ཚེ་རིང་བཀྲ་ཤིས། བོད་དགེ།
གོ་པལ་པུར་བོད་ཁྱིམ་སློབ་གྲྭ།
༄༅། །བོད་མི་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་སྤྱི་དང། ཡང་སྒོས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། འགྲོ་བ་ཡོངས་ཀྱི་བླང་དོར་ལམ་སྟོན་པ། གངས་ལྗོངས་མང་གཙོའི་སྲོལ་འབྱེད། རང་ཅག་གངས་ཅན་པ་རྣམས་ཀྱི་འདི་ཕྱིའི་སྐྱབས་གནས་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག དོན་གྱི་སླད་དུ་མཚན་ཡོངས་སུ་སྨྲོས་ན་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་དགུང་གྲངས་དགུ་བཅུ་བཞེས་པའི་༸སྐུའི་གོ་སྟོན་གྱི་འཁྲུངས་སྐར་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་སེམས་ཀྱི་ཀློང་ནས་བཀྲ་ཤིས་བདེ་ལེགས་དང་འཚམས་འདྲི་ཞུ་རྒྱུ་ཡིན། རང་ཅག་བོད་མི་རྣམས་ལ་༸རྒྱལ་བའི་བཀའ་དྲིན་ནི་ནམ་མཁའ་ལས་རྒྱ་ཆེ་ཞིང། རྒྱ་མཚོ་ལས་གཏིང་དཔག་དཀའ་བ་ཞིག་ཡིན་པས་ང་ཚོས་༸རྒྱལ་བའི་བཀའ་དྲིན་གྱི་ཆ་ཤས་ཕྲ་མོ་ཙམ་ཡང་གཞལ་ག་ལ་ནུས། འོན་ཀྱང་ངོ་ཚ་དང་ཁྲེལ་གྱི་གོས་དང་བྲལ་བའི་བོད་མི་རེ་ཟུང་གིས་༸རྒྱལ་བའི་བཀའ་དྲིན་མ་ཚོར་བར་ཤེས་རྒྱུད་གདོན་འདྲེས་བརླམས་ནས་མཚན་སྨད་ཞུ་མཁན་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། གདོང་ལེན་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཞུ་རྒྱུ་ཡིན། ༸རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་པ་དང་། ཡི་རང་བསྔགས་བརྗོད་ཀྱི་སྒོ་ནས་གཙོ་བོ་རང་ཉིད་ཀྱིས་བསོད་ནམས་གསོག་པའི་སླད། ༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས་ཞེས་པའི་བརྗོད་གཞིའི་ཐོག་རང་ཉིད་ལ་རྣམ་དཔྱོད་ཀྱི་བློ་རྩལ་ཅུང་ཟད་ལས་མེད་ཀྱང་། མེ་ཏོག་ཆུང་ཡང་མཆོད་པའིི་རྫས་ཞེས་པ་ལྟར་གང་ཡོད་བཏོན་ནས་རྒྱ་མཚོ་ལས་ཆུ་ཐིགས་ཙམ་ཞིག་དོན་ཚན་དྲུག་གི་ཐོག་བྲི་བར་བྱ།
དགེ་རྒན་གྱི་གལ་གནད།
༡༽ ༸གོང་ས་མཆོོག་གི་དགོངས་པའི་དགེ་རྒན་གྱི་ཁྱད་ཆོས་གལ་འགངས་ཆེ་ཤོས་ཤིག་ནི། དགེ་རྒན་རང་བཞིན་བཟང་ལ་བཟོད་བསྲན་ཆེ་བ་ཞིག་དགོས།
༢༽ ༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས་གལ་ཆེ་ཤོས་གཞན་ཞིག་ནི། དགེ་བའི་བཤེས་གཉེན་དེ་ཤེས་བྱ་ཡོན་ཏན་གྱིས་ཕྱུག་ལ་སྨྲ་མཁས་ཤིང་། ཡིད་དྲང་བ་ཞིག་དགོས།
སྤྱིར་དགེ་རྒན་རྣམས་རང་གི་བསླབ་གཞིའི་སློབ་ཚན་གང་དང་གང་ཡིན་ཡང་དེའི་གནས་ལ་ཤེས་ཡོན་གྱིས་ཕྱུག་པ། རིག་གནས་གཞན་འགའ་ཞིག་གི་ཐོག་ལའང་གོ་རྟོགས་མི་དམན་པ་དགོས་རྒྱུ་གལ་ཆེ། ཡང་སྒོས་བོད་དགེ་རྣམས་བོད་ཀྱི་ཆོས་དང་སྐད་ཡིག །བརྡ་སྤྲོད། སྙན་ངག །ལོ་རྒྱུས་བཅས་ཀྱི་ཐོག་གོ་རྟོགས་ཡག་པོ་ཡོད་པ་ཞིག་ངེས་པར་དགོས། དེ་བཞིན་དབྱིན་ཇིའི་སྐད་ཡིག་ཐོག་ཕྱག་ལས་གནང་ཐུབ་ཅིང་རང་རྐྱ་འཕེར་བ་ཞིག་དགོས། སྨྲ་མཁས་པ་ནི་དགེ་རྒན་གྱི་ཁྱད་ཆོས་གལ་ཆེ་ཤོས་ཤིག་ཡིན་སྟབས། ༸རྒྱལ་བ་ལྔ་པ་ཆེན་པོས་བསླབ་བྱ་མུ་ཐི་ལའི་ཕྲེང་བ་ལས། གཏམ་འགོ་འཛུམ་བསུ་མཇུག་མ་དལ་གྱིས་ལོངས། །དགོས་དོན་ཕིགས་སྨྲ་འཚམ་ཞིང་མཛེས་པར་བརྗོད། །ཅེས་གསུངས་པ་ལྟར་དགེ་རྒན་རང་བཞིན་བཟང་ལ་རྣམ་འགྱུར་འཛུམ་བག་དང་ལྡན་ལ། ངག་འཇམ་ཞིང་སྐད་གདངས་དང་ཚིག་གི་ཐ་སྙད་དག་ཀྱང་གྲོང་ཚིག་གིས་མ་བསླད་པར་གཞན་གྱི་བློར་བབ་པས་འཚམ་པ། ངག་གི་སྒྱུ་རྩལ་དང་ལྡན་པའི་སྨྲ་མཁས་པ་ཞིག་དགོས། དེ་ནི་དགེ་རྒན་གྱི་ཁྱད་ཆོས་གལ་འགངས་ཆེ་ཤོས་དེ་རེད། དེ་འདྲ་མེད་ཀྱང་དེར་འབད་བརྩོན་གནང་རྒྱུ་གལ་ཆེ། རྒན་ལགས་རྣམ་པས་ཐ་སྙད་མང་དག་ཅིག་སྐད་ཡིག་གཞན་དང་གཞན་ཐོག་བེད་སྤྱོད་བྱེད་དགོས་ཀྱང་། གཙོ་བོ་སྐད་ཡིག་གང་གི་ཐོག་སློབ་འཁྲིད་གནང་གི་ཡོད་ཀྱང་ཕ་སྐད་དེ་རང་གི་ཐོག་བསྲེ་ལྷད་མེད་པར་བཀའ་མོལ་ལྷུག་པོ་དང་སྤུས་དག་པོ་གནང་ཐུབ་པ་ཞིག་དགོས་གལ་ཆེ། དགེ་རྒན་དེའི་རང་གཤིས་དྲང་ཞིང་བརྟན་པ་ཀུན་གྱིས་ཆ་འཇོག་འོས་པ་ཞིག་དགོས་སྙམ།
༣༽ དགེ་རྒན་དང་སློབ་ཕྲུག་བར་གྱིི་འབྲེལ་བ་འདི་གྲོགས་པོའི་འདུ་ཤེས་ལྟ་བུ་ཞིག་དགོས།
བོད་སྐད་དུ་དགེ་བའི་བཤེས་གཉེན་ཞེས་རྒྱང་རིང་པོ་དང་བླ་མ་ལྟ་བུ་ཞིག་ཏུ་བརྩི་མོད་ཀྱང། ལེགས་སྦྱར་གྱིི་ཐ་སྙད་དེ་སྒྲ་ཐད་བསྒྱུར་བྱས་ན་དགེ་བའི་གྲོོགས་པོ་ཞེས་པའི་དོན་ཡིན་པས། དགེ་སློབ་གཉིས་ཀས་དེ་ལྟར་འདུ་ཤེས་བཟུང་ན་སློབ་ཕྲུག་ཚོས་སློབ་འཁྲིད་སྐབས་ཉན་འཇོག་དང་དོ་སྣང་བྱེད་སྟངས་ལ་ཁྱད་པར་ཆེན་པོ་ཡོང་ངེས་རེད། དགེ་སློོབ་བར་གྱི་འབྲེལ་བ་འདི་ཇི་ཙམ་ཉེ་བ་དེ་ཙམ་གྱིས་སློབ་ཕྲུག་ལ་ཕན་ཐོགས་ཆེ་ཞིང་། དགེ་རྒན་ཡང་སེམས་སྐྱིད་པ་ཞིག་ཡོང་བ་གདོན་མི་ཟ། དེ་ལྟར་མ་ཐུབ་ན་ཧ་ཅང་ཉེ་བ་དང་ཧ་ཅང་རིང་པའི་མཐའ་གཉིས་སྤངས་ཏེ་འོས་འཚམས་ཀྱི་བློ་སེམས་ཉེ་བའི་འབྲེལ་བ་ཞིག་གཟུང་རྒྱུ་གནད་ཀྱི་དམ་པའོ། །
༤༽ སློབ་འཁྲིད་འཇུག་པོ་དང་གནད་ལ་ཕིགས་པོ་ཞིག་ཡོང་བར་གྲ་སྒྲིག་ཚད་ལྡན་གནང་མཁན། སློབ་ཕྲུག་ལ་བརྩེ་བ་དང་ལྡན་པའི་དགེ་རྒན་ཞིག་དགོས།
དགེ་རྒན་རྣམས་ཤེས་ཡོན་གྱིས་ཇི་ཙམ་ཕྱུག་ཀྱང་སྔོན་ཚུད་ནས་གྲ་སྒྲིག་ཚད་ལྡན་ཞིག་མ་གནང་ན་སློབ་འཁྲིད་ཟུག་པོ་དང་འཇུག་པོ་ཞིག་ཡོང་ཐབས་མེད། སློབ་འཁྲིད་གནད་ལ་ཕིགས་པོོ་ཞིག་ཡོང་བར་སྔོན་ཚུད་ནས་གྲ་སྒྲིག་ཚད་ལྡན་དང་འཛིན་གྲྭ་སྟངས་འཛིན་ཚུལ་མཐུན་གནང་ཐུབ་མཁན་ཞིག་དགོས་པ་སྨྲོས་ཅི་དགོས། དེ་ཡང་འཛིན་གྲྭ་ཀུན་ལ་གཅིག་མཚུངས་མིན་པར། འཛིན་གྲྭའིི་རིམ་པ་དང་སློབ་ཕྲུག་གི་ལོ་ཚད་དང་བསྟུན་གྱིན་ཐབས་ལམ་སྣ་ཚོགས་ཀྱིས་བྱེད་དགོས་མོད། དེ་དག་ཀུན་གྱི་ནང་ནས་གལ་འགངས་ཆེ་ཤོས་ནི། དབྱིན་ཇིའི་གཏམ་དཔེར། འཆར་གཞི་ཡག་པོ་བཏིང་ན་ལས་དོན་ཕྱེད་ཀ་གྲུབ།། ཅེས་དང། བོད་ཀྱི་གཏམ་དཔེར་ཡང་། ཚོང་མ་བརྒྱབས་རྩིས་བརྒྱབ།། ཅེས་པ་ལྟར། ལས་དོན་སྤྱི་དང་ལྷག་པར་དུ་དགེ་རྒན་གྱི་ཕྱག་ལས་འདི་སྔོན་ཚུད་ནས་འཆར་གཞི་ལྡན་པའི་གྲ་སྒྲིག་འཐུས་ཚང་ཞིག་གནང་ཡོད་ཚེ་དངོས་གནས་ལས་དོན་ཕྱེད་ཀ་ཏན་ཏན་གྲུབ་ཡོད། དེ་ལྟར་གནང་ཐུབ་ན་དགེ་རྒན་རང་ཉིད་ལ་རང་གིས་ངང་གིས་གདེང་སྤོབས་དང་གསོན་ཤུགས་འཕར་མ་ཞིག་འབྱུང་ངེས་ལ། དེ་ལྟར་མ་གནང་ན་འཛིན་གྲྭར་འགྲོ་འདོད་ཀྱི་སྤྲོ་སྣང་ཞན་ཅིང་། ལུས་ཀྱི་འཁྱེར་སོ་དང་ཐ་ན་འཛིན་གྲྭར་གོམ་པ་སྤོ་སྟངས་ཀྱང་ཉམས་དོད་པོ་ཞིག་ག་ལ་ཡོད། འཛིན་གྲྭའང་ཚུལ་མཐུན་ཞིག་སྟངས་འཛིན་བྱེེད་མི་ཐུབ་ཅིང་། སློབ་འཁྲིད་ཀྱང་འཇུག་པོ་གནད་ལ་ཕིགས་པ་ཞིག་དེ་བས་ཀྱང་མི་ཡོང་བ་ཆོས་ཉིད་རེད། དེར་བརྟེན་དགེ་རྒན་གྱིས་སློབ་ཕྲུག་ལ་བརྩེ་བས་ཀུན་ནས་བསླངས་ཏེ་དུས་ཚོད་མི་ཉུང་བ་ཞིག་བཏང་ནས་འཆར་གཞི་ལྡན་པའི་གྲ་སྒྲིག་འཐུས་ཚང་གནང་སྟེ། སློབ་འཁྲིད་གནང་དགོས་པ་ནི་ཆ་རྐྱེན་ཀུན་གྱི་ནང་ནས་གལ་འགངས་ཆེ་ཤོས་ཤིག་ཡིན་པ་བསྙོན་དུ་མེད།
༥༽ དགེ་རྒན་རྣམས་སློབ་འཁྲིད་ཀྱི་ཐབས་ལམ་གྱིས་ཕྱུག་ལ། སློབ་ཕྲུག་སྤྱི་དང་ལྷག་པར་སློབ་ཕྲུག་ཞན་པ་ཚོར་བློ་སྟོབས་སྤེལ་ཐུབ་མཁན་ཞིག་དགོས་པ་གལ་གནད་ཆེ།
སློབ་ཕྲུག་རྣམས་ཀྱི་རིག་སྟོབས་ཆེ་ཆུང་སྣ་ཚོགས་ཡོད་པས་ཀུན་ལ་མཐོང་ཆུང་དང་། ཁྱད་གསོད། ཟུར་ཟ་བཅས་སྤངས་ནས་ཉེ་རིང་མེད་པར་ཡིད་དྲང་ཞིང་བརྟན་པའི་ངང་སློབ་ཕྲུག་རྣམས་ཀྱི་ཁམས་དང་མོས་པ་དང་འཚམ་པའི་སློབ་འཁྲིད་གནང་ཐུབ་ཅིང་། རྩ་བའི་ནང་དོན་གཞི་རྩར་བཞག་སྟེ་སློབ་འཁྲིད་ཀྱི་ཐབས་ལམ་རེ་ཟུང་མིན་པར་ཡུལ་དུས་གནས་སྐབས་དང་བསྟུན་ནས། འཕྲུལ་ཆས་སོགས་ཅི་དགོས་བེད་སྤྱད་དེ་ཐབས་ལམ་སྣ་ཚོགས་པའི་ཐོག་ནས་བསླབ་ཐུབ་པ། དེ་དག་འཐུས་ཚང་གྲ་སྒྲིག་གནང་རྒྱུར་ཡང་སྐྱོ་ངལ་སྤངས་པ་སྟེ་ཡིད་ཐང་མི་ཆད་པ། དགེ་རྒན་རྣམ་པས་སློབ་ཕྲུག་རྣམས་ལ་ཡང་ཡང་འབྲི་ཀློག་དང་འགྲེལ་བརྗོད་བྱེད་ཏུ་འཇུག་རྒྱུ། མཚམས་རེར་སློབ་ཚན་འོས་ཤིང་འཚམ་པ་རེ་ཟུང་སློབ་འཁྲིད་ཀྱང་བྱེད་དུ་འཇུག་རྒྱུས་གཙོས་བྱེད་སྒོ་མང་ཙམ་སྤེལ་རྒྱུར་ཐབས་ཤེས་དང་འབད་བརྩོན་ཡང་ཡང་གནང་མཁན་གྱི་ཁྱད་ཆོས་དང་ལྡན་པ། སྤྱིར་བཏང་སློབ་ཕྲུག་དྲག་གྲས་རྣམས་རང་མགོ་ཐོན་ཅིང་དུས་ཚོད་དེ་ཙམ་གཏོང་མི་དགོས་ཀྱང་། གཙོ་བོ་སློབ་ཕྲུག་འབྲིང་དང་སྐྱོ་བ་དང་ཞན་ཤོས་རྣམས་ལ་དུས་ཚོད་གང་ཐུབ་བཏང་ནས་སློབ་འཁྲིད་དང་བློ་སྟོབས་སྤེལ་ཐུབ་མཁན་གྱི་ཁྱད་ཆོས་ལྡན་ལ་ཀུན་གྱི་མིག་དཔེར་འོས་པའི་དགེ་རྒན་ཞིག་དགོས་སྙམ།
༦༽ དགེ་རྒན་གྱིས་སློབ་འཁྲིད་བྱས་པ་ཙམ་མིན་པར་དུས་ནས་དུས་སུ་སློབ་གསོ་རྒྱག་ཐུབ་པའི་ཁྱད་ཆོས་ཡོད་དགོས། དེ་ནི་སློབ་འཁྲིད་འཐུས་ཚང་བསླབས་པ་ལས་ཀྱང་རིན་ཐང་ཆེ།
སྤྱིར་བཏང་སློབ་ཕྲུག་ཡོངས་དང་སྒོས་སུ་བོད་ཁྱིམ་གཉིས་ཀྱི་སློབ་གྲྭ་ལྟ་བུར་མཚོན་ན་ཕ་མ་ས་ཐག་རིང་བས་དགེ་རྒན་རྣམས་ཕ་མ་གཉིས་པ་ལྟ་བུར་གྱུར་ཡོད་སྟབས། གཟའ་འཁོར་གཉིས་གསུམ་ནང་འཛིན་གྲྭར་སྐར་མ་བཅུ་ཙམ་གྱི་སློབ་གསོ་ངེས་པར་བརྒྱབ་དགོས། ལྷག་པར་སློབ་ཕྲུག་ཁ་ཤས་ལ་དཀའ་ངལ་འཕྲད་པ་དང། སེམས་མ་སྐྱིད་པ། བློ་ཞུམ་པ། སློབ་གྲོགས་གཞན་གྱིས་བརྙས་བཅོས་བཏང་བ། ཡིག་རྒྱུགས་མ་འཕྲོད་པ་སོགས་ཀྱིི་སྐབས་དགེ་རྒན་གྱི་སློབ་གསོ་དེ་དག་རིན་ཐང་ཆེ། སློབ་ཕྲུག་རྣམས་ལ་གནས་སྐབས་དཀའ་ངལ་ཆེ་ཆུང་ཇི་ཙམ་འཕྲད་ཀྱང་དེ་དག་ལ་སེམས་ཤུགས་དང་སྙིང་སྟོབས་ཆེན་པོས་གདོང་ལེན་དང་མདུན་བསྐྱོད་ཀྱིས་རྣམ་པར་རྒྱལ་ཐུབ། བརྩེ་སེམས་ལྡན་པའི་ཕ་མ་དང་བཀའ་དྲིན་ཅན་གྱི་དགེ་རྒན། སྙིང་ཉེ་བའི་སློབ་གྲོགས་བཅས་ཀྱི་སློབ་གསོ་དེ་དག་ཕྲུ་གུར་ཞུམ་པ་མེད་པའི་སྟོབས་ཤུགས་དང། ཉམས་པ་མེད་པའི་གསོན་ཤུགས་ངོ་མ་དེ་ཡིན་པས་དགོས་མཁོའི་དུས་སུ་ངེས་པར་སློབ་གསོ་བརྒྱག་དགོས།
མདོར་ན། བོད་མི་རིགས་ཆགས་འཇིག་གི་མཚམས་འདིར་སློབ་ཕྲུག་རྣམས་གནའ་དེང་གི་ཤེས་ཡོན་གྱིས་ཕྱུག་ཅིང་། འདབ་གཤོག་གཉིས་ལྡན་ཞིག་ཡོང་ཐབས་དང་། ཕྱིའི་ཀུན་སྤྱོད་ཞི་ཞིང་དུལ་ལ་ནང་གི་རྣམ་དཔྱོད་གདེང་དང་ལྡན་པ། དེ་བཞིན་ཤེས་ཡོན་སྲིད་བྱུས་ལས། ཤེས་ཡོན་སློབ་སྦྱོང་སྤྲད་པའི་དམིགས་ཡུལ་གཙོ་བོ། སློབ་ཕྲུག་རྣམས་བླང་དོར་གྱི་གནས་ལ་ལེགས་ངེས་འབྱེད་ནུས་པ་དང་། བསམ་སྤྱོད་ཀྱི་རང་དབང་། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་བཞི་བསྐྲུན་ནུས་པ། ཕྱིས་སུ་སྤྱི་ཚོགས་ནང་རྡོག་ཁྲེས་ལྟ་བུ་མ་ཡིན་པར་གསར་གཏོད་དང་བསམ་ཚུལ་གསར་པ་སྐྲུན་ཐུབ་མཁན། རང་ཉིད་ཀྱིས་འགན་འཁྲི་འཁྱེར་ཐུབ་ཅིང་། ན་གཞོན་གཞན་ལའང་ལམ་སྟོན་དང་སློབ་གསོ་བརྒྱག་ཐུབ་པ། ༸རྒྱལ་བའི་དགོངས་པ་ལྟར་སློབ་ཕྲུག་རྣམས་རང་བཞིན་བཟང་ལ་ལུས་ཁམས་བདེ་བ། རྒྱལ་ཁབ་གཞན་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་པ། བོད་རྒྱལ་ཁབ་དང་མི་རིགས་ལ་ལ་རྒྱ་དང་རྒྱལ་ཞེན་ཅན་བསྐྲུན་རྒྱུའི་ནུས་པ་དང་ལྡན་པའི་དགེ་རྒན་རྣམ་དཔྱོད་དང་ལྷག་བསམ་གྱིས་ཕྱུག་པ། དེ་འདྲ་ཡོང་ཐབས་ཆེད་ལམ་སྟོན་དང་སློབ་གསོ་བརྒྱག་ཐུབ་པ། རང་ཉིད་ཀྱིས་ཀྱང་དེ་ལྟར་བཅོས་མིན་གྱིས་འབད་བརྩོན་གནང་མཁན་ཞིག་དགོས། ལྷག་པར་བླང་དོར་གྱི་གནས་ལ་འཇུག་ལྡོག་བྱེད་ནུས་པའི་རྣམ་དཔྱོད་ཀྱི་བློ་རྩལ་ལྡན་པའི་སློབ་ཕྲུག་སྐྲུན་ཐབས་ཀྱི་དགོངས་ཡངས་དཀྱེལ་ཆེའི་རྣམ་དཔྱོད་ཀྱི་བློ་རྩལ་ལྡན་པ་ཞིག་དགོས་སྙམ།
མཐའ་དོན། གཞིས་བྱེས་བོད་མི་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྲངས་མེད་དང་བཅས་ཀུན་དགེའོ།། །།
ད་བར་དཔྱད་མཆན་མེད།