ཐག་གཅོད་ཚེ་རིང་། གཞི་གོང་བོད་དགེ།
སིམ་ལ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ།
སྟོན་པའི་བསྟན་པ་ཉིན་མོར་བྱེད་པའི་གཉེན།།
མགོན་པོ་ཐུགས་རྗེ་ཅན་གྱི་སྐུ་ཚེ་བརྟན།།
བོད་འབངས་ཡོངས་ཀྱི་རེ་སྨོན་འགྲུབ་པའི་ཕྱིར།།
གོ་སྟོན་རྟེན་འབྲེལ་དགའ་སྟོན་དབྱངས་སུ་ལེན།།
ཞེས་ཤིས་བརྗོད་སྔོན་དུ་ཕུལ་བའི་སྒོ་ནས་༸གོང་ས་མཆོག་གི་དགོངས་པ་ལྟར་ན། དགེ་རྒན་བཟང་པོ་ཞིག་ནི་སློབ་ཕྲུག་ཚོར་ཤེས་ཡོན་སྤྲོད་པ་ཙམ་མ་ཡིན་པར་བྱམས་བརྩེ་དང་བཟོད་བསྲན་གྱི་སྒོ་ནས།ནང་སེམས་ཀྱི་གཤིས་རྒྱུད་བཟང་པོ་སློབ་སྟོན་དང་ཡ་རབས་མིག་དཔེ་སྟོན་མཁན་ཞིག་ཡིན་དགོས། དེ་བཞིན་ཤེས་ཡོན་བྱེད་སྒོ་ནི། འཛམ་གླིང་ཕྱི་ནང་གི་ཤེས་ཡོན་གཉིས་ཀ་སློབ་ཕྲུག་གི་གནས་ཚད་དང་འཚམས་པར་སློབ་སྟོན་བྱེད་ཐུབ་མཁན་ཞིག་ཡིན་དགོས། གཙོ་བོ་ནི་དགེ་རྒན་གྱིས་སློབ་ཕྲུག་ཚོར་རྒྱུན་དུ་གཞན་ཕན་གྱི་སེམས་བསྐྱེད་དགོས་པ་སློབ་སྟོན་བྱེད་པ་དང་སྤྱི་ཚོགས་ལ་ཞབས་ཞུ་བྱེད་སེམས་འཕེལ་བར་བྱེད་རྒྱུ་དེ་ཡིན་དགོས་པའི་ཁྱད་ཆོས་ཁག་གཤམ་གསལ་ལྟར།
༡ ༽ བྱམས་བརྩེའི་བསམ་པ་དང་ལྡན་པ།
ཞིབ་འགྲེལ། བྱམས་བརྩེ་དང་སྙིང་རྗེ་ནི། དགེ་རྒན་གྱི་རྩ་བའི་ཡོན་ཏན་ཡིན། ༸གོང་ས་མཆོག་གིས་བྱམས་བརྩེ་གཞི་རྩར་བཟུང་བའི་ཤེས་ཡོན་ལམ་ལུགས་ཤིག་གལ་ཆེར་བརྩིས་གནང་མཛད། དགེ་རྒན་གྱིས་སློབ་ཕྲུག་སོ་སོའི་དཀའ་ངལ་ལ་སེམས་ཐག་ཉེ་པོས་ཤེས་རྟོགས་གནང་སྟེ། ཕྲུ་གུ་སོ་སོའི་དགོས་མཁོ་དང་བསྟུན་པའི་སློབ་སྟོན་གནང་དགོས། དཔེ་མཚོན། ཀ) སློབ་ཕྲུག་ཅིག་ཤེས་ཡོན་སློབ་སྦྱོང་ལ་དཀའ་ངལ་འཕྲད་སྐབས་སྐྱོན་བརྗོད་མི་བྱེད་པར་གདེང་སྤོབས་སྐྱེད་སྟངས་ལ་རོགས་རམ་བྱེད་པ། ཁ) ནང་གི་དཀའ་ངལ་ཡོད་པའི་སློབ་ཕྲུག་ལ་དམིགས་བསལ་དུས་ཚོད་བཏང་སྟེ་རོགས་རམ་བྱེད་པ། ག) སློབ་ཕྲུག་ཅིག་ལ་ནད་གཞི་ཕོག་པའམ་དཀའ་ངལ་འཕྲད་ཚེ་ཁོང་ཚོའི་གནས་སྟངས་ལ་སེམས་འཁུར་བྱེད་པ་དང་གཞན་ལའང་སེམས་ཁུར་བྱེད་རྒྱུར་སྐུལ་མ་གཏོང་བ།
༢ ༽ བཟོད་བསྲན་དང་སེམས་ཀྱི་སྟོབས་ཤུགས།
ཞིབ་འགྲེལ། བཟོད་བསྲན་ནི་སློབ་ཕྲུག་སོ་སོའི་སློབ་སྦྱོང་བྱེད་སྟངས་དང་ཤེས་ཡོན་ལེན་པའི་ནུས་པ་མི་འདྲ་བ་ཡོད་པ་ངོས་འཛིན་གྱིས་དེ་དང་བསྟུན་པའི་སློབ་ཁྲིད་བྱེད་པའི་ཡོན་ཏན་ཡིན། ༸གོང་ས་མཆོག་གིས་དགེ་རྒན་ཚོས་སློབ་ཕྲུག་སོ་སོར་དགོས་ངེས་ཀྱི་དུས་ཚོད་སྤྲོད་དགོས་པ་དང་སེམས་ཁྲལ་དང་འཚབ་འཚུབ་མེད་པར་བཟོད་བསྲན་གྱིས་སློབ་སྟོན་གནང་དགོས་པར་གསུངས། དཔེ་མཚོན། ཀ) སློབ་ཕྲུག་གིས་གནད་དོན་ཞིག་ཐེངས་མང་དྲིས་ཀྱང་སེམས་ཁྲལ་དང་ཁོང་ཁྲོ་མེད་པར་སྐྱར་ཟློས་ཀྱིས་འགྲེལ་བཤད་རྒྱག་པ། ཁ) སློབ་ཕྲུག་རྣམས་ཀྱི་སྦྱངས་འབྲས་མི་འདྲ་བ་མཐོང་ཡང་སོ་སོའི་སློབ་སྦྱོང་ཡར་རྒྱས་ལ་དམིགས་པའི་སེམས་ཤུགས་མ་ཆག་པ། ག) སློབ་ཕྲུག་གི་སྤྱོད་པ་ལ་དཀའ་ངལ་འཕྲད་ཚེ་ཁོང་ཁྲོ་བྱེད་རྒྱུའི་ཚབ་ཏུ་དེའི་རྒྱུ་རྐྱེན་འཚོལ་བ་དང་རོགས་རམ་བྱེད་པ།
༣ ༽ ཤེས་ཡོན་དང་ཆེད་མཁས།
ཞིབ་འགྲེལ། དགེ་རྒན་གྱིས་རང་གི་སློབ་ཚན་དང་སྦྱོང་བརྡར་བྱེད་སྒོའི་སྐོར་ཆེད་མཁས་ཤེས་ཡོན་ཡོད་པ་དགོས། ༸གོང་ས་མཆོག་གིས་ཤེས་ཡོན་མེད་ན་གཞན་ལ་ཤེས་ཡོན་སྤྲོད་མི་ཐུབ་པས་ཤེས་ཡོན་ནི་དགེ་རྒན་གྱི་སྙིང་པོ་ཡིན་པར་གསུངས། དེ་བཞིན་དགེ་རྒན་གྱིས་རང་གི་སློབ་ཚན་དང་འབྲེལ་བའི་རྒྱལ་སྤྱིའི་ཡར་རྒྱས་སྐོར་རྒྱུས་མངའ་དང་འབྲེལ་བ་ཡོད་དགོས། དཔེ་མཚོན། ཀ) སློབ་ཚན་འཁྲིད་སྐབས་གཞི་རྩའི་རྣམ་གཞག་ལ་གསལ་བཤད་ཟབ་མོ་བྱེད་ཐུབ་པ། ཁ) སློབ་ཕྲུག་གི་དྲི་བ་རྣམས་ལ་གསལ་བཤད་ཆ་ཚང་བྱེད་ཐུབ་པ། ག) རང་གི་སློབ་ཚན་དང་འབྲེལ་བའི་དུས་རབས་དང་མཐུན་པའི་ཤེས་ཡོན་རྒྱུན་དུ་ཐོབ་ཐབས་དང་སློབ་ཕྲུག་ལ་སྤྲོད་ཐབས་བྱེད་པ།
༤ ༽ ཕྱི་དེང་རབས་དང་ནང་གནའ་བོའི་ནང་ཆོས་ཤེས་ཡོན་ཟུང་འབྲེལ།
ཞིབ་འགྲེལ། ༸གོང་ས་མཆོག་གི་དགོངས་པ་ལྟར་ན། སློབ་ཕྲུག་ཚོར་དེང་རབས་ཀྱི་ཤེས་ཡོན་དང་བོད་ཀྱི་ནང་ཆོས་ཀྱི་ལྟ་གྲུབ་གཉིས་ཀ་ཟུང་འབྲེལ་གྱིས་སློབ་སྟོན་བྱེད་དགོས། དགེ་རྒན་གྱིས་ཚན་རིག་གི་ཤེས་ཡོན་དང་ནང་པའི་སེམས་ཁམས་རིག་པ་གཉིས་ཀ་ཤེས་པའི་སྒོ་ནས་སློབ་ཕྲུག་གི་སེམས་རྒྱུད་ལ་བཟང་པོའི་སྐུལ་མ་ཐེབས་ངེས་ཀྱི་སློབ་ཁྲིད་བྱེད་ཐུབ་དགོས། དཔེ་མཚོན། ཀ) ཚན་རིག་སློབ་ཁྲིད་བྱེད་སྐབས་ཚན་རིག་པའི་བརྟག་དཔྱད་ལམ་ལུགས་དང་ནང་ཆོས་ཀྱི་བརྟག་དཔྱད་ལམ་ལུགས་དབར་གྱི་འདྲ་བ་དང་མི་འདྲ་བ་གསལ་བཤད་བྱེད་པ། ཁ) ཚན་རིག་གི་དངོས་པོ་རིག་པའི་ལྟ་གྲུབ་དང་ནང་པའི་སྟོང་ཉིད་ཀྱི་ལྟ་གྲུབ་དབར་གྱི་འབྲེལ་བ་སྟོན་པ། ག) སློབ་ཕྲུག་ཚོར་སེམས་ཁམས་རིག་པའི་རྣམ་གཞག་དང༌འབྲེལ་ཏེ་ནང་པའི་སེམས་ཁམས་རིག་པའི་རྣམ་གཞག་ངོ་སྤྲོད་བྱེད་པ།
༥ ༽ སྒོ་གསུམ་གྱི་སྤྱོད་པ་ཡ་རབས།
ཞིབ་འགྲེལ། ༸གོང་ས་མཆོག་གིས་དགེ་རྒན་རྣམས་ཀྱིས་སློབ་ཚན་སློབ་སྟོན་ཙམ་མིན་པར་སྒོ་གསུམ་གྱི་སྤྱོད་པ་ཡ་རབས་བཟང་པོའི་སྒོ་ནས་མིག་དཔེ་སྟོན་དགོས་པར་གསུངས། དགེ་རྒན་ནི་སློབ་ཕྲུག་ཚོའི་དགེ་མཚན་ཅན་གྱི་མིག་དཔེ་ཞིག་ཡིན་དགོས་པས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་སྦྱང་བ་གལ་ཆེ། དཔེ་མཚོན། ཀ) སློབ་ཕྲུག་ཚོར་མིག་དཔེ་སྟོན་པའི་ཆེད་དགེ་རྒན་རང་ཉིད་ཀྱིས་དྲང་བདེན་དང་བཟོད་སྒོམ་གྱི་སྤྱོད་པ་བསྟན་པ། ཁ) སློབ་ཕྲུག་ཚོར་སློབ་ཚན་ཙམ་མིན་པར་གཞན་ལ་རོགས་རམ་བྱེད་པ་དང་སྤྱི་ཚོགས་ལ་ཞབས་ཞུ་བྱེད་པ་སོགས་ཀྱི་བཟང་པོའི་སྤྱོད་པའི་མིག་དཔེ་སྟོན་པ། ག) དགེ་རྒན་ནས་རང་གི་འཁྲིད་ཐབས་ལ་རྒྱུན་དུ་ཞིབ་བཤེར་བྱེད་པ་དང་ནོར་འཁྲུལ་བྱུང་ཚེ་ངོས་ལེན་བྱེད་ཐུབ་པ།
༦ ༽ སེམས་ཁམས་རིག་པ་ཤེས་པ།
ཞིབ་འགྲེལ། ༸གོང་ས་མཆོག་གིས་དགེ་རྒན་གྱིས་སློབ་ཕྲུག་སོ་སོའི་སེམས་ཁམས་དང་བསམ་བློ་གཏོང་སྟངས་ལེགས་པར་ཤེས་པའི་སྒོ་ནས་དེ་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་བེད་སྤྱོད་བྱེད་དགོས། སློབ་ཕྲུག་རེ་རེར་སྐྱེས་སྟོབས་མི་འདྲ་བ་ཡོད་པས་དེ་དང་བསྟུན་པའི་སློབ་སྟོན་གནང་དགོས། དཔེ་མཚོན། ཀ) སློབ་ཕྲུག་སོ་སོའི་སློབ་སྦྱོང་བྱེད་སྟངས་(learning style)མི་འདྲ་བ་ངོས་བཟུང་སྟེ་ཁོང་ཚོའི་ནུས་པ་འདོན་པའི་སློབ་ཁྲིད་བྱེད་པ། ཁ) སློབ་ཕྲུག་སྐྱོ་སྣང་གི་ནང་དུ་ལྷུང་ན་དེའི་རྒྱུ་རྐྱེན་ཤེས་པའི་སྒོ་ནས་དམིགས་བསལ་རོགས་རམ་བྱེད་ཐབས། ག) སློབ་ཕྲུག་ཚོའི་སེམས་ཁམས་ཀྱི་གནས་སྟངས་རྟོགས་པའི་ཆེད་དུ་ཁོང་ཚོར་དྲི་བ་དང་སྐད་ཆ་ཤོད་རྒྱུའི་གོ་སྐབས་མང་པོ་སྤྲོད་པ།
༧ ༽ གཞན་ཕན་གྱི་བསམ་པ།
ཞིབ་འགྲེལ། ༸གོང་ས་མཆོག་གིས་དགེ་རྒན་རྣམས་ཀྱིས་སྒེར་དོན་ལས་གཞན་ཕན་གྱི་བསམ་པ་གཙོ་བོར་བཟུང་དགོས་པར་གསུངས། སློབ་སྦྱོང་གི་དམིགས་ཡུལ་ནི། རང་གཞན་སྤྱི་ཚོགས་ལ་ཕན་ཐོགས་ཡོང་བ་བྱེད་རྒྱུ་ཡིན་པས་དེ་ལྟར་གྱི་བསམ་པ་དང་སྤྱོད་པ་སློབ་ཕྲུག་ཚོར་བསླབ་དགོས་པ་ཡིན། དཔེ་མཚོན། ཀ) སློབ་ཕྲུག་ཚོར་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་ནང་འཛུལ་ཞུགས་བྱེད་རྒྱུར་སྐུལ་མ་གཏོང་བ། ཁ) འཛིན་གྲྭའི་ནང་དུ་སློབ་ཕྲུག་ཚོ་དཀའ་ངལ་སེལ་བ་དང་གཞན་ལ་རོགས་རམ་བྱེད་རྒྱུར་སེམས་ཤུགས་སྤར་བ། ག) སློབ་ཕྲུག་ཚོར་དངོས་པོ་ཡར་རྒྱས་ཙམ་མ་ཡིན་པར་མི་ཚེའི་རིན་ཐང་དང་བདེ་སྐྱིད་ཀྱི་གཞི་རྩ་ནི་བཟང་སྤྱོད་དང་གཞན་ཕན་གྱི་བསམ་པ་ཡིན་ཚུལ་སློབ་སྟོན་བྱེད་པ།
༨ ༽ རིག་གཞུང་དང་ནང་ཆོས་རྒྱབ་ལྗོངས་ཤེས་པ།
ཞིབ་འགྲེལ། བོད་པའི་སྤྱི་ཚོགས་ནང་རིག་གཞུང་དང་ནང་ཆོས་ནི་རྩ་ཆེན་རྩོམ་ཆས་ཤིག་ཡིན། དགེ་རྒན་གྱིས་རིག་གཞུང་དང་ནང་ཆོས་ཀྱི་ལྟ་གྲུབ་དང་། མི་ཚེའི་རིན་ཐང་། བྱམས་བརྩེ་དང་ཞི་བདེའི་ལྟ་བ་སོགས་ཤེས་པའི་ཐོག་ནས། རྒྱལ་སྤྱིའི་སྤྱི་ཚོགས་ནང་འཚར་ལོངས་བྱེད་བཞིན་པའི་སློབ་ཕྲུག་ཚོར་འགྲེལ་བཤད་དང་སློབ་ཁྲིད་བྱེད་ཐུབ་དགོས། དཔེ་མཚོན། དགེ་རྒན་གྱིས་སློབ་ཚན་ཁྲོད་དུ་བྱམས་སྙིང་རྗེའི་གལ་ཆེའི་རང་བཞིན་སྐོར་སློབ་ཁྲིད་སྐབས། བོད་ཀྱི་གནའ་བོའི་སྒྲུང་དང་། ནང་ཆོས་ཀྱི་དཔེ་མཚོན། གོང་ས་མཆོག་གི་བཀའ་སློབ་སོགས་བེད་སྤྱོད་བྱས་ཏེ་ཕྲུ་གུ་ཚོར་རིན་ཐང་གི་སྐོར་ལ་གོ་རྟོགས་གསལ་པོ་སྤྲོད་པ།
༩ ༽ དེང་གི་དུས་རབས་དང་མཐུན་པའི་ཤེས་ཡོན།
ཞིབ་འགྲེལ། དེང་དུས་ཀྱི་འཛམ་གླིང་ནང་འགྱུར་བ་མགྱོགས་པོ་འགྲོ་བཞིན་ཡོད། དགེ་རྒན་གྱིས་རྒྱལ་སྤྱིའི་ཤེས་ཡོན་ལམ་ལུགས་ཤེས་དགོས་པ་དང་། ཚན་རིག་དང་འཕྲུལ་ཆས་ཀྱི་གནས་ཚུལ་རྒྱུས་མངའ་དགོས། དེང་དུས་སློབ་ཁྲིད་ཐབས་ལམ་ཤེས་པས་སློབ་ཕྲུག་ཚོ་འཛམ་གླིང་ནང་འགྲན་རྩོད་བྱེད་ཐུབ་པ་བཟོ་ཐུབ། དཔེ་མཚོན།དགེ་རྒན་གྱིས་བརྙན་འཕྲིན་དང་། གློག་ཀླད། དྲ་ལམ་སོགས་བེད་སྤྱོད་བྱས་ཏེ་སློབ་ཁྲིད་བྱེད་པ། ཕྱི་རྒྱལ་གྱི་སློབ་གྲྭ་དང་མཉམ་འབྲེལ་གྱིས་བགྲོ་གླེང་ལས་འཆར་སྤེལ་བ། རྒྱལ་སྤྱིའི་ཚོགས་འདུ་དང་སྦྱོང་བརྡར་ནང་མཉམ་ཞུགས་ཀྱིས་ཤེས་བྱ་གསར་པ་སྦྱོང་བ།
༡༠ ༽ སྤྱི་ཚོགས་བྱ་བར་སེམས་ཁུར།
ཞིབ་འགྲེལ། དགེ་རྒན་གྱིས་སློབ་ཕྲུག་ཚོར་སྤྱི་ཚོགས་ནང་འགན་འཁྲི་ལྡན་པའི་མི་སྣ་བཟོ་རྒྱུར་འབད་བརྩོན་བྱེད་དགོས། སློབ་ཕྲུག་ཚོར་སྤྱི་ཚོགས་ཀྱི་དཀའ་ངལ་ཤེས་རྟོགས་དང་། དེ་དག་སེལ་ཐབས་ལ་བསམ་བློ་གཏོང་བའི་ནུས་པ་སྤེལ་དགོས། དཔེ་མཚོན། དགེ་རྒན་གྱིས་སློབ་ཕྲུག་ཚོར་ཁོར་ཡུག་སྲུང་སྐྱོབ། ཆུ་དང་གློག་གྲོན་ཆུང་བྱེད་སྟངས། དགེ་རྒན་དང་མཉམ་དུ་རྒས་གསོ་ཁང་སོགས་ལ་ལྟ་སྐོར་དུ་ཁྲིད་དེ་རྒན་འཁོགས་ལ་རོགས་རམ་བྱེད་དུ་འཇུག་པ། ས་ཆ་གཙང་མ་བཟོ་བའི་ལས་གཞི་སྤེལ་བ་སོགས།
མཇུག་བསྡོམས། གོང་གསལ་དོན་ཚན་ཁག་ནི་༸གོང་ས་མཆོག་གིས་དགེ་རྒན་ཚོར་ཐུགས་རེ་བཅངས་པའི་ཁྱད་ཆོས་ཁག་ཡིན། དགེ་རྒན་རྣམས་ཀྱིས་ཤེས་ཡོན་སྤྲོད་པ་ཙམ་མིན་པར། སློབ་ཕྲུག་གི་ནང་སེམས་དང་། གཤིས་ཀ། མི་ཚེའི་འཕེལ་རྒྱས་བཅས་ལ་སེམས་ཁུར་བྱེད་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། དགེ་རྒན་གྱིས་སློབ་ཕྲུག་ཚོའི་མི་ཚེ་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པས། ༸གོང་ས་མཆོག་གིས་བཀའ་སློབ་ལྟར་དགེ་རྒན་ཡག་པོ་ཞིག་བྱེད་པར་གཞི་རྩའི་ཁྱད་ཆོས་གཤམ་གསལ་འདི་དག་ལྡན་དགོས། མདོ་སྡེ་རྒྱན་ལས་གསུངས་པའི་དགེ་རྒན་གྱི་ཁྱད་ཆོས་བཅུ་ནི་འདི་ལྟར།
བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།།
ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག།
དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།།
བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན།།
ཞིབ་འགྲེལ། ༡ ༽ དུལ་བ། འགྲེལ་བཤད། དུལ་བ་ཞེས་པ་ནི། དགེ་རྒན་གྱི་མིག་དང་། རྣ་བ། སྣ། ལྕེ། ལུས། ཡིད་བཅས་དབང་པོ་དྲུག་གིས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་བཅས་ཡུལ་དྲུག་ལ་སྲེད་ཆགས་དང་ཞེན་པ་མེད་པར་རང་གིས་རང་ཚོད་འཛིན་ཐུབ་པའི་དོན་ཡིན། དཔེ་མཚོན། དགེ་རྒན་ཞིག་ཉིན་ལྟར་སྔ་དྲོ་ཡར་ལངས་ནས་སྨོན་ལམ་དང་སྒོམ་རྒྱག་པ། སེམས་རྣལ་དུ་འཇོག་པའི་ཐབས་ལམ་བེད་སྤྱོད་བྱས་ཏེ་སེམས་ནང་ཞི་བདེ་འཇགས་སུ་འཇུག་པ། དེ་ལྟར་སྤྱོད་ལམ་དང་སྨྲ་བརྗོད་ཀྱི་ཐོག་ནས་ཀྱང་དུལ་ཞིང་ཞི་བའི་རྣམ་པ་ཐོན་པ།
༢ ༽ ཞི་བ། འགྲེལ་བཤད། ཞི་བ་ཞེས་པ་ནི། ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་གྱི་སེམས་རྒྱུད་མ་དཀྲུགས་པར་སེམས་ནང་ཞི་བདེ་ལྡན་པའི་དོན་ཡིན། དཔེ་མཚོན། དགེ་རྒན་ཞིག་ཉིན་ལྟར་སྔ་དྲོ་ཡར་ལངས་ནས་སྨོན་ལམ་དང་སྒོམ་རྒྱག་པ། སེམས་རྣལ་དུ་འཇོག་པའི་ཐབས་ལམ་བེད་སྤྱོད་བྱས་ཏེ་སེམས་ནང་ཞི་བདེ་འཇགས་སུ་འཇུག་པ། དེ་ལྟར་སྤྱོད་ལམ་དང་སྨྲ་བརྗོད་ཀྱི་ཐོག་ནས་ཀྱང་དུལ་ཞིང་ཞི་བའི་རྣམ་པ་ཐོན་པ།
༣ ༽ ཉེར་ཞི་བ། འགྲེལ་བཤད། ཉེར་ཞི་བ་ཞེས་པ་ནི། ཕྱིའི་ལུས་ངག་གི་སྤྱོད་པ་དང་སྨྲ་བརྗོད་ཙམ་མ་ཡིན་པར། ནང་སེམས་ཀྱི་གནས་སྟངས་ཀྱང་ཆགས་སྡང་སོགས་ཉོན་མོངས་པའི་དབང་དུ་མི་འགྲོ་བར་ཞི་བདེ་རང་དུ་གནས་པའི་དོན་ཡིན། དཔེ་མཚོན། དགེ་རྒན་ཞིག་སྤྱི་ཚོགས་ནང་གི་སྐད་ཆ་དང་ལས་དོན་མི་མཐུན་པ་བྱུང་ཡང་། སེམས་ནང་ཁོང་ཁྲོ་མི་སྐྱེ་ཞིང་ཕྱོགས་ལྷུང་མེད་པར་ཐག་གཅོད་བྱེད་ཐུབ་པ། མི་གཞན་གྱིས་སྐྱོན་བརྗོད་དང་དམའ་འབེབས་བྱས་ཀྱང་། སེམས་ནང་འཁོན་འཛིན་མི་བྱེད་པ།
༤ ༽ ཡོན་ཏན་ལྷག་པ། འགྲེལ་བཤད། ཡོན་ཏན་ལྷག་པ་ཞེས་པ་ནི། སློབ་མ་ལས་ཡོན་ཏན་དང་ཤེས་ཡོན་ལྷག་པར་ལྡན་པ། ཁྱད་པར་དུ་རང་གིས་སློབ་ཁྲིད་བྱེད་པའི་སློབ་ཚན་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་དོན་ཡིན། དཔེ་མཚོན། དགེ་རྒན་ཞིག་གིས་སྒྲ་ཚད་སློབ་ཁྲིད་བྱེད་ཚེ། རང་གིས་སྒྲ་ཚད་ཀྱི་གཞུང་ལུགས་ལ་སྦྱངས་པ་གཏིང་ཟབ་བྱས་པ་མ་ཟད། དེང་དུས་ཀྱི་སྐད་ཡིག་ཤེས་བྱ་ཡང་ཆ་ཚང་ཤེས་པ། བསྟན་བཅོས་སྣ་ཚོགས་ལུང་དྲངས་ནས་རང་གི་ཤེས་བྱའི་གཏིང་ཟབ་ཏུ་གཏོང་ཐུབ་པ།
༥ ༽ བརྩོན་བཅས། འགྲེལ་བཤད། བརྩོན་བཅས་ཞེས་པ་ནི། དགེ་རྒན་གྱིས་རང་གི་ཤེས་ཡོན་དང་སློབ་ཁྲིད་ཀྱི་ཐབས་ལམ་ཡར་རྒྱས་གཏོང་བར་བརྩོན་འགྲུས་དང་འབད་བརྩོན་བྱེད་པའི་དོན་ཡིན། དཔེ་མཚོན། དགེ་རྒན་ཞིག་གིས་སློབ་ཁྲིད་སྔོན་ལ་དཔེ་ཆ་དང་དེབ་མང་པོ་བལྟས་ཏེ་གྲ་སྒྲིག་བྱེད་པ། དགོང་མོ་ཆུ་ཚོད་མང་པོ་འགོར་ཡང་སློབ་ཕྲུག་གི་ལས་བྱའི་དཔྱད་བརྗོད་རེ་རེ་བཞིན་བྲིས་ཏེ་རོགས་རམ་བྱེད་པ། རྒྱུན་དུ་ཤེས་ཡོན་གསར་པ་སྦྱོང་བརྡར་བྱེད་པ་སོགས།
༦ ༽ ལུང་གིས་ཕྱུག འགྲེལ་བཤད། ལུང་གིས་ཕྱུག་ཞེས་པ་ནི། བཀའ་དང་བསྟན་བཅོས་སྣ་ཚོགས་ལ་ཐོས་བསམ་བྱས་ཏེ། རང་གིས་སློབ་ཁྲིད་བྱེད་པའི་བརྗོད་གཞི་སྐོར་ལ་ལུང་ཚད་ལྡན་མང་པོ་དྲངས་ནས་འགྲེལ་བཤད་བྱེད་ཐུབ་པའི་དོན་ཡིན། དཔེ་མཚོན། དགེ་རྒན་ཞིག་གིས་ནང་ཆོས་སློབ་ཁྲིད་སྐབས། མདོ་སྡེ། བསྟན་བཅོས། མཁས་པའི་གསུང་སོགས་ནས་ལུང་འདྲེན་ཐུབ་པ། དགེ་རྒན་གྱིས་བརྗོད་གཞི་གང་ཞིག་སློབ་ཁྲིད་སྐབས་དེ་དང་འབྲེལ་བའི་བཀའ་བསྟན་ནས་ལུང་ཚད་མ་དྲངས་ཏེ་སློབ་ཕྲུག་གི་ཡིད་ཆེས་སྐྱེད་ཐུབ་པ།
༧ ༽ དེ་ཉིད་རབ་ཏུ་རྟོགས་པ། འགྲེལ་བཤད། དེ་ཉིད་རབ་ཏུ་རྟོགས་པ་ཞེས་པ་ནི། བདག་མེད་པ་དང་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཡིད་དཔྱོད་ཀྱིས་གོ་བའམ། རྗེས་དཔག་གིས་རྟོགས་པ། རབ་མངོན་སུམ་དུ་རྟོགས་པའམ། ཡང་ན་རང་གིས་སློབ་ཁྲིད་བྱེད་པའི་བརྗོད་གཞིའི་གནད་དོན་གཏིང་ཟབ་ཤེས་པའི་དོན་ཡིན། དཔེ་མཚོན། དགེ་རྒན་ཞིག་གིས་ནང་དོན་རིག་པ་སློབ་ཁྲིད་སྐབས། སྟོང་ཉིད་ཀྱི་ལྟ་བ་དང་། རྟེན་འབྲེལ་གྱི་རྣམ་གཞག་ལ་ཐོས་བསམ་སྒོམ་གསུམ་བརྒྱུད་ནས་རྒྱུས་མངའ་གཏིང་ཟབ་ཡོད་པ། སློབ་ཕྲུག་གི་དྲི་བ་རྣམས་ལ་གཏིང་ཟབ་ནས་ལན་འདེབས་ཐུབ་པ།
༨ ༽ སྨྲ་མཁས་ལྡན། འགྲེལ་བཤད། སྨྲ་མཁས་ལྡན་ཞེས་པ་ནི། གཞན་ལ་ཆོས་བཤད་པ་དང་འགྲེལ་བཤད་བྱེད་པའི་ཚེ། ཚིག་གྲུབ་དང་དཔེ་མཚོན་གསལ་པོ་བེད་སྤྱོད་བྱས་ཏེ་སློབ་ཕྲུག་རྣམས་ཀྱིས་གོ་བདེ་པོར་ཤེས་ཐུབ་པའི་དོན་ཡིན། དཔེ་མཚོན། དགེ་རྒན་ཞིག་གིས་དཀའ་གནད་ཅིག་འགྲེལ་བཤད་སྐབས། སྔོན་ལ་སྤྱི་ཡོངས་ཀྱི་བསྡུས་དོན་བཤད་པ། དེ་ནས་རིམ་པས་ཞིབ་ཕྲ་བཤད་པ། མཐའ་མར་དཔེ་མཚོན་སྣ་ཚོགས་བེད་སྤྱོད་བྱས་ཏེ་སློབ་ཕྲུག་ཚོར་གོ་བདེ་པོ་བཟོ་བ། གཞན་ཡང་སློབ་ཕྲུག་གི་ཤེས་ཚད་དང་བསྟུན་ནས་སློབ་ཁྲིད་བྱེད་པ།
༩ ༽ བརྩེ་བའི་བདག་ཉིད། འགྲེལ་བཤད། བརྩེ་བའི་བདག་ཉིད་ཅེས་པ་ནི། དགེ་རྒན་གྱིས་སློབ་ཕྲུག་ཚོ་ལ་བྱམས་བརྩེའི་སེམས་དང་སྙིང་རྗེ་ལྡན་པ། ཁོང་ཚོའི་ཤེས་ཡོན་དང་བདེ་ཐབས་ལ་སེམས་ཁུར་ཆེན་པོ་བྱེད་པའི་དོན་ཡིན། དཔེ་མཚོན། དགེ་རྒན་ཞིག་གིས་སློབ་ཕྲུག་རྣམས་ཀྱི་སློབ་སྦྱོང་གི་དཀའ་ངལ་ལ་སེམས་ཁུར་བྱས་ཏེ་ཁོང་ཚོར་དམིགས་བསལ་ཆུ་ཚོད་སྤྲོད་པ། སློབ་ཕྲུག་ཚོའི་མི་ཚེའི་དཀའ་ངལ་ལ་རོགས་རམ་བྱེད་པ། སློབ་ཕྲུག་གི་ཤེས་ཡོན་འཕེལ་རྒྱས་དང་ཁོང་ཚོའི་བདེ་ཐབས་ལ་སེམས་ཁུར་ཆེན་པོ་བྱེད་པ།
༡༠ ༽ སྐྱོ་བ་སྤངས་པ། འགྲེལ་བཤད། སྐྱོ་བ་སྤངས་པ་ཞེས་པ་ནི། དགེ་རྒན་གྱིས་རང་གི་ལས་འགན་ལ་སུན་སྣང་དང་ཡིད་ཐང་ཆད་པའི་སེམས་མེད་པར། དགའ་སྤྲོའི་ངང་ནས་སློབ་ཁྲིད་ཀྱི་བྱ་བ་བྱེད་པའི་དོན་ཡིན། དཔེ་མཚོན། དགེ་རྒན་ཞིག་གིས་ཉིན་ལྟར་དགའ་སྤྲོའི་ངང་ནས་སློབ་ཁྲིད་བྱེད་པ། སློབ་ཕྲུག་འགའ་ཞིག་གིས་སློབ་སྦྱོང་ལ་དཀའ་ངལ་འཕྲད་ཀྱང་དེ་ལ་ཞེན་པ་ལོག་པ་དང་སེམས་ཞུམ་པ་མེད་པར། བརྩོན་འགྲུས་ཆེན་པོས་ཁོང་ཚོར་རོགས་རམ་བྱེད་པ། ཤེས་ཡོན་སྤྲོད་པའི་ལས་དོན་ལ་ནམ་ཡང་སྐྱོ་སུན་མི་སྐྱེ་བར་གཞན་ཕན་གྱི་བསམ་པས་ཀུན་ནས་བསླངས་ཏེ་ལས་དོན་བྱེད་པ།
མཇུག་བསྡོམས། མདོ་སྡེ་རྒྱན་ལས་གསུངས་པའི་དགེ་རྒན་གྱི་ཁྱད་ཆོས་བཅུ་པོ་འདི་དག་ནི། ༸གོང་ས་མཆོག་གི་ཐུགས་དགོངས་ཀྱི་དགེ་རྒན་བཟང་པོ་ཞིག་གི་ངོ་བོ་དང་ཁྱད་ཆོས་མཚོན་པ་ཡིན། ཁྱད་ཆོས་འདི་དག་ལྡན་པའི་དགེ་རྒན་གྱིས་སློབ་ཕྲུག་ཚོར་དངོས་གནས་ཕན་ཐོགས་ཆེན་པོ་བྱེད་ཐུབ། དགེ་རྒན་གྱི་ཁྱད་ཆོས་བཅུ་པོ་འདི་ནི་ནང་པའི་ལྟ་གྲུབ་གཞིར་བཟུང་ནས་གསུངས་པ་ཡིན་མོད། དེང་དུས་ཀྱི་དགེ་རྒན་ཚོར་ཡང་ཧ་ཅང་གལ་ཆེན་པོ་ཡིན།
རྩ་བའི་ཆ་ནས་སྡེ་ཚན་གསུམ་དུ་བསྡུས་ན། ༡ ༽ རང་རྒྱུད་སྦྱོང་བའི་ཁྱད་ཆོས། (དབང་པོ་ཐུལ་བ། ཞི་བ། ཉེར་ཞི་བ།) ༢ ༽ ཤེས་ཡོན་དང་འབྲེལ་བའི་ཁྱད་ཆོས། (ཡོན་ཏན་ལྷག་པ། བརྩོན་བཅས། ལུང་གིས་ཕྱུག་པ། དེ་ཉིད་རབ་ཏུ་རྟོགས་པ། སྨྲ་མཁས་ལྡན།) ༣ ༽ སེམས་ཀྱི་བསམ་པ་དང་འབྲེལ་བའི་ཁྱད་ཆོས། (བརྩེ་བའི་བདག་ཉིད། སྐྱོ་བ་སྤངས་པ།) དེང་དུས་ཀྱི་དགེ་རྒན་ཚོས་ཀྱང་ཁྱད་ཆོས་འདི་དག་གོང་འཕེལ་བཏང་ན། སློབ་ཕྲུག་གི་ཤེས་ཡོན་དང་། བསམ་བློ། མི་ཚེའི་རིན་ཐང་བཅས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ངེས་ཡིན།།
སྨོན་ཚིག །
བོད་ལྗོངས་རང་བཙན་སྐབས་སུའང་མ་གྲགས་པའི།།
གནའ་དེང་རིག་གཞུང་ཕྱུག་པའི་བོད་སློབ་ཁག།
འཛམ་གླིང་ལྡིང་ཆའི་སྟེང་དུ་འགྲན་ནུས་བཞིན།།
དེང་རབས་བརྒྱུད་འཛིན་ཐུབ་པ་ཁྱེད་ཀྱིས་དྲིན།།།
ཤུགས་དྲག་མོས་གུས་དྲག་པོའི་བདེན་ཚིག་དང་།།
མངོན་རྟོགས་ཡིད་ལ་གོམས་པའི་ཏིང་འཛིན་མཐུས།།
ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོའི་སྡེ།།
ཞིང་འདིར་འགྲོ་བའི་མགོན་པོར་བརྟན་བཞུགས་གསོལ།།
ད་བར་དཔྱད་མཆན་མེད།