མིག་དམར། གཞི་གོང་བོད་དགེ།
ཧར་པ་པུར་སཾ་བྷོ་ཊ་ཉིན་སློབ།

   དགེ་རྒན་ནི་ཤེས་ཡོན་གྱི་སྒོ་མོ་འབྱེད་མཁན་གྱི་ལྡེ་མིག་དང་། འཇིག་རྟེན་མུན་པ་སེལ་བའི་སྒྲོན་མེ། མི་ཚེ་ཡི་ལམ་སྟོན་པ་ཞིག་སྟེ། མི་རིགས་དང་སྤྱི་ཚོགས་ཀྱི་ཆབ་དཔལ་རིག་གསུམ་ཁ་ཕྱོགས་གང་དུ་བསྐྱོད་མིན་དགེ་རྒན་གྱི་ལས་གནས་ལ་རག་ལས་ཡོད། སྤྱིར་འཇིག་རྟེན་གྱི་གོ་ལ་ཁྱོན་ལ་དགེ་རྒན་གྱི་ལས་གནས་ཐོག་གདེང་འཇོག་ཚད་ལྡན་བྱེད་བཞིན་ཡོད་ལ། ངོས་འཛིན་ཀྱང་བྱེད་བཞིན་ཡོད།

ང་ཚོ་བོད་མི་རིགས་འདི་ཆབ་སྲིད་ཀྱི་ཤེས་བྱས་ཕོངས་ཏེ་བཙན་བྱོལ་གྱི་མི་རིགས་ཤིག་ཆགས་པ་ནས་བཟུང་། ངོ་ཤེས་པ་གནམ་དང་ས་ལས་མེད་པའི་དུས་མཚམས་འདིར། བདག་ཅག་གི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་འཐུས་ཤོར་གྱི་ལོ་རྒྱུས་ལ་གཟིགས་ཞིབ་དང་། མ་འོངས་ཕུགས་རྒྱང་ལ་དགོངས་ཏེ་མི་ཡུལ་གྱི་ས་ཐོག་ཏུ་ཕེབས་མཚམས་ཤེས་ཡོན་གྱི་སྡེ་ཁག་གསར་བཙུགས་གནང་ཞིང་། ཤེས་ལྡན་པ་གསོ་སྐྱོང་གནང་སྟེ་ང་ཚོའི་མི་རིགས་འདིའི་མ་འོངས་པའི་འཐབ་རྩོད་ཤེས་བྱ་ཡོན་ཏན་ལ་རག་ལས་ཡོད་པའི་བཀའ་སློབ་ལམ་སྟོན་དུས་ནས་དུས་སུ་གནང་ཡོད།

ཤེས་ཡོན་གྱི་སྤུས་ཚད་དང་། ཤེས་ལྡན་པའི་གནས་ཚད། འཐབ་རྩོད་ཀྱི་ངར་ཤུགས། མི་རིགས་ཀྱི་འཆི་གསོན་ནི་གཙོ་བོ་ཆུ་འགོ་གངས་ལ་ཐུག་ཅེས་པ་བཞིན་དགེ་རྒན་གྱི་ཤེས་ཚད་དང་སྤུས་ཚད་ལ་རག་ལས་ཡོད་པས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྔ་ཕྱི་བར་གསུམ་དུ་ཐུགས་བརྩེ་བ་ཆེན་པོས་དགེ་རྒན་གང་འདྲ་ཞིག་དགོས་མིན་ཐད་ཐུགས་ཁུར་ཆེ་ཤོས་ཀྱིས་བཀའ་སློབ་ལམ་སྟོན་གནང་ཡོད། དེས་ན་ང་ཚོས་རྟོག་བཟོ་དང་འུར་བརྗོད་བྱས་པ་མ་ཡིན་པར། ༸གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་གཞི་རྩར་བྱས་ཏེ་༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས་གང་དག་དགོས་མིན་ཐད་རང་ཉིད་ཀྱི་བསམ་ཚུལ་འགའ་ཞིག་མཉམ་སྤྱོད་ཞུ་རྒྱུ་ཡིན།

༡། རང་མི་རིགས་ཀྱི་ཐུན་མིན་རིག་གཞུང་ལ་དགའ་ཞེན་ཅན་གྱི་དགེ་རྒན།

   ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང་འཛམ་བུའི་གླིང་འདིའི་སྒང་ལ་གནའ་རབས་ཀྱི་སྐད་ཡིག་རྙིང་ཤོས་བཅུ་ཡི་གྲངས་སུ་ཚུད་པའི་བོད་ཀྱི་ཡི་གེ་འདི་ནི་རང་མི་རིགས་ཀྱི་སྲོག་རྩ་དང་། སྐད་ཡིག་འདི་སྲོག་རྩར་བྱས་པའི་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་འདི་ནི། བོད་མི་རིགས་ཀྱི་ངོ་བོ་དང་། ཁྱད་ཆོས། གོམས་གཤིས་སོགས་མཚོན་པར་བྱེད་ཀྱི་ཡོད། དེས་ན། རང་རེ་བོད་མི་རིགས་ཀྱི་དགེ་རྒན་ཞིག་ཡིན་ན་དེ་འདྲའི་རིག་གཞུང་ལ་དགའ་ཞེན་དང་། དོ་སྣང་ཡོད་མཁན་ཞིག་ངེས་པར་དུ་དགོས། ༸གོང་ས་མཆོག་ནས། “ང་ཚོས་བདེན་དོན་རྩོད་ཡས་རྒྱུ་མཚན་གཙོ་བོ་དེ་ང་ཚོ་སོ་སོར་བོད་མི་རིགས་ཀྱི་རྣམ་པ་ཐོན་པའི་སྐད་དང་ཡི་གེས་ཤན་བྱས་པའི་རིག་གཞུང་ཐུན་མོང་མ་ཡིན་པ་དེ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད།“[༡] ཅེས་དགེ་རྒན་འོས་སྦྱོང་བྱེད་མཁན་རྣམས་ལ་བཀའ་སློབ་གནང་པ་བཞིན།  རང་མི་རིགས་ཀྱི་ཐུན་མོང་མིན་པའི་རིག་གཞུང་ལ་དགའ་ཞེན་དང་། དོ་སྣང་གནང་མཁན་གྱི་དགེ་རྒན་དེ་འདྲ་ཞིག་བྱུང་ན། མི་རབས་གསར་པའི་སློབ་ཕྲུག་རྣམས་ཀྱང་རང་མི་རིགས་ཀྱི་རིག་གཞུང་ལ་དགའ་ཞེན་བྱེད་མཁན་དང་། བག་ཆགས་ཡོད་མཁན་གྱི་གཞོན་སྐྱེས་ཤིག་ཏུ་གསོ་སྐྱོང་གནང་ཐུབ། དེ་ནི་༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་པ་ཡིན་སྟབས། གཞོན་སྐྱེས་གསོ་སྐྱོང་གནང་མཁན་གྱི་དགེ་རྒན་ཡང་དེ་འདྲ་ཞིག་དགོས།

༢། རང་དབང་འཐབ་རྩོད་སེམས་ལ་བཅངས་པའི་དགེ་རྒན།

   ང་ཚོའི་མི་རིགས་འདི་ནི་ཆབ་སྲིད་ཀྱིས་ཕོངས་ཤིང་རང་དབང་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པས། ཤེས་བྱ་ཡོན་ཏན་གྱི་ལམ་ནས་རང་མི་རིགས་ཀྱི་དྲང་བདེན་གྱི་ལོ་རྒྱུས་རྣམས་གསལ་སྟོན་བྱས་ཏེ་རང་དབང་འཐབ་རྩོད་ཀྱི་འགུལ་ཤུགས་མི་རབས་ནས་མི་རབས་རྒྱུན་གནས་ཐུབ་པ་བྱེད་དགོས། དེ་ལྟར་རང་དབང་འཐབ་རྩོད་རྒྱུན་གནས་ཐུབ་པ་བྱེད་དགོས་ན་མི་རབས་གཞོན་པ་རྣམས་ཤེས་ཡོན་གྱི་ལམ་བུར་སྣེ་འཁྲིད་བྱེད་མཁན་གྱི་དགེ་རྒན་རྣམས་ང་ཚོའི་མི་རིགས་འདི་རང་དབང་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་བསམ་པའི་ཚོར་སྣང་ཡོད་པའི་དགེ་རྒན་ཞིག་ངེས་པར་དུ་དགོས། མི་རབས་གཞོན་པའམ་སློབ་ཕྲུག་རྣམས་རང་མི་རིགས་ཀྱི་རང་དབང་འཐབ་རྩོད་ཆེད་དུ་སློབ་སྦྱོང་བྱེད་དགོས་པའི་སྐུལ་ལྕག་གཏོང་ཐུབ་མཁན་གྱི་དགེ་རྒན་ཞིག་ཀྱང་དགོས། ༸གོང་ས་མཆོག་ནས། “ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་པ་ཆགས་བསྡད་ཡོད། ང་ཚོ་འགྱེལ་ས་ནས་ཡར་ལངས་ཡས་ཀྱི་ཐོབ་ཐང་དེ་ང་ཚོ་ལ་ཡོད་པ་རེད། དེ་འགྲུབ་པ་ལ་ང་ཚོས་འཁྲུག་པ་བརྒྱབ་ནས་རང་དབང་རྩོད་ལེན་བྱེད་ཀྱི་ཡིན་ཟེར་གི་ཡོད་མ་རེད། ང་ཚོ་གོ་མཚོན་གྱི་རང་དབང་རྩོད་ལེན་བྱེེད་ཀྱི་ཡིན་ཟེར་གྱི་ཡོད་མ་རེད། བདེན་པ་དང་འཚེ་མེད་ཞི་པའི་ལམ་ནས་བདེན་དོན་རྩོད་ཀྱི་ཡིན་ཟེར་གྱི་ཡོད། ལྷག་པར་དུ་ཡང་ཤེས་བྱ་ཡོན་ཏན་གྱི་ལམ་ནས་བདེན་པ་མཐའ་སྐྱེལ་དགོས་ཀྱི་ཡོད།”[༢] ཅེས་བཀའ་སློབ་གནང་བ་བཞིན། ང་ཚོ་བཙན་བྱོལ་ནང་ཤེས་ཡོན་གྱི་སྡེ་ཁག་བཙུགས་ཤིང་ཤེས་བྱ་ཡོན་ཏན་སྦྱོང་དགོས་དོན་ཡང་རང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་། དེའི་ལམ་ནས་ཇི་སྲིད་བོད་ལ་རང་དབང་མ་འཐོབ་བར་དེ་སྲིད་འཐབ་རྩོད་ཀྱི་ནུས་པ་རྒྱུན་འཁྱོངས་བྱེད་དགོས་པ་ཡིན། ང་ཚོའི་འཐབ་རྩོད་དེ་ནི་མི་ཐོག་གཅིག་གི་འཐབ་རྩོད་མིན་པར་རྒྱལ་ཁབ་ཅིག་གི་འཐབ་རྩོད་ཡིན་སྟབས། མི་ཐོག་ནས་མི་ཐོག་རྒྱུན་འཁྱོངས་བྱེད་དགོས་པ་ཡིན། དེ་ལྟར་རྒྱུན་འཁྱོངས་ཡོང་བ་ལ་འཐབ་རྩོད་ཀྱི་ཚོར་སྣང་ལྡན་པའི་ཤེས་ཡོན་གྱི་སྣེ་ཁྲིད་པའམ་དགེ་རྒན་ངེས་པར་དུ་དགོས།

༣། ལྷག་བསམ་དྲང་བདེན་ཅན་གྱི་དགེ་རྒན།

   ཤེས་ཡོན་གྱི་སྡེ་ཁག་ནང་ཕྱག་ལས་གནང་མཁན་གྱི་དགེ་རྒན་ནི་རྒྱལ་ཁབ་ཀྱི་སྲོག་ཤིང་ཡིན་པས། དགེ་རྒན་གྱི་ཕྱག་ལས་གནང་སྟངས་ཐད་འཐུས་ཤོར་ཕྱིན་ན། རྒྱལ་ཁབ་ནི་ནམ་ཡང་ཡར་ཐོན་ཅན་དུ་འགྱུར་མི་ཐུབ། དེས་ན་དགེ་རྒན་གྱི་ཕྱག་ལས་ནི་རྩ་ཆེན་ཞིག་ཡིན་ལ། དེ་ཉིད་དོན་སྙིང་ལྡན་པ་ཞིག་ཡོང་བ་ལ་དགེ་རྒན་རང་ཉིད་ལྷག་བསམ་ཅན་གྱི་དགེ་རྒན་ཞིག་ངེས་པར་དུ་དགོས། དེ་ཡང་༸གོང་ས་མཆོག་ནས། “ཕྲུ་གུར་སློབ་སྦྱོང་སྤྲོད་སྐབས་ལྷག་བསམ་དང་། འགན་འཁུར་གྱི་རྣམ་འགྱུར་ཞིག་ཡོད་དགོས། དེ་མིན་གླ་ཆ་བླངས་པའི་དོན་དུ་ཁྲལ་འཁྱོལ་ཙམ་གྱིས་ལས་ཀ་བྱས་ན། དེ་ནི་རང་གཞན་གཉིས་ཀར་མགོ་སྐོར་བཏང་བ་ཡིན་པས། འདི་ཕྱི་ལས་འབྲས་ལ་མི་འགྲོ་བ་སྨོས་ཅི། ཕྲུ་གུའི་མི་ཚེ་འཕྲོ་བརླག་བཏང་བ་ཡིན།”[༣] ཞེས་དམའ་རིམ་དགེ་རྒན་ཟབ་སྦྱོང་སྐབས་བཀའ་སློབ་གནང་བ་བཞིན། ལྷག་བསམ་ཅན་གྱི་དགེ་རྒན་ཞིག་ངེས་པར་དུ་དགོས་ཀྱི་འདུག གལ་སྲིད་ལྷག་བསམ་མེད་པའི་དགེ་རྒན་ཡིན་ན་ཕྲུ་གུའི་མི་ཚེ་འཕྲོ་བརླག་བཏང་བ་ཡིན་ལ། མ་འོངས་རྒྱལ་ཁབ་འཛུགས་སྐྲུན་བྱེད་མཁན་གྱི་མི་རབས་རྩ་མེད་དུ་བཏང་བ་དང་མཚུངས་པ་ཡིན། གཞན་ཡང་། ༸གོང་ས་མཆོག་ནས། “ངས་རྟག་པར་བཤད་བསྡད་ཡས་དེ་རེད། ཤེས་ཡོན་ཡོད་པ་གཅིག་པུས་འགྲིགས་ཡས་ཡོད་མ་རེད། ལྷག་བསམ་ཞིག་དགོས་ཀྱི་ཡོད། མི་ལ་ལྷག་བསམ་མེད་ན་ཤེས་ཡོན་གཅིག་པུས་གང་འདྲ་ཞིག་འགྲོ་གི་ཡོད་མེད་ཤེས་ཀྱི་མ་རེད། ཤེས་ཡོན་རྐྱང་རྐྱང་གི་མགོ་བདེ་དྲན་འཁྲུལ་བསླབས་པ་འདྲ་བོ་ཆགས་ཡས་ཉེན་ཁ་ཡོད།”[༤] ཅེས་བཀའ་སློབ་རིམ་པར་ཕེབས་པ་བཞིན་༸གོང་ས་མཆོག་གི་དགོངས་པར་དགེ་རྒན་ལྷག་བསམ་ཅན་ཞིག་ཡོད་དགོས་པ་ནི་སྨོས་མི་དགོས་པ་ཞིག་ཡིན།

༤། སློབ་ཕྲུག་ལ་ཤ་ཚ་དང་བརྩེ་སེམས་ཅན་གྱི་དགེ་རྒན།

   རྒྱུན་གཏན་གྱི་འཚོ་བའི་ནང་ང་ཚོས་ཤེས་གསལ་ལྟར། སློབ་ཕྲུག་ལ་ཤ་ཚ་དང་། བརྩེ་སེམས་གྱི་ངང་དགེ་རྒན་གྱིས་སློབ་ཁྲིད་གནང་ན་སློབ་ཕྲུག་ཚོས་སློབ་སྦྱོང་ཤེས་སླ་བ་དང་། དགེ་སློབ་དབར་གྱི་འབྲེལ་ལམ་དམ་ཟབ་ཅན་དུ་འགྱུར་གྱི་ཡོད། མ་ཟད། སློབ་ཕྲུག་གིས་དགེ་རྒན་ལ་འཛིན་པའི་ལྟ་བ་ཡང་གུས་བཀུར་དང་། གུས་བརྩི། ཆེ་མཐོང་བཅས་ཡོང་གི་ཡོད། སློབ་ཕྲུག་རྣམས་མ་འོངས་པར་བརྩེ་སེམས་ཅན་དང་རང་བཞིན་བཟང་པོ་ཞིག་ཏུ་འགྱུར་དང་མི་འགྱུར་ནི། དགེ་རྒན་གྱི་གཤིས་སྤྱོད་ལ་ཁྱད་པར་ཆེན་པོ་རག་ལས་ཀྱི་ཡོད། དེར་བརྟེན། ༸གོང་ས་མཆོག་ནས། “བརྩེ་སེམས་དང་ལྷག་བསམ་རྣམ་དག་གིས་བྱས་ཏེ་ཕྲུག་གུ་ཚོའི་མདུན་ལམ་ཐོག་སེམས་ཁུར་དོ་སྣང་ཡོད་པའི་རྣམ་པ་བསྟན་ཐུབ་པ་ཞིག་བྱུང་ན། དེས་ཕྲུ་གུའི་བློ་ཡིད་ཚིམས་ཏེ་རང་བཞིན་དེ་རྒན་ལ་གུས་བརྩི། དགའ་ཞེན་གྱིས་སེམས་ཐག་ཉེ་པོ་ཡོང་གི་རེད། སློབ་གྲྭའི་ནང་མཛའ་བརྩེའི་ངང་འཚར་ལོངས་བྱུང་བའི་ཕྲུ་གུ་དེ་དག་གི་མི་ཚེ་སྐྱིད་པོ་ཡོང་རྒྱུ་གཏན་འཁེལ་རེད།”[༥] ཅེས་བཀའ་སློབ་ཕེབས་པ་བཞིན། མི་ཚེ་དོན་སྙིང་ལྡན་པ་ཞིག་དང། བདེ་སྐྱིད་ཡོང་བའི་ཆེད་དུ་༸གོང་ས་མཆོག་ནས་སྐུ་ལས་ཚད་མེད་བསྐྱོན་བཞིན་ཡོད། དེ་ལྟར་དགེ་རྒན་གྱིས་ཤ་ཚ་དང་བརྩེ་སེམས་ཀྱི་ངང་ཕྲུ་གུ་གསོ་སྐྱོང་གནང་ན་༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་པ་འགྲུབ་པ་ཡིན་པས། ༸གོང་ས་མཆོག་གི་དགོངས་པ་ལ་ཡང་དགེ་རྒན་དེ་འདྲ་ཞིག་དགོས་ཀྱི་ཡོད།

༥། ཡ་རབས་བཟང་སྤྱོད་ལྡན་པའི་དགེ་རྒན།

   སྤྱིར་ཤེས་བྱ་ཡོན་ཏན་སྤྲོད་པ་ནི། མིའི་རང་ཆས་སུ་ཡོད་པའི་བཟང་པོའི་ཡོན་ཏན་རྣམས་སྐྱེད་བསྲིངས་བྱེད་པའི་ཐབས་ལམ་ཞིག་ཡིན། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཡི་ནང་ནས་གཅིག་ནི་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་དེ་ཡིན་པས། ཁོང་གི་ཐུགས་བསྐྱེད་དེ་འགྲུབ་པར་མི་རབས་གསར་པ་གསོ་སྐྱོང་གནང་མཁན་གྱི་དགེ་རྒན་རྣམས་ལ་འགན་འཁྲི་ཆེན་པོ་ཡོད། དེ་ཡང་༸གོང་ས་མཆོག་ནས། “སློབ་ཕྲུག་བཟང་པོ་ཞིག་དགོས་པ་རེད། ཡ་རབས་ཅན་ཞིག་དགོས་པ་རེད་ལབ་དུས། དགེ་རྒན་རང་གིས་ཡ་རབས་བྱས། དགེ་རྒན་རང་གིས་ཕྲུ་གུའི་མིག་གི་མཐོང་སྣང་ལ་དངོས་གནས་སྐད་ཆ་ཤོད་སྟངས་ཡིན་ནའང་ཡ་རབས་ཀྱི་སྐད་ཆ་བཤད།  སློབ་ཁྲིད་བྱེད་སྟངས་དང་རྒྱུན་དུ་རྣམ་འགྱུར་ཡག་པོ་བསྟན་ནས་ཕྲུ་གུའི་རྒྱུད་ལ་བཟང་པོ་འཇགས་ཐུབ་པ་བྱེད་དགོས།”[༦] ཞེས་བཀའ་སློབ་ཕེབས་པ་བཞིན། ཕྲུ་གུའི་གཤིས་རྒྱུད་བཟང་པོ་ཞིག་ཡོང་བར་དགེ་རྒན་ཡ་རབས་དང་ལྡན་པ་ཞིག་དགོས་པ་ནི་༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་པ་ཡིན། གཞན་ཡང་། ༸གོང་ས་མཆོག་ནས། “བཟང་པོའི་ཡ་རབས་ཀྱི་སྤྱོད་པའི་མིག་ལྟོས་འཇགས་པའི་ཕྲུ་གུ་ཞིག་ཡིན་ན། བསམ་བློའི་འཁྱེར་སོ་དང་། སྐད་ཆ་ཤོད་སྟངས། གུས་ཞབས་བྱེད་སྟངས་སོགས་ཡ་རབས་ཀྱི་སྤྱོད་པ་གཞན་དང་མི་འདྲ་བ་ཞིག་ཡོང་རྒྱུ་ཡིན།”[༧] ཞེས་བཀའ་སློབ་ཟབ་མོར་ཕེབས་པ་དེས་ཀྱང་༸གོང་ས་མཆོག་གི་དགོངས་པར་དགེ་རྒན་ཡ་རབས་ཅན་ཞིག་དགོས་པ་ནི་བརྗོད་མི་དགོས་པ་ཞིག་ཡིན།

༦། གནའ་དེང་ཀྱི་ཤེས་ཡོན་དང་བསམ་བློ་ཡོད་པའི་དགེ་རྒན།

   ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་བ་ཆགས་དོན་ཡང་འདས་པའི་ལོ་རྒྱུས་ལ་དཔྱད་ཞིབ་བྱས་ན། དུས་རབས་དང་མཐུན་པའི་དེང་དུས་ཀྱི་ཤེས་བྱ་ཡོན་ཏན་མི་འདང་བའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཡིན་པ་གསལ་པོ་རེད། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནས་དུས་རབས་དང་མཐུན་པའི་ཤེས་ཡོན་སློབ་སྦྱོང་སྤྲོད་འགོ་བཙུགས་ཀྱང་མི་མང་གི་བསམ་བློའི་གནས་ཚད་མི་འདང་བ་ལ་བརྟེན་ནས་ལམ་ལྷོང་བྱུང་མེད། ༸གོང་ས་མཆོག་ནས། “ང་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཚོར་ལྟ་སྟངས་ཞན་པོ་བཟུང་ནས་རྒྱང་ཐག་རིང་པོ་བྱས་ཏེ་བསྡད་པའི་རྐྱེན་གྱིས་ང་རང་ཚོ་བོད་པའི་དེང་དུས་ཀྱི་ཤེས་ཡོན་ཐོག་འཐུས་ཤོར་ཆེན་པོ་ཕྱིན་ཡོད། དེང་དུས་ཀྱི་ཤེས་ཡོན་མ་འདང་བའི་རྐྱེན་གྱིས་ཐ་མ་དུས་འགྱུར་ཡོང་བའི་སྐབས་སུ་ང་ཚོར་གྲ་སྒྲིག་གང་ཡང་མེད་པར་ལུས་ཏེ་ཕ་རོལ་པོས་ཐུབ་ཚོད་བཏང་ཆོག་ཆོག་བྱུང་བ་རེད། དེ་འདྲའི་དབང་གིས་ད་ལྟ་ང་ཚོར་དཀའ་ངལ་འདི་ལྟར་འཕྲད་ཡོད།”[༨] ཅེས་ང་ཚོ་ཡུལ་གྱར་གྱི་གནས་སྟངས་འོག་ལྷག་དོན་ཡང་དེང་དུས་ཀྱི་ཤེས་ཡོན་མེད་པའི་རྐྱེན་ཡིན་པ་གསལ་སྟོན་གནང་ཡོད། གཞན་ཡང་། ༸གོང་ས་མཆོག་ནས། “ཡང་སྒོས་ང་ཚོ་བོད་པའི་གནས་སྟངས་འདིའི་ཐོག་ལ་ལྷག་པར་དུ་ཡང་དེང་དུས་ཤེས་ཡོན་སློབ་སྦྱོང་བྱེད་པས་དེ་གལ་ཆེན་པོ་ཡིན་པ། སོ་སོའི་མི་རིགས་ཀྱི་ཤེས་ཡོན་དང་འདྲེས་པའི་ཤེས་ཡོན་ཅན་ཞིག་བཟོ་དགོས་དུས། ང་ཚོའི་སློབ་གྲྭའི་ནང་སློབ་ཕྲུག་དེ་ཚོ་དེ་འདྲ་ཞིག་ཡོང་བ་ལ། དགེ་རྒན་འདི་ཡང་ཆོས་སྲིད་གཉིས་ལྡན་ཟེར་ནའང་མི་འདུག དེང་དུས་ཤེས་ཡོན་རེད། དེ་ག་ནང་བཞིན་བོད་མི་རིགས་རང་ཉིད་ཀྱི་ཤེས་ཡོན་ཆ་ཚང་བ་ཞིག་ཡོད་བསྡད་པའི་ཐོག་སློབ་ཁྲིད་བྱེད་མཁན་བྱུང་བ་ཡིན་ན་ཕན་གྱི་རེད།”[༩] ཞེས་གནང་བའི་བཀའ་སློབ་འདི་ལས་ང་ཚོས་གསལ་པོར་རྟོགས་ཐུབ་པ་ནི་༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་གནའ་དེང་ཟུང་སྦྲེལ་གྱི་དགེ་རྒན་ཞིག་དགོས་པ་གསལ་པོ་ཡིན།

༧། བོད་པའི་རྣམ་པ་མ་ཡལ་བའི་དགེ་རྒན།

   ང་ཚོ་ནི་ཆབ་སྲིད་ཀྱི་འཐབ་རྩོད་པ་ཞིག་དང་། མི་རིགས་ཀྱི་འཐབ་རྩོད་བྱེད་མཁན་ཞིག་ཡིན་དུས། མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་དང་། མི་རིགས་ཀྱི་ངོ་བོ་མ་ཡལ་བའི་ཐོག་ནས་འཐབ་རྩོད་བྱེད་དགོས་ཀྱི་ཡོད། ཉག་ཕྲ་བའི་བཙན་བྱོལ་གནས་སྟངས་འདི་འདྲ་ཞིག་གི་འོག་ནས་ང་ཚོས་བོད་པའི་རྣམ་པ་མ་ཡལ་བའི་ཐོག་རང་དབང་འཐབ་རྩོད་བྱེད་དགོས་ཀྱི་ཡོད། དེ་ནི་ང་ཚོ་བཙན་བྱོལ་ལ་ཡོང་བའི་དགོས་དོན་དང་། ༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་པ་ཡང་དེ་ལྟར་ཡིན། ༸གོང་ས་མཆོག་ནས། “ང་ཚོ་རྒྱ་གར་ནང་ཡོད་པའི་བོད་ཕྲུག་རྣམས་ཤེས་བྱ་ཡོན་ཏན་སྦྱངས་པའི་འབྲས་བུ་ངོ་ཐོག་ལམ་སེང་ལག་ལེན་འཁེལ་ཐུབ་མིན་གང་ལྟར་ཡང་ང་ཚོས་འཆར་གཞི་དང་དམིགས་ཡུལ་དེ་རྒྱ་གར་ནང་ཤེས་ཡོན་སྦྱངས་པའི་རྣམ་དཔྱོད་བཏོན་ས་དེ་སོ་སོའི་ལུང་པའི་ནང་ལ་རྣམ་དཔྱོད་བཏོན་ས་ཞིག་ཡིན་པ་ང་ཚོས་དམིགས་ཡུལ་ལ་བཞག་ནས་ལས་ཀ་བྱེད་ཀྱི་ཡོད་དུས་རྒྱ་གར་ནང་ཡོད་པའི་སློབ་གྲྭ་དེ་ཚོས་བོད་པའི་རྣམ་པ་མ་ཡལ་བའི་ཤེས་ཡོན་པ་ཞིག་བཟོ་དགོས་ཀྱི་འདུག“[༡༠] ཅེས་བཀའ་སློབ་ཕེབས་པ་བཞིན་ང་ཚོ་བཙན་བྱོལ་ནང་ཇི་ཙམ་སྡོད་དགོས་བྱུང་ཡང་། ང་ཚོས་བོད་པའི་རྣམ་པ་མ་ཡལ་བ་ཞིག་གི་ཐོག་ནས་གཞོན་སྐྱེས་ཚོར་ཤེས་བྱ་ཡོན་ཏན་བརྒྱུད་སྤྲོད་བྱེད་དགོས། དེ་ལྟར་ཡོང་བ་ལ་བོད་པའི་རིག་གཞུང་ལ་དུང་བ་ཟབ་ཅིང་བོད་པའི་ངོ་བོ་དང་རྣམ་པ་མ་ཡལ་བའི་དགེ་རྒན་ཞིག་ང་ཚོའི་ཤེས་ཡོན་གྱི་སྡེ་ཁག་ནང་ངེས་པར་དུ་དགོས་པ་ཡིན། དེ་ནི་༸གོང་ས་མཆོག་གི་དགོངས་པ་ལ་ཡོད་པའི་དགེ་རྒན་ཞིག་ཡིན་པ་ང་ཚོས་ཟུར་བལྟས་ལེབ་མཐོང་ཡིན།

༨། འཛམ་གླིང་ཀུན་ཁྱབ་གྱི་འགན་འཁུར་ཡོད་པའི་དགེ་རྒན།

   ༸གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོ་གོ་ལ་གཅིག་གྱུར་དང་། འགྲོ་བ་མི་གཅིག་མཚུངས་ཀྱི་དགོངས་གཞིའི་ཐོག་འགྲོ་བ་མིའི་བདེ་སྐྱིད་དོན་དུ་སྐུ་ལས་བསྐྱོན་དང་སྐྱོན་མུས་ཡིན། ༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་གཙོ་བོ་ཡང་འཛམ་གླིང་ཁྱོན་ལ་ཞི་བདེ་དང་། བདེ་སྐྱིད་ཡོང་ཐབས་དེ་ཡིན། དེ་འདྲ་ཞིག་ཡོང་བའི་བརྒྱུད་ལམ་ནི། ཤེས་བྱ་ཡོན་ཏན་ལས་གཞན་པའི་བརྒྱུད་ལམ་ཞིག་གཏན་ནས་མེད། ༸གོང་ས་མཆོག་ནས་དུས་དང་རྣམ་པ་ཀུན་ཏུ་ནང་སེམས་ལ་སློབ་སྦྱོང་སྤྲོད་དགོས་ཞེས་གསུངས་པ་དེ་ཡིན། ༸གོང་ས་མཆོག་ནས། “ངོས་རང་མི་སུ་འདྲ་ཞིག་དང་ཐུག་སྐབས་ངོ་དབྱིབས་ཕྲན་བུ་མི་འདྲ་བ་ཡོད་པ་ཙམ་ལས་དོན་དངོས་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཤིག་ཡིན་པ་བསམ་པ་དྲན་གྱི་འདུག འཛམ་གླིང་སྤྱི་ཚོགས་དེ་བཞིན་གཅིག་ལ་གཅིག་བརྟེན་དགོས་པའི་གནས་སྟངས་འོག་ང་ཚོ་དང་ཁོ་ཚོ་ཞེས་དབྱེ་འབྱེད་བྱེད་རྒྱུའི་དུས་ཚོད་ཡོལ་ཟིན།”[༡༠] ཞེས་བཀའ་སློབ་ཡང་སེ་ཕེབས་པ་བཞིན། འཛམ་གླིང་ཞི་བདེ་དང་གོ་ལ་གཅིག་འགྱུར་གྱི་འདུ་ཤེས་དགོས་ན། འཛམ་གླིང་ཀུན་ཁྱབ་གྱི་འགན་འཁུར་ཡོད་པའི་ཤེས་ཡོན་སྣེ་འཁྲིད་པ་གང་མང་ཡོད་དགོས། ཁོ་ཚོས་མི་རབས་གསར་པའི་གཞོན་སྐྱེས་རྣམས་སྣེ་འཁྲིད་དང་། སློབ་གསོའི་ཁ་ཕྱོགས་ནས་འཛམ་གླིང་ཁྱོན་ལ་རིམ་པས་ཤུགས་རྐྱེན་བཟང་པོ་ཞིག་བསྐྲུན་ཐུབ་པ་ཡིན།  དེར་བརྟེན་འཛམ་གླིང་ཀུན་ཁྱབ་གྱི་འགན་འཁུར་མི་རེ་ངོ་རེ་ལ་ཡོད་དགོས་པ་ནི་༸གོང་ས་མཆོག་གི་ཐུགས་རེ་ཡིན་སྟབས། ཤེས་ཡོན་སྤྲོད་མཁན་གྱི་དགེ་རྒན་རྣམས་ཀྱང་འཛམ་གླིང་ཀུན་ཁྱབ་གྱི་འགན་འཁུར་ཡོད་པའི་དགེ་རྒན་ཞིག་ངེས་པར་དུ་དགོས།

   མདོར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡིན་པས། ཁོང་གི་ཐུགས་ཀྱི་དགོངས་པ་ནི་གཞན་ཕན་དང་། སྙིང་རྗེ། སེམས་ཅན་གྱི་དོན་ཁོ་ན་གནང་མཁན་ཡིན་པར་བརྟེན། ཁོང་གི་དགོངས་པའི་དགེ་རྒན་ཡང་གཞན་ཕན། ལྷག་བསམ། སྙིང་རྗེ། ཉམས་མྱོང། བརྩེ་བའི་བདག་ཉིད་ཅན་སོགས་ཁྱད་ཆོས་མང་དག་ཅིག་ཚང་དགོས་པར་སྙམ། འོན་ཀྱང་། ང་ཚོ་ནི་རང་དོན་གྱི་བསམ་བློ་ཤུགས་ཆེ་བས་ཁོང་གི་དགོངས་པའི་དགེ་རྒན་བཞིན་དགེ་རྒན་ཚད་ལྡན་ཞིག་བྱེད་ཐུབ་ཀྱི་མེད། དེའི་རྐྱེན་པས་ང་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་གྱི་ཐོག་གཟེངས་སུ་ཐོན་པའི་འབྲས་བུ་ཞིག་བྱུང་ཐུབ་མེད། གང་ལྟར་ཡང་། ༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞེས་པ་བཞིན་ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་དགེ་རྒན་ཡག་པོ་ཞིག་བྱེད་རྒྱུ་ནི་ང་ཚོའི་ཕྲག་པར་འཁྲིས་པའི་ལས་འགན་ཞིག་ཡིན།

མཆན།

༡། ཕྱི་ལོ་ ༡༩༨༧ ལོར་དགེ་རྒན་འོས་སྦྱོང་བ་རྣམས་ལ་སྩལ་བའི་བཀའ་སློབ་ལས་དྲངས།
༢། ཕྱི་ལོ་ ༡༩༩༣ལོར་དགེ་འོས་ཁག་ལ་སྩལ་བའི་བཀའ་སློབ་ལས་དྲངས།
༣། ཕྱི་ལོ་ ༡༩༩༧ ལོར་དམའ་རིམ་དགེ་རྒན་རྣམས་ལ་སྩལ་བའི་བཀའ་སློབ་ལས་དྲངས།
༤། ཕྱི་ལོ་ ༡༩༩༧ ལོར་དམའ་རིམ་དགེ་རྒན་རྣམས་ལ་སྩལ་བའི་བཀའ་སློབ་ལས་དྲངས།
༥། ཕྱི་ལོ་ ༡༩༩༥ ལོར་མོན་གོ་སློབ་གྲྭར་སྩལ་བའི་བཀའ་སློབ་ལས་དྲངས།
༦། ཕྱི་ལོ་ ༡༩༩༦ ལོར་བལ་ཡུལ་རྣམ་རྒྱལ་དགེ་ལས་ལ་སྩལ་བའི་བཀའ་སློབ་ལས་དྲངས།
༧། ཕྱི་ལོ་ ༡༩༩༦ ལོར་བལ་ཡུལ་རྣམ་རྒྱལ་དགེ་ལས་ལ་སྩལ་བའི་བཀའ་སློབ་ལས་དྲངས།
༨། ཕྱི་ལོ་ ༡༩༩༤ལོར་མ་སོར་གཞིས་སྒར་སློབ་གྲྭར་སྩལ་བའི་བཀའ་སློབ་ལས་དྲངས།
༩། ཕྱི་ལོ་ ༡༩༩༥ ལོར་མོན་གོ་སློབ་གྲྭར་སྩལ་བའི་བཀའ་སློབ་ལས་དྲངས།
༡༠། ཕྱི་ལོ་ ༢༠༡༢ ཨོ་སི་ཊི་རི་ཡ་གྲོང་ཁྱེར་དུ་གནང་བའི་བཀའ་སློབ་ལས་དྲངས།