ཚེ་རིང་མགོན་པོ། དགེ་ཆེ།
སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།
རང་གཞན་ཀུན་བདེ་སྐྱིད་འདོད་ཅིང་སྡུག་བསྔལ་མི་འདོད་པར་སོང་བདེ་སྐྱིད་སྒྲུབ་བྱེད་ཀྱི་རྒྱུ་ཉམས་སུ་བླངས་པ་དང་། སྡུག་བསྔལ་འདོར་བྱེད་ཀྱི་རྒྱུ་ཡང་དག་པར་སྤོང་བ་སྟེ། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པའི་ཤེས་རབ་རྒྱུད་ལ་སྐྱེ་དགོས་ཤིང་། དེ་ཡང་། “ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ།།” ཞེས་གསུངས་པ་ལྟར་ལེགས་ཚོགས་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་གཙོ་བོ་ནི་དགེ་རྒན་ཡིན་པར་བརྟེན། དགེ་རྒན་ཞེས་པ་དེ་རང་དང་གཞན། སྒེར་དང་སྤྱི་ཚོགས་བཅས་ཚང་མར་ཧ་ཅང་གི་གལ་གནད་ཅན་ཞིག་ཡིན། ལེགས་ཉེས་རྣམ་པར་འབྱེད་པའི་ཤེས་རབ་ཡང་དག་པ་དེ་དགེ་རྒན་ཞིག་གི་སྐུ་དྲུང་ནས་རིག་པའི་གཞུང་ལུགས་རྣམས་ཐོས་པ་དང་། ཐོས་པའི་དོན་དེ་ཡང་ཡང་བསམ་ཞིང་བསྒོམས་པར་བྱས་པ། དེ་ལྟར་གོམས་འདྲིས་བྱས་ཏེ་གང་སྦྱངས་པའི་ཤེས་ཡོན་དེས་རང་དང་གཞན། སྤྱི་ཚོགས་བཅས་སུ་ཕན་བདེ་སྒྲུབ་ཐུབ་པ་ཞིག་དགོས་པ་ལགས། འོ་ན་༸རྒྱལ་བའི་དགོངས་པ་དང་མཐུན་པར་དགེ་རྒན་ལ་ཁྱད་ཆོས་གང་དང་གང་ཚང་དགོས་སམ་ཞེ་ན།
༡༽ དང་ཐོག་དགེ་རྒན་བྱེད་འདོད་ཀྱི་འདུན་པ་རྨ་མེད་པ་ཞིག་དགོས།
དགེ་རྒན་ཞེས་པ་དེ་མིག་མེད་ཀྱི་སྐྱེ་བོར་མིག་སྦྱིན་མཁན་ལྟ་བུ་ཞིག་དང་རླབས་ཆེན་གྱི་བྱ་བ་སྒྲུབ་མཁན་ཞིག་སྟེ། དགེ་རྒན་གྱི་བྱ་བ་དེ་འཚོ་བ་དོན་གཉེར་གྱི་ཆེད་དུ་མིན་པར་རྒྱལ་ཁབ་ཅིག་དང་འབྱུང་འགྱུར་ཞི་བདེ་ཅན་གྱི་འཛམ་གླིང་གསར་པ་སྐྲུན་མཁན་ཞིག་གསོ་སྐྱོང་བྱེད་མཁན་ཡིན་པ་ངོས་འཛིན་དགོས་པ་དང་། དེའི་ཕྱིར་དགེ་རྒན་གྱི་བྱ་བ་དོན་དུ་གཉེར་འདོད་ཀྱི་འདུན་པའི་རྦ་རླབས་དྲག་ཏུ་འཕྱུར་བ་ཞིག་དགོས།
༢༽ ཐོག་མར་དགེ་རྒན་རང་ཉིད་ལ་ཤེས་ཡོན་ཚད་དང་ལྡན་པ་ཞིག་དགོས།
དགེ་རྒན་རང་ཉིད་གང་བསླབ་པར་བྱ་བའི་སློབ་ཚན་ལ་མཁས་པ་ཞིག་དང་། དེང་གི་ལམ་ལུགས་དང་མཐུན་པ་དགེ་རྒན་འོས་སྦྱོང་གི་སློབ་མཐར་སོན་པ་ཞིག་དགོས་པ་མ་ཟད་སློབ་འཁྲིད་བྱེད་སྐབས་སློབ་དེབ་གཅིག་པོ་ལ་བསྙེས་བསྡད་པ་མིན་པར། སློབ་དེབ་ལ་ཕར་དབང་བསྒྱུར་བྱེད་ཐུབ་པའི་ཤེས་ཚད་ཡང་དག་ཅིག་དགོས་པར་གལ་འགངས་ཤིན་ཏུ་ཆེ། སློབ་དེབ་ལ་ཕར་དབང་བསྒྱུར་བྱེད་ཐུབ་པ་ཞེས་པའི་དོན་ཡང་སློབ་དེབ་ནང་གསལ་གྱི་ཚིག་དོན་རྣམས་འཁྲུལ་མེད་དུ་འགྲེལ་བརྗོད་ཐུབ་པ་ཞིག་དང་། སློབ་དེབ་དཔར་བསྐྲུན་སྐབས་ཡིག་ནོར་སོགས་ཡོང་སྲིད་པས་དེ་ལྟར་ཡོད་ཚེ་རིག་པའི་གཞུང་ལུགས་དང་མ་འགལ་བར་ཡིག་ནོར་ཡིན་པ་འགྲེལ་བརྗོད་ཐུབ་པ་ཞིག་དགོས།
༣༽ དགེ་རྒན་རང་ཉིད་སློབ་ཕྲུག་རྣམས་ལ་དམིགས་པའི་བརྩེ་བ་དང་ལྷག་བསམ་གྱིས་ཕྱུག་པ་ཞིག་དགོས།
རྒན་ལགས་ལ་སློབ་ཕྲུག་རྣམས་ལ་དམིགས་པའི་བྱམས་བརྩེ་དང་ལྷག་བསམ་གྱི་གོ་ཆ་བཙན་པོ་ཡོད་ན་སློབ་ཕྲུག་རྣམས་ལ་ཐབས་ཤེས་གང་ཡོད་ཀྱིས་སློབ་འཁྲིད་ཡང་དག་བྱེད་པར་ངེས། དཔེར་ན། ཨ་མས་རང་ཉིད་ཀྱི་ཕྲུ་གུར་བྱམས་པ་དང་བརྩེ་བ་ཇི་ཙམ་ཡོད་པ་དེའི་ཚོད་ཀྱིས་ཕྲུ་གུའི་མདུན་ལམ་བཟང་པོ་བསྐྲུན་པའི་ཆེད་དུ་ཐབས་ཤེས་ཡོད་རྒུ་རྩལ་འདོན་བྱེད་པ་བཞིན་ནོ། དེ་འབྲེལ་སློབ་འཁྲིད་བྱེད་སྐབས་སློབ་ཕྲུག་གིས་སློབ་སྦྱོང་མ་བྱས་པ་དང་སློབ་སྦྱོང་མ་ཤེས་པའི་དཀའ་ངལ་སོགས་མི་མཐུན་ཕྱོགས་ཀྱི་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་དགེ་རྒན་རང་ཉིད་ལ་བྱམས་བརྩེ་དང་ལྷག་བསམ་གྱི་གོ་ཆ་བཙན་པོ་ཡོད་ན། ཡི་ཐང་ཆད་པ་སོགས་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་ཤིང་ཞུམ་པ་མེད་པའི་སྙིང་སྟོབས་སྔར་ལྷག་བསྐྱེད་ངེས་པ་ཡིན། དགེ་རྒན་རང་ཉིད་ལ་སློབ་སྦྱོང་ཇི་ཙམ་ཡོད་ཀྱང་སློབ་འཁྲིད་བྱེད་པའི་ལྷག་བསམ་དང་བྱམས་བརྩེ་སོགས་ཀྱི་གྲོགས་དང་ལྡན་པའི་རྒྱུའི་ཀུན་སློང་ཡང་དག་ཅིག་མེད་ན་སློབ་ཕྲུག་རྣམས་ཀྱི་མ་འོངས་མདུན་ལམ་ལ་སྨན་པའི་ཤེས་ཡོན་གྱི་མྱུ་གུ་བཟང་པོ་བསྐྲུན་ཐབས་བྲལ། བྱམས་བརྩེ་དང་ལྷག་བསམ་ལྡན་པའི་རྒྱུའི་ཀུན་སློང་བཟང་པོའི་ཐོག་སློབ་འཁྲིད་བྱས་པ་ཡིན་ན། སློབ་ཕྲུག་ཚོའི་མ་འོངས་མདུན་ལམ་གྱི་མཁའ་དབྱིངས་སུ་གྲུབ་འབྲས་འོད་སྟོང་འབར་བ་འབྱུང་བ་གདོན་མི་ཟ། རྒྱུ་མཚན་ནི་དེང་དུས་ཚན་རིག་པ་རྣམས་ཀྱིས་ཞལ་ལག་བཟོ་མཁན་མ་བྱན་གྱིས་ཀུན་སློང་དང་བསམ་པ་བཟང་པོའི་ཐོག་ཞལ་ལག་བཟོས་པ་ཡིན་ན་ཞལ་ལག་རོ་བཅུད་ལྡན་པ་ཡོང་གི་ཡོད་གསུངས་ཀྱི་ཡོད་པ་བཞིན་ཡིན། དེའི་ཕྱིར་དགེ་རྒན་རང་ཉིད་སློབ་ཕྲུག་ལ་དམིགས་པའི་ལྷག་བསམ་དང་བྱམས་བརྩེ་སོགས་ཀྱི་གྲོགས་དང་ལྡན་པའི་རྒྱུའི་ཀུན་སློང་ཡང་དག་ཅིག་དགོས་པ་གནད་ཀྱི་དོན་པོར་ལགས།
༤༽ དགེ་རྒན་གྱི་ཤེས་ཚད་དང་ཉམས་མྱོང་ཉིན་རེ་བཞིན་ཡར་རྒྱས་གཏོང་དགོས།
དགེ་རྒན་རང་ཉིད་ཀྱིས་སློབ་འཁྲིད་མ་བྱས་པའི་སྔོན་དུ་གྲ་སྒྲིག་འཐུས་སྒོ་ཚང་བ་དགོས་ཤིང་། དེའི་རྗེས་སུ་སློབ་འཁྲིད་བྱས་པའི་ཉམས་མྱོང་གི་བརྒྱུད་རིམ་ལས་སློབ་ཕྲུག་ལ་ཇི་ཙམ་ཕན་ཐོགས་ཡོད་མེད་རྟོག་ཞིབ་ཀྱིས་ཤེས་ཡོན་གྱི་གནས་ཚད་དང་སློབ་ཐབས་ཡར་རྒྱས་གཏོང་དགོས་ཤིང་། དེ་ལྟར་བྱུང་ན་དགེ་རྒན་རང་ཉིད་ཀྱི་ཤེས་ཡོན་དང་ཉམས་མྱོང་། སློབ་འཁྲིད་ཀྱི་རྩལ་ཇེ་རྒྱས་སུ་འགྲོ་བ་དང་། དེ་ལྟར་འགྲོ་བས་སློབ་ཕྲུག་རྣམས་ཀྱི་མ་རིག་པའི་མུན་པ་སེལ་ཞིང་ཤེས་ཡོན་གྱི་འོད་སྣང་ཕྱོགས་བརྒྱར་འཕྲོ་བར་ངེས།
༥༽ རྒན་ལགས་ཀྱིས་སློབ་ཕྲུག་མི་རེ་ངོ་རེའི་གནས་སྟངས་རྒྱུས་ལོན་ཡག་པོ་དགོས་པ།
རྒན་ལགས་ཀྱིས་སློབ་འཁྲིད་གནང་སྐབས་གང་བསླབ་པར་བྱ་བའི་ཡུལ་སློབ་ཕྲུག་གི་ཁམས་དང་མོས་པ། བསམ་སྤྱོད། ཤེས་ཡོན་གྱི་གནས་ཚད་བཅས་ཇི་ཙམ་ཡོད་མེད་མཁྱེན་རྟོགས་དགོས་པ་ཤིན་ཏུ་གལ་ཆེ་བ་སྟེ། ཁམས་དང་མོས་པ་བསམ་སྤྱོད། ཤེས་ཡོན་གྱི་གནས་ཚད་བཅས་མཁྱེན་རྟོགས་ཡག་པོ་བྱུང་ན་དེ་ལ་དཔགས་པའི་སློབ་གསོ་དང་ཤེས་ཡོན་སློབ་འཁྲིད་ཀྱི་འཇུག་པ་སྤུས་ཚད་ལྡན་པར་འགྱུར་ངེས་ཡིན། གཞན་ཡང་སློབ་ཕྲུག་རྣམས་ཀྱི་རྒྱབ་ལྗོངས་ཏེ་ཕ་མ་དང་ནང་མིའི་གནས་སྟངས་མཁྱེན་རྟོགས་དགོས་པ་གལ་འགངས་ཆེ་བ་སྟེ། ཕ་མ་ཁ་བྲལ་དང་ནང་མིའི་གནས་སྟངས་ཞན་པ་སོགས་ཀྱི་དཀའ་ངལ་གྱི་རྐྱེན་པས་སློབ་ཕྲུག་གི་གཤིས་སྤྱོད་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་ཡིན། མདོར་ན། དགེ་རྒན་རང་ཉིད་ལ་གང་བསླབ་པར་བྱ་བའི་སློབ་ཕྲུག་གི་ཁམས་དང་མོས་པ། གཤིས་སྤྱོད་དང་རྒྱབ་ལྗོངས་བཅས་རྒྱུས་མངའ་ཡོད་པ་ཞིག་དགོས་ཀྱི་ཡོད། དཔེར་ན། སྨན་པས་ནད་པ་གང་ཞིག་གི་ན་ཚ་དེའི་རྒྱུ་དང་རྐྱེན། ངོ་བོ་སོགས་གང་ཡིན་པ་ཇི་བཞིན་ཤེས་ན་ནད་པར་སྨན་གང་ཞིག་སྤྲད་དགོས་པ། ཁ་ཏ་བསླབ་བྱ་གང་ཞིག་བརྒྱབ་དགོས་ཡོད་མེད་ཤེས་རྟོགས་ཡོང་བར་ཕན་རླབས་ཆེ་བ་བཞིན་ནོོ།།
༦༽ དགེ་རྒན་རང་ཉིད་སློབ་མ་དབུས་གཞག་གི་སློབ་ཐབས་ལ་མཁས་པ་ཞིག་དགོས།
སློབ་མ་དབུས་གཞག་གི་ལྟ་གྲུབ་དེ་དུས་རབས་ ༡༧ དང་ ༡༨ ཙམ་ལ་དར་བ་ནས་བཟུང་ད་ལྟའི་བར་དུུ་སློབ་མ་དབུས་སུ་བཞག་པའི་སློབ་ཐབས་ཧ་ཅང་གི་ཡར་རྒྱས་ཕྱིན་ཡོད་པ་དེ་དག་མཁྱེན་རྟོགས་ཡོད་པ་དགོས། དགེ་རྒན་རང་ཉིད་ཀྱི་འདོད་མོས་ལ་གཞི་མ་བཞག་པར་སློབ་ཕྲུག་ལ་ཕན་ཐོགས་ཡོད་མེད་བརྟགས་ནས་སློབ་ཐབས་སྤྱོད་གལ་ཆེ་བ་དང། སློབ་ཕྲུག་རྣམས་རིག་སྟོབས་དང་འཚོ་བའི་གནས་སྟངས། ཕ་མ་དང་ནང་མིའི་རྒྱབ་ལྗོངས་སོགས་གཅིག་མཚུངས་མེད་པར་བརྟེན་སློབ་འཁྲིད་བྱེད་སྟངས། སློབ་གསོ་རྒྱག་སྟངས་སོགས་ཀྱང་མི་འདྲ་བ་སྤྱོད་དགོས། དཔེར་ན། ན་ཚ་མི་འདྲ་བ་སོ་སོ་ལ་སྨན་ཡང་མི་འདྲ་བ་སོ་སོར་སྤྱོད་བཞིན་པ་ལྟར་རོ།།
༧༽ དགེ་རྒན་རང་ཉིད་ཚད་མཐོའི་རང་བཞིན་ཅན་གྱི་སློབ་མ་དབུས་གཞག་གི་སློབ་ཐབས་ལ་མཁས་པ་ཞིག་དགོས།
ནང་པ་ཞིག་དང་ཐེག་པ་ཆེན་པོའི་ཆོས་ཀྱི་རྗེས་འཇུག་པ་ཡིན་པའི་ཆ་ནས་ཚད་མཐོའི་རང་བཞིན་ཅན་གྱི་སློབ་མ་དབུས་གཞག་གི་སློབ་ཐབས་ལ་མཁས་པ་ཞིག་དགོས་པ་སྟེ་འདུ་བའི་དངོས་པོ་བཞི་ལ་སོགས་པའི་སྒོ་ནས་སློབ་ཕྲུག་གཅེས་སྐྱོང་བྱེད་ཐུབ་པ་ཞིག་བྱུང་ན་དགེ་མཚན་ཤིན་ཏུ་ཆེ། ཐེག་པ་ཆེན་པོའི་དབང་དུ་བྱས་ན་སེམས་ཅན་གཞན་གྱི་ཕན་བདེ་ཡང་དག་པ་བསྒྲུབ་པར་སེམས་ཅན་གྱི་ཁམས་དང་མོས་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དགོས་ཀྱི་ཡོད། དེ་ལྟ་བུའི་སློབ་མ་དབུས་གཞག་གི་སློབ་ཐབས་འདི་གནའ་སྔ་མོ་ནས་ཡོད་བསྡད་པ་ཞིག་སྟེ། སློབ་ཕྲུག་གི་ཁམས་དང་མོས་པ། བསམ་པ་བག་ལ་ཉལ་ཇི་ལྟ་བ་བཞིན་ཤེས་པར་ཐོག་མར་རང་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་དགོས་ཤིང་། དེའི་རྗེས་སུ་གཞན་ལ་སློབ་སྟོན་བྱས་པ་ཡིན་ན་དགེ་ཕྲུག་གི་ཁམས་དང་མོས་པ་ལ་གཞིགས་པའི་སྤང་བླང་གི་འཇུག་ལྡོག་ཕྱིན་ཅི་མ་ལོག་པར་སློབ་སྟོན་གནང་ཐུབ་ཀྱི་ཡོད། གཞན་གྱི་དོན་སྒྲུབ་པའི་ཆེད་དུ་ཐོག་མར་རང་ཉིད་སངས་རྒྱས་དགོས་པའི་གནད་ཀྱང་འདི་ཉིད་ཡིན་པར་སེམས། དུས་རབས་ ༡༧ དང་ ༡༨ ཙམ་ལ་དར་བའི་ནུབ་ཕྱོགས་པའི་སློབ་མ་དབུས་སུ་བཞག་པའི་སློབ་ཐབས་གཞིར་གཟུང་ན། དགེ་རྒན་དང་སློབ་ཕྲུག་བར་གྱི་འབྲེལ་བ་སྟེ་དགེ་སློབ་ཀྱི་བྱམས་བརྩེའི་འབྲེལ་བ་དེ་ཡང་ཚེ་འདི་ཙམ་གྱི་འབྲེལ་བ་ཡིན་པ་དང། ཐེག་པ་ཆེན་པོའི་གཞུང་ལུགས་ནས་བྱུང་བའི་སློབ་མ་དབུས་གཞག་གི་སློབ་ཐབས་ལྟ་བུའི་དབང་དུ་བྱས་ན་ཚེ་འདི་ཙམ་མིན་པར་སྐྱེ་བ་ནས་ཚེ་རབས་བར་གྱི་འབྲེལ་བའི་གཞི་བརྟན་པོ་ཚུགས་པ་ཞིག་ཡིན། དེ་ཡང་། “སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། བྲལ་མེད་ཆོས་ཀྱི་དཔལ་ལ།” ཞེས་གསུངས་པ་ལྟར། ཚེ་རབས་མང་པོའིི་བར་དགེ་སློབ་གྱི་བྱམས་བརྩེའི་འབྲེལ་བ་སོགས་རྒྱུན་མ་ཆད་པར་གནས་ཀྱི་ཡོད། དེའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ཁས་ལེན་མཁན་ཞིག་ཡིན་པར་བརྟེན་ང་ཚོའི་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་འདི་སྐྱེ་བ་མང་པོར་དམིགས་ཐུབ་པ་ཞིག་དང་། བྱམས་པ་དང་བརྩེ་བ། བཟོད་བསྲན་དང་ལྷག་བསམ་སོགས་ཡང་དག་པ་ཞིག་དགོས་ གལ་ཆེ། གཞན་ཡང་མར་པ་ལོ་ཙཱ་བ་ཆེན་པོ་མཆོག་གིས་རྗེ་བཙུན་མི་ལ་རས་པ་ལ་སློབ་འཁྲིད་གནང་ལུགས་དེ་ཡང་ཚད་མཐོའི་རང་བཞིན་ཅན་གྱི་སློབ་མ་དབུས་གཞག་གི་སློབ་ཐབས་ཁོ་ན་ལས་མ་འདས་སོ།།
༨༽ རྒན་ལགས་ཀྱི་སྒོ་གསུམ་གྱི་སྤྱོད་པ་གང་ལེགས་དགོས་པ།
རྒན་ལགས་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་གང་ལེགས་ཡོད་ན་རྒན་ལགས་ཀྱིས་སློབ་ཕྲུག་རྣམས་ལ་སློབ་གསོ་རྒྱག་དུས་སློབ་ཕྲུག་གིས་ཉན་འཇོགས་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་པ་སྟེ་སློབ་ཕྲུག་གི་མིག་དཔེ་བཟང་པོ་ཞིག་ཏུ་འགྱུར་གྱི་ཡོད། སློབ་ཕྲུག་གི་སེམས་རྒྱུད་འདུལ་བར་བྱེད་པ་ལ་ཐོག་མར་རྒན་ལགས་རང་ཉིད་ཀྱི་སེམས་རྒྱུད་དུལ་བ་ཞིག་དགོས་ཀྱི་ཡོད། དེ་ཡང་རྗེ་ཙོང་ཁ་པ་ཆེན་པོོ་མཆོག་གིས་“རང་མ་དུལ་བས་གཞན་འདུལ་བའི་གནས་མེད་པར་གསུངས་པས་གཞན་འདུལ་བའི་བླ་མ་དེས་ཐོག་མར་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ་”ཞེས་གསུངས་ཡོད། དགེ་རྒན་གྱིས་ཤེས་ཡོན་སྤྲད་པ་དེས་སློབ་ཕྲུག་གི་སྒོ་གསུམ་ཀྱི་ཀུན་སྤྱོད་བཟང་པོ་བཟོ་ཐུབ་པ་དགོས་གལ་ཆེ། དེ་ལྟར་མ་བྱུང་ན་ཤེས་ཡོན་སྤྲད་པ་དེ་རང་དང་གཞན། སྤྱི་ཚོགས་བཅས་ཀྱི་ཕན་བདེ་སྒྲུབ་པའི་རྒྱུར་འགྲོ་བ་ཤིན་ཏུ་དཀའ། དེའི་ཕྱིར་རྒན་ལགས་ཀྱི་སྒོ་གསུམ་གྱི་སྤྱོད་པ་གང་ལེགས་དགོས་པ་གལ་གནད་ཅན་ཞིག་ཏུ་གྱུར་ཡོད། མདོར་ན། དགེ་རྒན་ཞེས་པ་དེ་བསླབ་བྱའི་སློབ་ཚན་ལ་མཁས་པ་ཞིག་དང། སྒོ་གསུམ་གྱི་ཀུན་སྤྱོད་དང་བྱམས་བརྩེ། ལྷག་བསམ་ཡང་དག་པ་ཞིག་དགོས་ཤིང་། དེང་དུས་ཀྱི་ལམ་ལུགས་དང་མཐུན་པ་དགེ་འོས་དང་སློབ་མ་དབུས་གཞག་གི་སློབ་ཐབས་ལ་མཁས་པ་བཅས་དགོས་པར་མ་ཟད་རང་ཉིད་ནང་པ་དང་ཐེག་པ་ཆེན་པོའི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས་གོང་ཞུས་ལྟར་ཚད་མཐོའི་རང་བཞིན་ཅན་གྱི་སློབ་མ་དབུས་གཞག་གི་སློབ་ཐབས་ལ་མཁས་པ་ཞིག་དགོས་སོ།།
ཚེ༵་རབས་དུ་མར་འཁོར་བར་འཁྱམས་པའི་རི༵ང་།།
རི༵ང་ནས་ལས་སྨོན་བཟང་པོས་ཐེག་ཆེན་མགོ༵ན།།
མགོ༵ན་མེད་བདག་གིས་མཇལ་ཀྱང་དུག་གསུམ་པོ༵།།
པོ༵་ཏི་བཞིན་དུ་བཀུར་པོ་བདག་གིས་བྲིས།།
ད་བར་དཔྱད་མཆན་མེད།