིམ་ནང་དགེ་རྒན་སུ་ཞིག་བསྟེན་ཡོད་མེད་དང་། སློབ་གསོ་ཇི་འདྲ་ཞིག་གི་འོག་ནས་འཚར་ལོངས་བྱུང་ཡོད་མེད་ལ་རག་ལས་ཡོད། དེས་ན། རང་རེའི་བོད་ཕྲུག་ཚོ་དགེ་རྒན་ཚད་ལྡན་ཞིག་གི་འོག་ནས་སྐྱེད་སྲིང་འཚར་ལོངས་བྱ་དགོས་རྒྱུ་དེ་ཆགས་འཇིག་གི་གནས་སུ་ལྷུང་བའི་མི་རིགས་ཤིག་གི་འཐབ་རྩོད་ཀྱི་དགོས་མཁོ་དང་གྲུབ་ཆ་གལ་ཆེན་ཞིག་ཡིན། དེ་ཡང་མཐར་གཏུགས་ན་དགེ་རྒན་རང་ཉིད་ཀྱི་བསམ་བློའི་སྟངས་འཛིན་དང་། མཁས་པའི་ཡོན་ཏན། བྱམས་བརྩེའི་ཐབས་བྱུས། ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་བཟོད་པ་དྲང་བདེན་གྱི་རང་གཤིས་བཟང་པོ་སོགས་ཕུལ་དུ་བྱུང་བའི་མཁྱེན་རབ་དང་། རྨད་དུ་བྱུང་བའི་ཀུན་སྤྱོད་བཟང་པོའི་དྲི་བསུང་མ་ཡལ་བ་རྩ་བར་བྱས་ཏེ། ལྷག་བསམ་རྣམ་པར་དག་པའི་འགན་འཁུར་དང་སྙིང་སྟོབས་ཤིག་གི་འོག་ནས་སློབ་མ་གསོ་སྐྱོང་གི་བྱ་བ་ཆེ་ཕྲ་ཀུན་ལ་ནམ་ཡང་སྣང་མེད་དུ་མ་སོང་བར་ངང་མོས་ངང་ཕྲུག་སྐྱོང་བའི་དཔེ་ལྟར་བརྩོན་པ་དང་སྤྲོ་བས་འཇུག་དགོས། ཅི་སྟེ་དེ་ལྟར་ནུས་ན་༸གོང་ས་མཆོག་གི་དགོངས་གཞིར་མངའ་བའི་དགེ་རྒན་བཟང་པོ་ཞིག་ལ་གྱུར་བའི་རེ་བ་དང། ཤེས་ཡོན་གོ་ཆར་འཛིན་པའི་རྒྱལ་ཁབ་ཀྱི་དཔའ་བོ་ཞིག་དང་ཁྱད་མེད།

དགེ་རྒན་ཚད་ལྡན་ཞིག་གི་ཁྱད་ཆོས།

   ༸གོང་ས་མཆོག་གི་དགོངས་གཞིར་མངའ་བའི་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས་ཞེས་པའི་ཟབ་ཅིང་རྒྱ་ཆེ་བ་ཆུ་གཏེར་ལྟ་བུའི་བརྗོད་གཞིའི་ཐོག་གུས་མོས་བསམ་བློའི་རླབས་ཕྲེང་རེ་རེ་གཡོ་འགུལ་བྱེད་སྐབས། ངོ་མ་༸རྒྱལ་བའི་དགོངས་གཞི་ནི་ཤིན་ཏུ་རྒྱ་ཆེ་ལ་གཏིང་གཞལ་དཀའ་བ་ཞིག་ཏུ་སོང་བས། སྐྱེས་བུ་ཐ་མལ་བ་བདག་ལྟ་བུའི་སྨྲ་བ་ངག་གི་ཚིག་རྒྱན་དང་ཡིག་འབྲུའི་ལམ་ནས་ཇི་ཙམ་འགོད་ཐབས་བྱས་ཀྱང་རྫོགས་མཐའ་མེད་པས། འདིར་སྙིང་པོ་དོན་བསྡུས་ཉུང་ངུ་རྣམ་གསལ་གྱི་ལམ་ནས་བརྗོད་པར་བྱ། དེ་ཡང་མགོན་པོ་མཆོག་གིས་དུས་རྟག་ཏུ་བཀའ་ཆོས་གནང་བའི་སྐབས་སུ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དུ། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མངོན་རྟོགས་རྒྱན་དང་། མདོ་སྡེ་རྒྱན་སོགས་བསྟན་བཅོས་དག་ཏུ་གསལ་བའི་གཞུང་ཚིག་ཁུངས་སུ། མངོན་རྟོགས་རྒྱན་ལས།

སེམས་མི་འགོང་པ་ཉིད་ལ་སོགས།།
ངོ་བོ་ཉིད་མེད་སོགས་སྟོན་བྱེད།།
དེ་ཡི་མི་མཐུན་ཕྱོགས་བོར་བ།།
རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།།

ཞེས་སྐྱེས་བུ་གང་ཞིག་སྐྱོ་ངལ་དང་འཇིགས་ཞུམ་གྱིས་ཡིད་སེམས་ནམ་ཡང་འགོངས་པ་མེད་པ། ལྷག་བསམ་ཆེ་ལ་སྙིང་རྗེ་དང་བརྩེ་བའི་སྒོ་ནས་དྲངས་ཤིང་། སྐབས་དོན་བསླབ་བྱའི་གནས་གཏིང་ལོན་པ་ལ་སྐལ་ལྡན་གྱི་སློབ་མར་རིག་པའི་གནས་རྣམས་ཚང་ལ་མ་ནོར་བ་ཡང་དག་པར་སྟོན་པ་ལ་མཁས་པ་དང་། མི་མཐུན་པའི་ཕྱོགས་ཀུན་དང་བྲལ་བ་ནི། རྣམ་པ་ཀུན་ཏུ་ཉེ་བར་བསྟན་བྱའི་ཡོངས་འཛིན་ནམ་དགེ་བའི་བཤེས་གཉེན་ཡིན་ཞེས་གསུངས། དེ་མཚུངས་རྗེ་བཙུན་བྱམས་པའི་མདོ་སྡེ་རྒྱན་ལས་ཀྱང་།

བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ།།
ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག།
དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།།
བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན།།

   ཞེས་དགེ་རྒན་ཚད་ལྡན་ཞིག་བྱ་བར། གོང་གསལ་ཡོན་ཏན་བཅུའི་བདག་ཉིད་དུ་གྲུབ་པ་ཞིག་དགོས་པར་གསུངས། དེ་ཡང་ཕྱིའི་ཀུན་སྤྱོད་བཟང་བ་བསླབ་པ་ཚུལ་ཁྲིམས་ཀྱི་ཡོན་ཏན་ལ་གནས་པས་སྤྱོད་པ་དུལ་ཞིང་བཙུན་པ་དང་། ནང་གི་ཡིད་ཡོངས་སུ་བརྟན་པ་བསླབ་པ་ཏིང་ངེ་འཛིན་ལ་གཞོལ་བ་དང་། བླང་དོར་གྱི་གནས་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་ཕྱུག་པ་བཅས། བཤེས་གཉེན་ནི་བསླབ་པ་གསུམ་གྱི་ཡོན་ཏན་ལ་རབ་ཏུ་གནས་པ་ཞིག་དགོས། ཅི་སྟེ་ཡོན་ཏན་གསུམ་པོ་དེ་རྣམས་ཡང་དག་པ་ཞིག་མ་ཚང་རུང་། རང་རྒྱུད་ལ་དེ་དག་རྣམས་ཀྱི་ཆ་མཐུན་ཙམ་ཞིག་ནི་ངེས་པར་དུ་དགོས་པ་ཡིན། ལྷག་པར་དགེ་རྒན་ཞིག་ཡིན་ཚེ་རང་གི་སློབ་མ་ལ་ལྟོས་ན་དེ་རྣམས་ལས་སྒོ་ཀུན་ནས་ཡོན་ཏན་ལྷག་པ་ཞིག་དགོས། ཡོན་ཏན་ལྷག་པ་ཙམ་གྱིས་མི་ཆོག་པར་བརྩོན་འགྲུས་དང་ལྡན་པ་ལྷག་བསམ་གྱིས་ཕྱུག་པ་ཞིག་ནི་ངེས་པར་དགོས། དེ་བཞིན་དགེ་རྒན་ཚད་ལྡན་གཅིག་ཡིན་ན་སྐབས་བབ་རང་གི་བསླབ་བྱའི་གནས་དེ་ནེ་ཙོའི་མ་ཎི་སྐྱོར་བའི་ངང་ཚུལ་ཙམ་དུ་མ་སོང་བར། བློ་གྲོས་ཀྱི་འཇུག་པ་ཡངས་ལ་ལུང་རིགས་ཀྱི་གཏེར་མཛོད་ལྟ་བུ་ཞིག་དགོས་པ་ཡིན། གཞན་ཡང་རང་གི་བསླབ་བྱའི་གནད་རྣམས་མི་ཚེ་དོན་ལྡན་གྱི་སྟེང་དུ་ཕབ་ཐུབ་པ་ཞིག་ཏུ་མ་ཟད། སྨྲ་བ་ཤིན་ཏུ་མཁས་པའི་སྟེང་སློབ་མ་ཀུན་ལ་སྙིང་ཤིན་ཏུ་ཉེ་བ་བྱམས་བརྩེའི་སྒོ་ནས་སྐྱེད་སྲིང་བྱེད་པ་ལ་གཞོལ་བ་དང་། ཁྱད་པར་དུ་བློ་ཁ་དམན་ལ་སྤྱོད་པ་རྩུབ་པའི་སློབ་མ་རྣམས་སྐྱོ་ངལ་མེད་པར་ཤ་ཚ་ཆེན་པོས་གསོ་སྐྱོང་བྱེད་ནུས་མཁན་ཞིག་ལ་དགེ་རྒན་གྱི་མཚན་སྙན་འབུལ་དགོས་པར་གསུངས།

མདོར་ན་དགེ་རྒན་ནི། སློབ་མའི་ལུས་སེམས་གཉིས་ཀར་དགེ་བའི་བག་ཆགས་འཇོག་མཁན་གྱི་སྐྱེས་བུ་གལ་ཆེན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པས། ༸གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོའི་ནང་དགེ་བའི་བཤེས་གཉེན་གྱི་ཐོག་མར་རང་གི་མ་ཡུམ་གྱི་གཙོས་པའི་ཡོངས་འཛིན་རྣམ་གཉིས་དང་། དེ་བཞིན་ཆོས་འབྲེལ་དབང་ལུང་ཐོབ་པའི་རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ཐུགས་ལ་བཅངས་པ་ཙམ་མིན་པར། དེ་དག་ལས་ཐོབ་པའི་ཡོན་ཏན་དང་བསླབ་བྱ། སློབ་གསོ་དང་ལམ་སྟོན། ལེགས་ཆ་དང་རིན་ཐང་སོགས་དགེ་རྒན་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་རྣམས་གོང་གསལ་གྱི་བསྟན་བཅོས་དག་ལ་སྦྱར་ནས་བཀའ་སློབ་རྒྱས་བསྡུས་འདྲ་མིན་སྩལ་བ་རྣམས་གོ་བདེའི་ཚུལ་དུ་དྲང་ན།

༡  ༽ ༧གོང་ས་མཆོག་གི་བཀའ་སློབ་ཏུ་དགེ་རྒན་ཞིག་ལ་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ནུས་པ་ཙམ་མིན་པར། སློབ་མ་ཀུན་ལ་འདྲ་མཉམ་གྱི་དྲང་བདེན་དང་། བྱམས་སྙིང་རྗེ་གཡོ་བ་མེད་པའི་ལམ་ནས་སྐྱོང་མཁན་གྱི་སྐྱེ་བོ་ཞིག་ཡིན་དགོས་པར་གསུངས། གང་ཡིན་ཟེར་ན། དགེ་སློབ་བར་གྱི་དམ་ཚིག་གཙང་མ་ནི་ཤེས་ཡོན་སློབ་ཁྲིད་ཚད་ལྡན་ཞིག་ཡོང་བ་ལ་ཟམ་པ་ལྟ་བུ་ཡིན་པས། ཟམ་པ་དེ་ལ་གས་ཆག་ཤོར་ན་དགེ་རྒན་དང་དགེ་ཕྲུག་བར་གྱི་འབྲེལ་བ་ལ་རྨ་ཁ་ཆེན་པོ་ཞིག་བཟོ་ཉེན་ཆེ་བས། དགེ་རྒན་ཞིག་གིས་སློབ་མར་བརྩེ་སེམས་གཡོ་བ་མེད་པ་དྲང་བདེན་གྱི་ལམ་ནས་སློབ་ཁྲིད་མཁས་པའི་ཐབས་ལམ་ལ་འཇུག་ནུས་པའི་ཁྱད་ཆོས་ལྡན་དགོས།

༢  ༽ དགེ་རྒན་ནི་སློབ་མ་ཀུན་གྱི་མིག་དཔེར་འོས་པའི་གང་ཟག་ཞིག་ཡིན་པས་དགེ་རྒན་རང་ཉིད་ཀྱི་སྒོ་གསུམ་གྱི་ཀུན་སྤྱོད་ཞི་ཞིང་དུལ་བ་དང་། བཟོད་པའི་ཉམས་ལེན་གྱི་ལམ་ནས་སྨྲ་མཁས་ཤིང་སློབ་མའི་སེམས་ཁམས་བདེ་བར་བྱེད་ནུས་པའི་ཁྱད་ཆོས་ལྡན་དགོས་ཞེས་གསུངས། གང་ལགས་ཤེ་ན། འཛིན་གྲྭའི་ནང་སློབ་མས་དུས་རྒྱུན་དུ་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པ་ཙམ་མ་ཡིན་པར་དགེ་རྒན་གྱིས་སྒོ་གསུམ་གྱི་ཀུན་སྤྱོད་ཇི་ལྟར་གནང་མིན་ལ་དམིགས་བསལ་དོ་སྣང་བྱེད་ཅིང་། དེ་ལས་རིན་ཐང་བྲལ་བའི་བསླབ་བྱ་སྣ་ཚོགས་ཤིག་ལེན་རྒྱུ་ཡོད་པས། སྐབས་རེར་ཤོག་བུ་སྐམ་པོའི་ཤེས་བྱ་ལས་ཀྱང་ལྷག་པ་སློབ་མའི་སེམས་ཁམས་ལ་ཟུབ་ཏུ་མེད་པའི་དགེ་བའི་བག་ཆགས་བཟང་པོ་ཞིག་གིས་ཤུགས་རྐྱེན་སྤྲོད་པས། དགེ་རྒན་ཞིག་གི་ལས་གནས་སུ་འཇུག་ཚེ་རང་ཉིད་ལ་སྒོ་གསུམ་གྱི་ཀུན་སྤྱོད་བཟང་པོ་ཞིག་གི་ཡོན་ཏན་དང་ཁྱད་ཆོས་ལྡན་དགོས།

༣  ༽ ༧གོང་ས་མཆོག་གི་དགོངས་པའི་དགེ་རྒན་ཞིག་ཡིན་ཚེ། གཞན་ཕན་གྱི་བསམ་པ་ཚད་ལྡན་དང་། བྱ་བ་ལ་རྒྱུན་བསྲིང་དང་མཉམ་ལས་ཀྱི་ནུས་པ་ལྡན་པ་མ་ཟད། དཔེ་དེབ་དང་འགྲོགས་འདྲིས་ཀྱི་གོམས་གཤིས་བཟང་པོ་ལྡན་པའི་དགེ་རྒན་ཞིག་ཡིན་དགོས། གང་ཡིན་ཟེར་ན། སེམས་པ་བཟང་པོ་དང་སྐྱོ་ངལ་མེད་པ་ནི་དགེ་རྒན་གྱི་བྱ་བའི་གཞི་རྩ་ཡིན། དེ་ཡང་དཀའ་ངལ་ག་འདྲ་ཞིག་ལ་གདོང་ལེན་བྱ་དགོས་ཀྱང་ཡིད་ལ་འཇིགས་ཞུམ་ཡ་ང་མེད་པར་མཐུན་ཕྱོགས་ཀྱི་ལྟ་བ་བཟང་པོ་ཞིག་གི་སྒོ་ནས་སློབ་ཁྲིད་ལ་རྒྱུན་བསྲིང་གི་ཁྱད་ཆོས་དགོས་པ་དང་། དེ་ལྟར་ཡོང་བར་རྒྱུན་ལྡན་དཔེ་དེབ་དང་འགྲོགས་འདྲིས་ཀྱིས་དཔེ་ཀློག་གང་མང་བྱེད་མཁན་གྱི་ཀློག་པ་པོ་ཚད་ལྡན་ཞིག་ཡིན་དགོས་ལ། ཁྱད་པར་དགེ་སློབ་བར་མཉམ་ལས་ཀྱི་ནུས་པ་སྐྱེད་སྲིང་གིས་སློབ་མ་ཀུན་ལྷན་ཅིག་ཏུ་ཤེས་བྱའི་ཕ་རོལ་དུ་སོན་པ་བྱེད་དགོས་སོ། །

༤  ༽ དགེ་རྒན་ཞིག་ལ་དུས་ཀྱི་དགོས་མཁོ་ལྟར་འཕྲུལ་ཆས་ཀྱི་ཤེས་བྱ་དང་སྒྱུ་རྩལ་གྱི་ནུས་པ་ལྡན་པ་མ་ཟད། འཛིན་གྲྭ་སྟངས་འཛིན་གྱི་ཁྱད་ཆོས་དང་ཐབས་ལམ་ཤེས་དགོས། ང་ཚོ་ནི་ཚན་རིག་དང་འཕྲུལ་ཆས་ཡར་ཐོན་ཆེ་བའི་དུས་རབས་ཉེར་གཅིག་གི་སློབ་མའི་དགེ་རྒན་ཞིག་ཡིན་སྟབས། དུས་རབས་དང་མཐུན་པའི་སྒྱུ་རྩལ་གྱི་ཤེས་བྱའི་གནས་ལ་སྦྱངས་པ་ཡོད་པ་ཙམ་མ་ཟད། འཕྲུལ་ཆས་བཀོལ་སྤྱོད་ཀྱི་ཕྱོགས་ལའང་རྒྱུས་མངའ་མི་དམན་པའི་སྒོ་ནས་སློབ་མའི་བློ་སེམས་ཕྱོགས་ཀུན་ནས་འཕྲོག་པའི་ཁྱད་ཆོས་དང་ལྡན་པའི་ཐོག་ནས་སློབ་ཁྲིད་ཀྱི་བྱ་བར་འཇུག་ནུས་པ་དགོས།

༥  ༽ བཙན་བྱོལ་དུ་གནས་པའི་དགེ་རྒན་ཞིག་ལ་རང་མི་རིགས་ཀྱི་རྩ་དོན་སྒྲུབ་ཐབས་ཆེད་ཞུམ་མེད་ཀྱི་སྙིང་སྟོབས་དང་ལྷག་བསམ་ལྡན་དགོས། ང་ཚོ་ནི་རྒྱ་གར་དུ་ཆབ་སྲིད་ཀྱི་དཀའ་ངལ་འོག་ཡུལ་གྱར་བའི་བཙན་བྱོལ་བ་ཞིག་གི་ངོ་བོར་གནས་ཡོད་པས། དགེ་རྒན་ཞིག་གིས་སློབ་ཁྲིད་ཙམ་མིན་པར་རང་རྒྱལ་ཁབ་ཀྱི་རྩ་དོན་སྒྲུབ་ཐབས་སུ་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་དམིགས་བསལ་དོ་སྣང་གིས་བོད་ཕྲུག་རྣམས་ལ་དེ་དེ་བཞིན་གྱི་ལམ་སྟོན་ཐོག། ཞུམ་མེད་ཀྱི་སྙིང་སྟོབས་དང་ལྷག་བསམ་ལྡན་པའི་ཐོག་༸རྒྱལ་བའི་སྐུ་ཚེའི་དམ་བཅའ་གསུམ་པ་བོད་ཀྱི་རྩ་དོན་སྒྲུབ་ཐབས་ལ་ཞབས་འདེགས་གང་ནུས་ཞུ་ཐུབ་མཁན་ཞིག་ཡིན་དགོས།

མདོར་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིའི་རྗེས་སུ་འཇུག་པའི་དགེ་རྒན་ཞིག་བྱེད་དགོས་ཚེ། མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་དམ་བཅའ་བཞི་པོའི་དགོངས་དོན་རྣམས་ལ་སློབ་སྦྱོང་མཐིལ་ཕྱིན་གྱིས་དགོངས་པའི་མཐིལ་ལོན་པ་བྱས་ཏེ། ཁོང་གི་འགྲོ་བ་སྤྱི་ལ་སྨན་པའི་བླ་ན་མེད་པའི་དམ་བཅའ་རྣམས་རང་ཉིད་ཀྱི་ཉིན་རེའི་བྱ་སྤྱོད་ཆེ་ཕྲ་ཆུང་གསུམ་གྱི་སྟེང་དུ་ལག་ལེན་དུ་སྤུངས་ཐུབ་མཁན་ཞིག་ངེས་པར་དགོས་སོ། །

དགེ་བའི་བཤེས་གཉེན་སྣང་བྱེད་ཉི་མ་ཡིས།།
སློབ་མའི་ཡིད་ཀྱི་མུན་པ་ཀུན་སེལ་ཅིང་།།
བློ་གྲོས་པད་འདབ་ཡངས་པར་གྲོལ་བ་ལས།།
སྣ་ཚོགས་ཤེས་བྱའི་སྦྲང་རྩི་ཅི་དགར་རོལ།།

དྭངས་བསིལ་སྙིང་རྗེའི་ཆུ་བོ་འབབ་པ་ལྟར།།
དཔྱོད་ལྡན་སློབ་མའི་སྙིང་ཁ་བསིལ་བར་བྱེད།།
བྱམས་པའི་གདུང་སེལ་ཞི་བའི་གཤིས་ཀ་ཡིས།།
སློབ་མ་ཀུན་ལ་འདྲ་མཉམ་སྤྱན་གྱིས་གཟིགས།།

དྲང་བདེན་ཉི་མའི་འོད་ཟེར་ལྟ་བུ་ནི།།
སློབ་མ་ཀུན་ལ་སྙོམ་པར་རབ་ཏུ་འཕྲོ།།
རང་གི་ཀུན་སྤྱོད་བཟང་པོའི་དཔེ་མཚོན་གྱིས།།
སློབ་མའི་སེམས་ལ་དགེ་བའི་ས་བོན་འདེབས།།

བཟོད་པའི་རི་བོ་མི་གཡོ་བརྟན་པ་ལྟར།།
སྐྱོ་ངལ་རླུང་གིས་མི་གཡོ་བརྟན་པར་གནས།།
ཁྲོ་བའི་མེ་ལྕེ་རྣམ་པར་བཅིལ་བ་ཡིས།།
ཞི་བའི་ཐབས་ལམ་ཟབ་མོ་སྟོན་པར་མཛད།།

བློ་གྲོས་ལྡེ་མིག་ལེགས་པར་སྦྱིན་མཛད་ཅིང་།།
བླང་དོར་དཔྱོད་པའི་སྒོ་འཕར་ཡངས་པོར་འབྱེད།།
ཡང་དག་ཐར་པའི་ལམ་བཟང་སྟོན་མཛད་ནས།།
གཞན་དོན་ཆེད་དུ་སེམས་པ་སྐྱེད་པར་སྤྲོ།།

༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་གྱིས།།
གང་གི་ཐུགས་བསྐྱེད་དམ་བཅའ་ཡིད་ལ་ཆོངས།།
དེ་ཡང་རང་གི་སྒོ་གསུམ་ཀུན་སྤྱོད་དུ།།
ལག་ལེན་ལེགས་པར་འཁྱོལ་ལ་འབད་པར་འཚལ།། དགེའོ། །དགེའོ། །དགེའོ། །